ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱུང་པོའི་གདུང་རབས་དང་འབྲེལ་བའི་སྟག་སླག་ཅན་གྱི་མཛད་རྣམ་རགས་བསྡུས།

ཁྱུང་པོའི་གདུང་རབས་དང་འབྲེལ་བའི་སྒོ་ནས་སྟག་སླག་ཅན་གྱི་མཛད་རྣམ་རགས་བསྡུས། 

 ཤོ་ཁྲི་རྒྱལ། ཀོ་རྒྱལ་དགོན།

རིགས་སྣང་འོད་ཀྱི་བརྡ་ལས་མངོན་འཕྲུལ་བ། །རིགས་བརྒྱའི་ཀླད་ན་འཕགས་པ་ཁྱུང་གི་སྡེ། །རིགས་བཟང་དབྲ་སེར་གདུང་འཛིན་དབལ་གྱི་གཤེན། །རིགས་བདག་སྟག་ལའི་རྣམ་རོལ་སྟག་བུ་རྒྱལ།།

ཞེས་ཟོལ་མེད་མཆོད་ཚིག་དང་བས་ཡིད་བསྐུལ་ཏེ། གང་ཞུ་བར་བྱ་བ་ནི་ད་ལན་ཁྱུང་པོའི་གདུང་རབས་དང་འབྲེལ་བའི་སྒོ་ནས་སྟག་སླག་ཅན་གྱི་མཛད་རྣམ་རགས་བསྡུས་ཤིག་འཆད་ལ་སྤྲོ་བས། ཐོག་མར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདུང་རྒྱུད་གྲོལ་ཚུལ་སྤྱི་ཙམ་དང་། དེ་ནས་དབྲ་ཁྱུང་སྟག་སླག་ཅན་གྱི་སྐུ་ཚེའི་མཛད་པ། ཁོང་གི་སྙན་གཏེར་གསུང་འབུམ་གྱི་དཀར་ཆག་ངོ་སྤྲོད་སོགས་རིམ་གྱིས་ཞུ་བའོ།།

དང་པོ་སྤྱིར་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་དབུ་བརྙེས་ནས་བཟུང་ད་བར་མི་ལོ་ ༡༨༠༢༩ ཡན་སོང་ཟིན་པའི་ལོ་རྒྱུས་ཀྱི་རིང་ལ་བསྟན་པ་དེ་ཉིད་ཤུལ་འཛིན་བྱེད་མཁན་བསྟན་འཛིན་གྱི་སྐྱེས་བུ་བགྲང་ལས་འདས་པ་བྱོན་པའི་ནང་ནས་ཀྱང་གཙོ་བོ་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། ཀླད་ན་ལྡིང་བའི་ཁྱུང་དང་དྲུག ཅེས་རྒྱལ་རིགས་གཤེན་དང་།དཔལ་ལྡན་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་གི་གདུང་རྒྱུད་དང་དྲུག་སོགས་རིགས་རུས་སྣ་ཚོགས་ལས་བྱོན་པའི་སྐྱེས་མཆོག་དག་གིས་གཤེན་བསྟན་ཉམས་མེད་ཡུན་རིང་དུ་སྐྱོངས་གནང་བའི་བཀའ་དྲིན་ཡིད་ངོར་གསལ་བཞིན་རྗེས་དྲན་གྱི་ཚུལ་གྱིས་དམ་པ་ཁྱུང་གི་གདུང་རབས་ཀྱི་བྱུང་བ་མདོར་ཙམ་བརྗོད་ན།སྤྱིར་ཁྱུང་རབས་འདི་ལ་བཤད་སྟངས་མི་འདྲ་བ་དུ་མ་ཞིག་ཆགས་ཡོད་འདུག་ནའང་།གཙོ་བོ་ཁྱུང་རབས་གོང་སྔོན་མ་དང་། མ་ཡིག་གཡུ་མགོ་མ། གདུང་རབས་གསེར་སྒམ་མ་འདི་གསུམ་ལ་ཁྱུང་པོའི་མ་ཡིག་རྣམ་གསུམ་ཞེས་གྲགས་ཆེ་བ་དང་། གཞན་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་”ཁྱུང་པོ་རྒོད་ཚང་གི་གདུང་རབས་ལོ་རྒྱུས”ཁྱུང་དཀར་ལྷ་མཆོག་རྒྱལ་གྱིས་མཛད་པའི་”དབྲ་དཀར་ཁྱུང་པོའི་གདུང་རབས་རྣམ་དག་ཤེལ་ཕྲེང་”སོགས་སྔར་གྱི་ཁྱུང་རབས་ཁག་དང་དེ་དག་གཞི་བཅོལ་ནས་བྱས་པའི་ཕྱིས་བྱུང་གི་ཁྱུང་རབས་ལོ་རྒྱུས་དུ་མ་ཞིག་ཡོད་འདུག དེ་དག་ཀུན་ལོ་ཚིགས་དང་ས་ཆ་འཆད་ཚུལ་སོགས་ཞལ་མཐུན་པའི་ལོ་རྒྱུས་ཤིག་རྙེད་པར་དཀའ་ཕྱིར་དེའི་དོན་མཐའ་ཆོད་ཀྱི་སྡོམ་ཚིག་འཇོག་ཐུབ་པར་དཀའ་མོད། སྤྱིའི་ཆ་ནས་བསམ་བློ་གཏོང་ན། ཁྱུང་པོའི་གདུང་བརྒྱུད་འདི་ཉིད་སྟོན་པ་བྱོན་པའི་ཡུན་དང་མཉམ་པར་བཤད་པ་ཡོད་ཀྱང་མ་མཐའ་བོད་རྒྱལ་ཐོག་མ་གཉའ་ཁྲི་མ་བྱོན་གོང་ནས་བྱུང་ཡོད་པ་ནི་བོད་རྒྱལ་གཉའ་ཁྲི་ནས་སེང་ཁྲིའི་བར་གྱི་བླ་ཡི་མཆོད་གནས་སུ་ལྷ་ཁྱུང་རྒྱལ་དང་མི་ཁྱུང་རྒྱལ་སོགས་བཀུར་བའི་ལོ་རྒྱུས་སོགས་ཀྱིས་གསལ། གཉའ་ཁྲི་བྱོན་ནས་ད་བར་མི་ལོ་༣༡༤༩ ཕྱིན་འདུག ལོ་ཚིགས་མི་མཐུན་པ་བཅུ་ཡོད། དམའ་ཤོས་ཀྱིས་ལོ་༢༡༢༨ སོང་བར་འདོད་ཡོད། གདུང་འདི་ཐོག་མར་གྲོལ་ཚུལ་ནི། ཀུན་ཏུ་བཟང་པོ་རིགས་སྣང་འོད་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་གསུམ་ལས་སྤྲུལ་པའི་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་གསུམ་༼གཅིག་གསུངས་པའང་ཡོད་༽ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་ཚལ་ལ་བབ་ནས་སྔ་དྲོའི་ཡུན་ལ་བཞུགས་པས་ཡུལ་མི་ཤས་ཆེ་རྣམས་ཀྱིས་ཁྱུང་མོ་ལ་གནམ་རུ་མེད་ལ་ཁྱུང་ཕོ་ལ་གནམ་རུ་སྔོ་ཟང་ངེ་བ་ནོར་བུས་བརྒྱན་པ་ཡོད་པས་ཁྱུང་ཕོ་ཁྱད་པར་བ་ཞིག་རེད་ཟེར། ཞག་གསུམ་གྲོས་བཞི་ནས་ཁྱུང་བབ་མལ་དུ་དྲོད་དང་ཟིལ་པ་ལས་སྒོ་ང་གསུམ་བཞག་པ་དེ་ལས་ཆེ་བ་ཁྱུང་སེར་ལྷ་ཁྱུང་རྒྱལ་དང་། འབྲིང་བ་ཁྱུང་དཀར་ཐོག་ལ་འབར། ཆུང་བ་ཁྱུང་ནག་མི་ཁྱུང་རྒྱལ་གསུམ་བྱུང་ཞིང་དེ་གསུམ་ལ་བླ་རྡོ་རིན་ཆེན་ཕ་བོང་རེ་དང་། མ་བསྐྱིལ་བའི་མཚོ་གསུམ། མ་བརྩིགས་པའི་མཁར་གསུམ་སྲིད་དོ། །ཟོ་བོ་ཁྱུང་ལགབྱ་ཟེ། ངང་སྐྱའི་ཁྱུང་རྫོང་། ཁྱུང་རྫོང་མགོ གསང་བྲག་རིན་ཆེན་ཁྱུང་རྫོང་། ནག་རུ་ཝ་རྫོང་། དེ་རྣམས་ལ་གསས་ཁང་བརྒྱ་རྩ་བརྒྱད་རེ་དང་ནང་རྟེན་བརྒྱ་རྩ་བརྒྱད་མདུན་དུ་མཆོད་པ་བརྒྱ་རྩ་བརྒྱད་རེ་བཤམ་མོ་ཞེས་སོགས་ཀྱིས་ཁྱུང་པོའི་མི་རྒྱུད་ཐོག་མར་གྲོལ་ཚུལ་བསྟན་ལ་ཁྱུང་འཕགས་ཁྲ་མོ་ནི་ཕྱིས་ཁྱུང་ནག་མི་ཁྱུང་རྒྱལ་གྱི་སྲས་རྒྱུད་སྟོང་རྒྱུང་རིང་མོའི་སྲས་གསུམ་ལས་འབྲིང་བ་ཁྱུང་འཕགས་ཁྲ་མོ་ལས་གྱེས་པ་ཡིན་ནོ།།

གོང་གི་ཞང་ཞུང་ཁ་ཡུག་ཅེས་པའི་ས་ཆ་འདི་ཞང་ཞུང་ཁྱུང་ལུང་དངུལ་མཁར་བརྒྱུད་དུ་ངོས་འཛིན་པ་མང་མོད་ཁྱུང་རབས་ལོ་རྒྱུས་ཁ་གསལ་ཤོས་གསེར་སྒམ་མ་སོགས་ཀྱི་བབ་དང་ཤོད་རྒྱུན་སོགས་ལ་བརྟག་ན་འདིའི་ཞང་ཞུང་ཁ་ཡུག་འདི་ཞང་ཞུང་སྒོ་པ་ཁྱུང་པོའི་ཡུལ་དུ་ངོས་འཛིན་བྱས་ན་འགྲིག་ཆེ་འདུག་གི་བསམ་ཀྱིན་ཡོད། གང་ལགས་ཤེ་ན།རྩེ་དྲུག་གནས་ཀྱི་དཀར་ཆག་ལས། ཐང་ལྷའི་རི་རྒྱུད་སུམ་པ་གླང་གི་ཡུལ། །ཞང་ཞུང་ཁ་ཡུག་གྱིམ་ཤོད་ཤེལ་བྲག་རྫོང་། །ཞེས་དང་། གསང་སྔགས་གླིང་པས། ཞང་ཞུང་ཁ་ཡུག་ཁྱུང་ནག་གདན་ས་ཆེ། །གསང་བྲག་རིན་ཆེན་ཁྱུང་རྫོང་བྱིན་ཆེན་གནས། །ཞེས་དང་། ཤོད་རྒྱུན་ལའང་སྟོད་མ་ཕམ་ནས་ཁྱུང་ཆེན་ཞིག་འཕུར་ཡོང་དེ་ཁྱུང་ཉལ་ལ་རུ་ཞག་གཅིག་ཉལ་ཞིང་དེ་ནས་སྤེན་ནེ་རི་རྩེར་བབ་པས་མ་ཐེག་ཉིལ་བ་དང། བྱང་སྤུ་ཐོག་ཁའི་རི་འབུར་པ་ཏ་སྤོ་ལོར་བབ་པས་ཐེག་པ་ན་ཡ་མཚན་སྐྱེས་ཏེ་དགོད་པས་ཞལ་མཆིལ་གྱིས་མཚོ་མོ་ཆེ་ཆུང་འཁྱིལ་ཞིང་ཡུལ་འདི་ལ་ཁྱུང་པོ་ཐོགས་ཟེར་སྲོལ་དང་། བོན་ཞིག་གཡུང་གླིང་རྣམ་ཐར་ལས། ཁྱུང་ཆེན་གཅིག་ཏུ་སྤྲུལ་ཏེ་གྱིམ་ཤོད་རི་བོ་རྩེ་དྲུག་ཏུ་བབ་པ་ཡུལ་མིས་མཐོང་བས་ཞེས་དང་། སྲོང་བཙན་མ་བྱོན་སྔོན་ནས་ཁྱུང་པོ་འདི་ཞང་ཞུང་གི་ལྷ་སྡེར་གཏོགས་པའི་རྒྱུ་མཚན་སོགས་ལ་བསམ་པས་སོ།།

དེ་ལྟར་ཁྱུང་པོའི་མངའ་རིས་འདིར་རུས་མིང་ས་ལ་བཏགས་ནས་དཀར་ནག་སེར་གསུམ་ཞེས་པའི་ཐ་སྙད་དེ་ཐོགས་པ་དང་མི་རབས་དུ་མར་བླ་དཔོན་གཉིས་ཀྱི་གོ་ས་དེ་ཁྱུང་པོས་བཟུང་བའོ། །དེ་ནས་ཁྱུང་དཀར་དང་ཁྱུང་སེར་གཉིས་ཀྱི་གདུང་རྒྱུད་ཇི་ལྟར་གྱེས་པ་མ་གསལ་ནའང། ཁྱུང་ནག་མི་ཁྱུང་རྒྱལ་གྱི་སྲས་ཁྱུང་པོ་སྟག་སྒྲ་དུན་ཙུག་ནས་བཟུང་གདུང་རབས་བཞི་པ་སྟོང་རྒྱུང་རིང་མོ་ལ་སྲས་གསུམ་ཡོད་པའི་བར་པ་ཁྱུང་འཕགས་ཁྲ་མོ་ལས་ཁྱུང་ཁྲ་གྱེས། སྲས་ཆེ་བ་ཁྱུང་སྒོམ་མུ་ལའི་སྲས་ཁུ་བྱུག དེའི་སྲས་སྟག་པ། དེའི་སྲས་སྟོན་འབར། དེའི་སྲས་སྟོན་ཐར། དེ་ལ་སྲས་དྲུག་ཡོད་པ་སྟོན་སྲས་དང་། ཁྱུང་དབུས། དམ་པ་བང་བཀྲ། དཔོན་དགེ དཔོན་དབུས། སྟོན་འབུམ་མོ། །དམ་པ་བང་བཀྲ་ཆེར་སྐྱེས་ནས་གྲོངས་པའི་སྐུ་འབུམ་བཞེངས་པ་ལ་རྟེན་བང་ཁྲ་མ་གྲགས། ད་ལྟ་སྟེང་ཆེན་ཁ་རུ་ཡོད། དཔོན་དབུས་དང་དཔོན་དགེ་གཉིས་ཀྱིས་སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད་དང་། སྨད་ཚ་བའི་ཁབ་སོ་ཡན་ཆད་ཀྱི་ས་སྡེ་ཡུལ་གཞིས་བདག་པོ་མཛད་དེ་མངའ་ཐང་ཤིན་ཏུ་དར་བར་གསུངས། སྟོན་སྲས་ཀྱི་བུ་ཁྱུང་ཨ་བརླ་སྤྱི་ལོ་༡༢༡༧ ལོར་འཁྲུངས་དེ་ནས་ལོ་དྲུག་མཚམས་སོག་གི་དམག་དཔོན་དོར་ཏོ་དང་ཡེ་ཏོ་གཉིས་ཀྱིས་ཁྱུང་པོའི་མངའ་རིས་འཕྲོག དཔོན་དབུས་དང་དཔོན་དགེ་བཀྲོངས། ཁྱུང་དབུས་དམ་པ་ལྷོ་དངུལ་ཆུའི་རྒྱུད་ལ་བདས། དེའི་སྐབས་སྲིད་པའི་རྒྱལ་མོས་སོག་དམག་སྟེང་དུ་ཐུན་ཆར་ཕོབ་པའི་རྡོ་རིལ་ཆུང་ངུ་ད་ལྟ་ཁྱུང་ཉལ་ལ་རུ་ཡོད་པ་དེས་ཞོ་ལད་དང་ཆང་ལད་ཁོག་ཟེར་ནས་འགངས་ཆེན་དུ་བྱེད་སྲོལ་ཡོད། ཡུལ་འདིའི་སྡེ་དཔོན་རྒྱ་གཙུག་ཏོར་ཉི་མ་འབྲུག་གྲགས་བསྐོས། མ་ནང་ཆེན་ཨ་མཚོ་ལ་སྟོན་འབུམ་གྱི་སྲས་ནང་ཆེན་གྲགས་པ་༡༢༢༢ ལོ་དེར་འཁྲུངས། ཁོང་ནང་ཆེན་སོགས་ངེས་མེད་ཡུལ་དུ་འཁྱམས་པས། ལོ་བཅུ་གསུམ་མཚམས་ཞུ་རི་ཞིང་དུ་བཞུགས་སྐབས་སྲིད་རྒྱལ་དྲེལ་དམར་གྱིས་ལུང་བསྟན་ནས། དབྲ་ཁྱུང་རྒྱལ་པོའི་བརྒྱུད་འཛིན་པ། །མདོ་གམ་སྨད་དུ་ཕེབས་པར་གྱིས། །བསྟན་པ་ཉི་ཟླ་འཆར་ནུབ་དེ། །དོ་དགོང་འགྲིབ་ཀྱང་སང་ཉིན་འཆར། །སུམ་གླང་གྱིམ་ཤོད་དངུལ་རྫའི་གནས། །ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན།། གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ། །ཁྱུང་པོ་ཆགས་པའི་གདན་ས་ཡོད། །ས་ཕྱོགས་དེ་རུ་ཕེབས་པར་གྱིས། །གསུངས་པའི་ལུང་དེར་བརྟེན་ནས་ཁྱུང་ཡུལ་དུ་ཕེབས། རྒྱ་ཉི་མ་འབྲུག་གྲགས་ཀྱིས་བསུ་བ་དང་བཅས་ས་སྡེ་ཡུལ་གསུམ་ཕུལ་སྐབས་འདི་ལྟར་གསུངས། གསེར་གཞོང་གང་བྱིན་པའི་ཞིང་ཆེན་འདི། །རྒྱལ་ཁྱུང་ཁྱེད་ཀྱི་འབབ་གདན་མཛོད། །ཞེས་དང་།གསེར་རུ་སུམ་མདོ་མན་ཆད་ནས། །ཆུ་གཉིས་འདྲེས་སོ་ཡན་ཆད་འདི། །རྒྱ་རྒན་ངས་གཞན་ནས་ཉོས་ལེ་ཡིན། །རྒྱལ་པོ་ཁྱེད་ཀྱི་འབབ་གདན་མཛོད། །ཞེས་པ་སོགས་ལ་བརྟགས་ན་སོག་ལག་ནས་རྒྱ་ཡིས་ཉོས་ཡོད་པར་སྣང། ཁྱུང་ཨ་བརླ་སོག་པོའི་རྟ་རྫི་མཛད་པ་ནས་མར་གདན་ཞིང་དཔོན་ས་བཟུང། སོག་ལ་སྲས་གཅིག་ཡོད་པ་ལས་སྤུ་ལའི་ཁྱུང་པོ་གྲོལ། ཨ་བླའི་སྲས་དབང་རྒྱལ་གྲུབ་ཀྱིས་དཀར་རུ་རོང་མོ་བཟའ་དང་འཚོས་པས་སྲས་ལ་ཁྱུང་ དཀར་རྒྱལ་བ་གྲུབ་དང། དབང་རྒྱལ་གྲུབ་དང་། སེར་ཙ་སྐྱེས་སྲས་ལྷ་མོ་མཚོ་གཉིས་འཚོས་པས་སྲས་ལ་ཁྱུང་སེར་ཤེས་རྒྱལ་དང་། ཨ་བླའི་སྲས་ནང་པ་བྱང་ཤེས་དང་ནག་རུ་མགོན་ནེ་བཟའ་སྒྲོན་སྐྱིད་གཉིས་བཤོས་པར་ཁྱུང་ནག་ཨ་རྒྱལ་སོགས་ཡུལ་མིང་དཔོན་དང་དཔོན་མིང་རུས་ལ་ཚུར་ཐོགས་པའི་ལོ་རྒྱུས་འདུག

གཉིས་པ་སྟག་སླག་ཅན་གྱི་མཛད་རྣམ་ལ་ཁྱུང་སེར་ཤེས་རྒྱལ་གྱི་རུས་བརྒྱུད་བྱ་སྒར་གཉིས་ལས། སྒར་ཁོང་ཚང་དུ་འཁྲུངས་པའི་སངས་གླིང་བཞི་པ་པད་མ་གར་དབང་མཆོག་རྩེ་དྲུག་ཏུ་བཞུགས་སྐབས་ལས་དབང་དང་དགོས་པ་དུ་མས་རྐྱེན་བསྐུལ་ཏེ་དགོངས་ལོ་སོ་གཉིས་སྟེང་ཟླ་གཤིས་སུ་ཕེབས་སྐབས་ཟླ་དགོངས་ལ་ཁར་ཟེར་སར་དགའ་འདེགས་ཨ་ཏིང་སྟེང་ཁྲི་ལས་བབ་པར་ཞབས་ཕྱིས་ལྐོག་ཉུལ་བྱས་པས་མཐོང་བར་བརྟེན་དགོང་འདོན་སྐབས། ཟླ་གཤིས་ཟླ་སྒང་ལ་ཁ་ན། །ཟླ་གཟའ་ཨ་ཏིང་རང་གཟུགས་དོད། །དེ་ཡང་ཞིང་སྐྱོང་ལྷ་མོའི་དྲིན། །ཞེས་ཞབས་ཕྱིས་བླ་མར་གོ་རྒྱུ་གཏོང་བའི་ཤོད་རྒྱུན་འདུག དེ་ནས་ཟླ་བཟའ་ཨ་ཏིང་ཁབ་ཏུ་བཞེས་ནས། ཟླ་བཟའ་ཨ་ཏིང་ངམ་ཁྲམ་བཟའ་ཨ་ཏིང་ནི་ཟླ་གཤིས་སུ་ཀོ་རུ་ཁྲམ་རུ་ཁྱུང་རུ་གསུམ་གྱི་རུས་བརྒྱུད་ཡོད་པ་ལས་ཁྲམ་རུ་བཟའ་ཡིན་ཟེར་སྲོལ་འདུག་ཟླ་གཤིས་སུ་མེ་ཧ་གཉིས་སྤོམ་པའི་སར་བླ་བྲང་བཏབ་སྟེ་བཞུགས། སྲས་སྟག་སླག་ཅན་དང་ནོར་བུ་གཉིས་ལས་ཆེ་བ་དབལ་བོན་སྟག་ལའི་ཐུགས་སྤྲུལ་དབལ་འབར་སྟག་སླག་ཅན་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལོ་སྟེ་ ༡༨༣༣ ལ་སྐུ་འཁྲུངས་ནས་ད་བར་མི་ལོ་ ༡༧༩ ཙམ་སོང་ཡོད། འཁྲུངས་ལོ་ལ་མི་མཐུན་པ་འགའ་ཞིག་སྣང་ཡང་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལ་ཡིན་པ་གཏེར་ཆེན་རང་གི་ཞལ་བཞེས་ཡིན་ཏེ། ཡབ་སྲས་ཐུགས་སྒྲུབ་གཏེར་བྱུང་ལོ་རྒྱུས་ལས། སྐྱེས་བདག་ཆུ་སྦྲུལ་ལོ་ཐོབ་པའི། །ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག །ཅེས་དང། རང་ལོ་ལྔ་ལོན་མེ་བྱ་ཟླ་ཚེས་ཀྱི། །ཉི་ཤར་བྱི་སྦའི་སྣང་ཚུལ་རོལ་རྩེད་ཀྱིས། །ཞེས་སོགས་ཀྱིས་ངེས་ལ་དགུང་ལོ་ལྔ་ཟིན་ནས་མ་སྲིང་མཁའ་འགྲོའི་བརྡ་ལུང་དུ་མར་བསྩལ་བ་དང་གཏེར་སྙན་བརྒྱུད་ཀྱི་དབུ་བཟུང་ཞིང་ཚེ་ཕྱེད་ལྷ་དང་ཚེ་ཕྱེད་མི་རུ་སྣང་བས་འཕྲིན་ལས་བསྐྱངས། ཆུང་དུས་ཕུར་པ་ལ་སོགས་མཚོན་ཆ་སྣ་ཚོགས་བཟོ་གནང་ཞིང་། ཡུམ་གྱིས་དེ་ཅི་ཡིན་ཞེས་འདྲི་ཚེ་མ་ཁྱོད་ཀྱི་སྙིང་ལ་རྒྱག་རྒྱུ་ཡིན་གསུངས་པར་གྲགས། ཡུམ་ཉིད་ཁོང་གི་འདུལ་སྐལ་གྱུར་བའི་འདྲེ་མོ་ཡིན་ཟེར་སྲོལ་ཡོད། འགའ་ཞིག་ནས་རྩེ་དགོན་གྱི་རྟེན་མཐིང་སྐུ་དང་། སྦུབ་ཆོལ་སིལ་སྙན་སོགས་རྙིང་ཆས་དུ་མ་བསྣམས་རྐྱེན་གྲྭ་པ་གཞན་རྣམས་མ་དགའ་བར་ཡུམ་འདྲེ་མོ་ཡིན་པ་སོགས་འདྲ་མིན་སྣ་ཚོགས་བཤད་པ་རེད་ཟེར་བའང་སྣང་། ལོ་དྲུག་ནས་ཡབ་སྲས་ཐུགས་སྒྲུབ་སྙན་དུ་བརྒྱུད། ལོ་བདུན་ཐོག་ཡབ་ཀྱི་དྲུང་ནས་ཡི་གེ་སློབ་པར་གསལ་ཏེ།ལུང་དེ་ཉིད་ལས། ས་ཕག་ཟླ་བའི་ཡར་ཚེས་བཟང་པོའི་ཉིན། ཡབ་མཆོག་བསྟན་གཉིས་གླིང་པའི་གཟིམས་དཀྱིལ་ནང་། །ཚེ་སྒྲུབ་རྡོ་རྗེ་གོ་ཁྲབ་དབུ་ཡི་ཕྱོགས། །ཉི་ཤར་རྟེན་འབྲེལ་བརྟག་ཅིང་ཡིག་རིགས་སློབ། །ཅེས་སོ། །རང་ལོ་བརྒྱད་སྟེང་སྟེ་ལྕགས་བྱི་ལོར།སྐྱབས་མགོན་ཟླ་རྒྱལ་ཧོར་ནས་ཁྱུང་ཡུལ་དུ་ཕེབས་སྐབས་ཁོང་གི་མདུན་ནས་སོ་ཐར་གྱི་སྡོམ་པ་བཞེས་མྱོང་བ་སྐྱབས་མགོན་རྣམ་ཐར་གཡུང་གླིང་རྒྱལ་ཚབ་ཀྱིས་མཛད་པ་ལས་གསལ་བ་ནི། གནས་མཆོག་རྩེ་དྲུག་ཏུ་ཞག་བཅུར་བཞུགས་སངས་གླིང་བཞི་པའི་ཡང་སྲིད་ལ་མཇལ། ཕན་ཚུན་དགྱེས་པའི་མཆོད་པ་བྱེ་བྲག་མང་པོར་ཕུལ་སྙན་བརྒྱུད་སྤྲུལ་པའི་སྐུ་མཆོག་དབལ་འབར་སྟག་སླག་མཉེས་པར་སོ་ཐར་གྱི་སྡོམ་པ་བྱིན་ཏེ་གཡུང་དྲུང་བསྟན་འཛིན་གསོལ། ཞེས་གསལ། དགུང་ལོ་དགུ་ནས་བཅོ་ལྔའི་བར་གཙོ་བོ་མ་འདལ་རི་ཁྲོད་དང་ཁྱུང་ནག་ཕོ་བྲང་གཉིས་སུ་བཞུགས་ཆེ་འདུག་ལ། དགུང་ལོ་བཅོ་ལྔའི་སྟེང་རྨ་པོམ་ར་ནས་ཕུར་པའི་ལས་མཐའ་དགོངས་གཏེར་བཞེས། བཅུ་དྲུག་བཅུ་བདུན་སྐབས་སུ་རྩེ་དྲུག་དང་ཟླ་གཤིས་སོགས་སུ་བཞུགས་ཆེ་བར་སྣང། ཟླ་གཤིས་སུ་གཤིན་དམར་སྟག་སླག་ཅན་གྱི་ཕྱག་བྲིས་རྒྱ་ནག་ལྕགས་བྲིས་གཤིན་རྒན་མ་ཟེར་བ་རྟེན་འགངས་ཆེན་དུ་བྱེད་པ་དུས་ཕྱིས་ཡོད་འདུག་ཟེར། སློབ་དཔོན་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་གཉིས་གཙོ་བོར་བསྟེན་པར་གསལ་ལ་མཁན་ཉི་མ་དང་དགུང་ལོ་བཅུ་བཞིའི་སྟེང་ཝ་རྫོང་དུ་མཇལ་འཕྲད་བྱུང་བ་སོགས་གཏེར་བྱུང་ལས་བཤད། སེར་ཁམ་དུ་ཁ་ལྕེ་དབུ་མཛད་དང་ལྷན་དྲག་སྔགས་དབལ་མོའི་ལས་མཐའ་བཅས་གནང་སྐབས་ཁ་དབུ་ནས་རྒྱལ་བསྟན་སྤྱི་ལ་ཐུགས་རྟགས་ཞུས་པས་མཐའི་རྒྱལ་ཁབ་དག་དབུས་སུ་འགྲོ་བར་རྩོད་པར་འདུག་ཀྱང་དབལ་མོའི་ཟློག་པ་འདིས་ལོ་སུམ་ཅུ་ལ་ཟློག་པར་འདུག་གསུངས་ཟེར་སྐད་ཐོས། གསང་སྔགས་བསྒྲུབ་པའི་གཏེར་གྲོགས་སུ་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་གསུམ་ཡོད་པར་བཤད་སྲོལ་འདུག་ཅིང་སྐུ་ཡི་མཁའ་འགྲོ་མ་ནག་རུ་སྲས་མོ་སྟེང་ཆེན་ཁ་རུ་སྨད་འཚོང་མ་ཡི་ཚུལ་འཛིན་པ་ཞིག་ཡོད་པ་དེ་ཡིན་ཟེར། གཟི་ཀིས་ནས་དཀར་མོ་སྲིད་རྒྱལ་གྱི་སྒྲུབ་གཞུང་སོགས་གཏེར་དུ་བཞེས་སྐབས་གྲོགས་ལ་བརྟེན་པའི་ཤོད་སྲོལ་འདུག ཐིག་ལེ་གཏིང་རྫོགས་ལོ་རྒྱུས་ལས། བཅུ་བདུན་རྒྱས་པའི་ལང་ཚོ་ལ། །མ་རིག་ལོག་པའི་བར་ཆོད་ཉེ། །གདུལ་དཀའ་བར་ཆོད་ཞི་ཕྱིར་དུ། །གཤེན་རབ་ཐུགས་སྤྲུལ་བོན་གྱི་གནས། །མདུང་རྩེ་འདྲ་བའི་མདུན་དྲུང་དུ། །བསྐོར་བ་བརྒྱ་ཕྲག་བྱས་ནས་སུ། །མོས་པའི་རྐྱོང་ཕྱག་ལན་གཅིག་འཚོལ། །ཞེས་གསུངས། ལུང་དེར་བརྟག་དུས་དགུང་ལོ་བཅུ་བདུན་སྟེང་ཀོང་པོར་ཕེབས་ཏེ་སྐོར་བརྒྱ་རྐྱང་ཕྱག་མཛད། དེའི་ཚེ་ཧོར་ནས་ཡིན་པའི་གསུང་གི་མཁའ་འགྲོ་མ་ཞིག་གཏེར་གྲོགས་སུ་བཞེས་ཤིང་། ཕ་ཡུལ་དུ་ལོག་སྐབས་ཚུར་འཁྲིད་རྒྱུའི་རེ་བ། ཞང་པོ་དགའ་འདེགས་ཨ་སོ་ལ་ཞུས་ཀྱང་། མོས་མཐུན་མ་བྱུང་བར་འདི་ནི་རྟོ་བེ་ཚང་གི་བུ་མོ་འདྲ་བ་འདུག་ཁྲིད་ན་ངོ་ཚ་བ་ཡིན་ཟེར་བས་རྟེན་འབྲེལ་འཆུག་པར་བཤད་སྲོལ་འདུག ཡི་དམ་དབལ་གསས་དང་སྲུང་མ་ཨ་བསེ་གཙོ་བོར་བསྟེན། ལོ་བཅོ་བརྒྱད་དང་བཅུ་དགུར་རྩེ་དགོན་དུ་བཞུགས། དགུང་ལོ་ཉེར་གཉིས་ཤིང་སྟག་ལོར་གསང་བའི་སྒོ་ནས་ཚ་བ་རོང་དུ་ཕེབས་ཏེ། ཕུར་ལ་དགོན་མདངས་ལྡན་གཡུང་དྲུང་གླིང་དུ་ཞི་ཁྲོ་རབ་འབྱམས་རྩ་ཀུན་འདུས་བཀའ་རྒྱ་བཀྲོལ་ནས་སྟོད་ཆ་ཕབས་ཚར་དུས་ཐུགས་ཀྱི་མཁའ་འགྲོ་མ་རྨེའུ་སྲས་མོ་སྐལ་བཟང་ལྷ་མོས་དབྱིབས་བླ་བྲང་དུ་གདན་དྲངས་ནས་མག་པའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གསུམ་སྐབས་ཚ་བ་རོང་གི་ཚོང་དཔོན་ནོར་བུ་དོན་འགྲུབ་ནད་འདུལ་གྱི་ཆེད་དུ་གདན་དྲངས་པས་ནད་པར་བསྔངས་སྐྲག་བྱེད་མི་ཉན་གསུངས་ནས་ཕུར་པ་འབྲུག་གསས་ཆེམ་པ་དངོས་སུ་ཞལ་བསྟན་ཏེ་ནད་བདག་བསྒྲལ། དགུང་ལོ་ཉེར་བཞིའི་སྟེང་རྩེ་དགོན་དུ་ཡར་ཕེབས་ནས་ཁྱུང་དཀར་བླ་མ་ཡོན་ཏན་དང་གཡུང་དྲུང་། མ་མདལ་མཚམས་པ་རྣམ་གཉིས་སོགས་ཁྱུང་པོའི་བླ་ཆེན་ཁག་ལ་བཀའ་གཏེར་སྙན་གསུམ་གྱི་དབང་ལུང་བརྒྱུད་བསྒྲགས་གནང་། དགུང་ལོ་ཉེར་ལྔ་མེ་སྦྲུལ་ལོར་སྲས་བཙུན་རྒྱལ་འཁྲུངས། ཉེར་དྲུག་བདེ་ཆེན་གླིང་པ་དང་མཇལ་འཕྲད་མཛད། ཉེར་བདུན་ས་ལུག་ལོར་ཡབ་སངས་གླིང་པད་མ་གར་དབང་དགོངས་པ་གཤེགས་པས་དགུང་ཞག་དང་གདུང་སྲེག་རྒྱས་པ་གནང་། ཉེར་བརྒྱད་ལོར་རྩེ་དགོན་དུ་ཁྲིད་ལུང་སྤེལ་ནས་བཞུགས་ལོ་འཇུག་ཏུ་དབྱིབས་བླ་བྲང་ལ་མར་ཕེབས། ཉེར་དགུ་ལོར་སྲས་ཁྱུང་སྤྲུལ་གཡུང་དྲུང་འགྱུར་མེད་དམ་གཡུང་དྲུང་བསྟན་འཛིན་འཁྲུངས། སོ་གཉིས་སྟེང་རྩེ་དགོན་དུ་ཕེབས་ནས་བླ་མ་ཁྱུང་དཀར་གཡུང་དྲུང་སོགས་ལ་དབང་ལུང་ཁྲིད་བརྒྱུད་སྤེལ། སོ་དྲུག་སྟེང་གྲྭ་ས་གཡུང་དྲུང་གླིང་དུ་ཕེབས་ནས་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་། མཁན་ཆེན་ཉི་མ་བསྟན་འཛིན་རྣམ་གཉིས་དང་མཇལ་ཞིང་ཁྲིད་ལུང་ཕན་ཚུན་སྤེལ་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས། དབལ་ཆུ་ཛོ་དམར་བཀོལ་བའི་གྲུབ་རྟགས་རང་མཚན་འབར། སོ་བདུན་སྟེང་སངས་གླིང་སྤྲུལ་སྐུ་བསོད་ནམས་བློ་གྲོས་སྐུ་འཁྲུངས། སོ་བརྒྱད་ལོར་མ་རྒྱུད་བསྙེན་སྒྲུབ་གནང་། སོ་དགུ་ལོར་དབལ་གསས་རྩོད་ཟློག་ལས་སྦྱོར་གནང་། བཞི་བཅུ་ལོར་ཧོར་རྫོང་དགོན་དུ་རྩ་གསུམ་ཡི་དམ་ཀུན་འདུས་ཀྱི་སྒྲུབ་བ་བཙུགས། ཞེ་གཅིག་ལོར་སྟག་ལ་བསྙེན་སྒྲུབ་གནང་། ཞེ་གཉིས་ལོར་ཚ་རོང་ལ་ངོས་དགོན་དུ་སྲིད་རྒྱལ་འབུམ་ཚོགས་ཕུལ། ཞེ་གསུམ་ལོར་སངས་གླིང་སྤྲུལ་སྐུ་བསོད་ནམས་བློ་གྲོས་ཁྲི་སྟོན་མཛད། ཞེ་བཞི་ལོ་ནས་ལོ་གསུམ་ལ་ཚ་རོང་དུ་དབལ་ཆེན་གེ་ཁོད་བསྙེན་སྒྲུབ་མཛད། ཞེ་བདུན་ནས་ལོ་ལྔ་ལ་ཚ་རོང་དགོན་ཁག་བར་དུ་སྒྲུབ་བ་བཙུགས། ང་གཉིས་ལོར་རྟ་ལོར་སྲིད་རྒྱལ་སྙིང་ཐིག་སྙན་བརྒྱུད་གཏན་ལ་ཕབ། ང་གསུམ་གཡུང་དྲུང་གཡུ་སྒྲོན་མའི་ཀ་བསྟོད་མཛད། ང་བཞིར་ལམ་ལྷའི་གསོལ་མཆོད་མཛད། ང་ལྔ་ལོར་རྩེ་དགོན་དུ་དྲག་སྔགས་དབལ་མོའི་འབུམ་ཚོགས་ཕུལ། ཀོ་དགོན་དུ་ཕེབས་ནས་སྨུག་པོ་རི་བཙུན་གྱི་བསང་མཆོད་མཛད། ང་དྲུག་ལོར་རྩེ་དྲུག་ཏུ་མ་མོའི་གནད་བསྐང་སོགས་མཛད། ང་བདུན་ལོར་ཚ་རོང་དུ་ཞི་ཁྲོའི་ཁྲི་མཆོད་ཕུལ། ང་བརྒྱད་ནས་ལོ་བཞི་ལ་ཕུར་པའི་བསྙེན་ཚད་བསྐྱལ། རེ་གཉིས་ནས་དགོན་སྡེ་ཁག་ཏུ་འགྲོ་དོན་གང་དགོས་ཀྱི་བཀའ་དྲིན་སྐྱོང་བས་མཚན་ཙམ་ཐོས་པས་ཀུན་གྱིས་དང་བ་འདྲེན་པའི་བླ་མ་གཅིག་པུ་རུ་གྱུར། སྲས་ལྕམ་དྲལ་ལྔ་ཡོད་པའི་སྲམ་གསུམ་གོང་དེར་ཞུས་ཟིན་ལ།སྲས་མོ་གཉིས་ནི། ཁྲོ་རྒྱལ་གཡང་མཛེས་དང་། སྐལ་བཟང་སྒྲོན་མ་ཟེར་བ་གཉིས་ཡོད་འཁྲུངས་ལོ་མ་གསལ། དགུང་ལོ་དོན་དྲུག་ས་སྤྲེལ་ལོར་ཚ་བ་རོང་དུ་ལྷ་རྒོད་སྒྲུབ་གཞུང་གཏེར་ཤོག་ཕྱེད་ཙམ་ཕབ་ཟིན་དུས་ཏེ་ཟླ་བ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་དགོངས་པ་བོན་དབྱིངས་སུ་གཤེགས་སོ། །གཏེར་ཤོག་འཕྲོ་དེ་ཕྱིས་ཁྱུང་དཀར་བླ་མ་གཡུང་དྲུང་གིས་ག་ཤེལ་ཁྲི་ཆེན་ལ་ཕུལ་ནས་གཏན་ལ་ཕེབ་རོགས་ཞུས་པས་ཁྲི་ཆེན་གྱིས་ཕེབས་སོ།།

གསུམ་པ་སྙན་གཏེར་གསུང་གི་དཀར་ཆག་གོ་མཐོང་བྱུང་བ་ནི། འཆི་མེད་ཡབ་སྲས་རྣམ་གསུམ་གྱི་ཐུགས་སྒྲུབ་སྲུང་ཟློག་དབང་དང་བཅས་པ། གསས་མཁར་ཞི་ཁྲོ་རབ་འབྱམས་རྩ་གསུམ་ཀུན་འདུས་ཆེ་མཆོག་དྲེགས་པ་སྤྱི་འདུལ་གྱི་བསྒྲུབ་པ་སྲུང་ཟློག་བསད་གསུམ་གྱི་ལས་མཐའ། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་ལས་མཐའ་ཆ་ཚང་། སྤྱི་སྤུངས་གབ་པ་གསང་མཆོག་ཐུགས་ཀྱི་བརྣག་པ་ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་སྐོར། གཙོ་མཆོག་གསང་སྒྲུབ། གེ་ཁོད་གསང་སྒྲུབ་ཉུང་འདུས། སྟག་ལ་མེ་དཔུང་དམར་ནག་དུན་ཙེ་སྟོང་སྒྲོལ། སྟག་ལ་ཕུར་བུ་རྩེ་མེད་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སྲུང་ཟློག་དབང་དང་བཅས་པ། དབལ་ཕུར་འབར་ནག་གི་བསྒྲུབ་བ་སྲུང་ཟློག་དང་བཅས་པ།དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣག་པའི་བསྒྲུབ་པ། ཕུར་པ་ལྷ་རྒྱན་གཅིག་པ།སྒྲ་དབྱངས་རྒྱལ་མོའི་འཛབ་བསྐུལ། སྲིད་རྒྱལ་དཀར་སྨུག་ནག་གསུམ་གྱི་སྒྲུབ་གཞུང་།ནང་བདུད་མོ་རུ་བསྒྲུབ་པའི་གཟེར་བུའི་ཆ་ལག སྲིད་རྒྱལ་སྲོག་སྒྲུབ་ཟློག་པ་འགུག་སྒྲོལ་དང་བཅས་པ། སྒྲ་བླའི་རྒྱལ་མོའི་སྒྲུབ་ཐབས་གློག་ཞགས་ཕྲེང་བ། བཀའ་ཉན་ནག་མོའི་ཐུགས་ཀྱི་གསང་བསྒྲུབ། སྒྲ་བླའི་རྒྱལ་མོའི་གསང་བསྐུལ་དང་བསྐུལ་པ། སྒྲ་བླ་སྤྱང་ཞོན་ནག་མོའི་སྒྲུབ་ཐབས་ཆ་ལག བྲག་བཙན་གཞུང་མེ་རི་འཁྱིལ་བ། ཉི་པང་སད་ཀྱི་གཏོར་བསྐང་། རྒྱལ་ཆེན་གྲགས་སེང་ཚོགས་གཞུང་ཆ་ལག་དང་བཅས་པ་ཆ་ཚང་།བོན་སྐྱོང་ཕལ་ཆེར་ལ་བསྐང་བ་དང་བསྐུལ་པ། ཡུལ་ས་དགེ་བསྙེན་རྣམས་ཀྱི་གསོལ་ཁ། དུས་འགྱུར་མ་འོངས་ལུང་བསྟན། གནད་གྱི་མན་ངག མན་ངག་ཡིག་རྒོད་སོགས་གསུང་བརྟེན་གྱི་སྐོར་པོད་དུ་མ་མངའ་བའོ།།

ཞེས་གཏེར་ཆེན་གང་གི་སྙན་གཏེར་གསུང་གི་མཛད་བྱང་སྐོར་དང་། གཏེར་བྱུང་ལོ་རྒྱུས་སོགས་ལ་གཞིག་པ་དང་། རྩེ་དགོན་མཁན་པོ་ཚུལ་ཁྲིམས་རབ་རྒྱས་མཆོག་གིས་ལག་བྲིས་གནང་བའི་རྣམ་ཐར་ཟིན་དེབ་ལས་འགའ་ཞིག་ཕྱུང་ཞིང་། རྒན་རབས་འགའི་ངག་སྒྲོས་ཟུར་དུ་ཐོས་པ་སོགས་ཀྱིས་རྣམ་ཐར་མདོར་བསྡུས་ཙམ་དུ་ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་བགྲོ་གླེང་སྟེང་ཤོ་ངག་རྣམ་གྱིས་༢༠༡༣ལོར་སྙན་དུ་སྒྲོན་པའོ།།

 གསལ་བཤད།

ད་སྔོན་སློབ་གཉེར་བ་གནམ་མཚོ་ཞེས་པ་ཁོང་གིས་རིག་འཛིན་དབལ་འབར་སྟག་སླག་ཅན་གྱི་མཛད་རྣམ་སྙིང་བསྡུས་ཤིག་མཁོ་འདོན་གནང་བྱུང་བ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་མཁོ་འདོན་ཞུས་ཟིན། དེ་རྗེས་ཤོ་ངག་རྣམ་ལགས་ཀྱིས་ཕྱི་ལོ་༢༠༡༣ལོར་ཕྱོགས་བསྡུས་གནང་བའི་རིག་འཛིན་དབལ་འབར་སྟག་སླག་ཅན་གྱི་མཛད་རྣམ་སྔོན་མ་ལས་ཅུང་ཞིབ་ལ་རྒྱས་པ་ཞིག་མཁོ་འདོན་གནང་བྱུང་བར་ལོ་རྒྱུས་གཟིགས་ཞིབ་གནང་མཁན་རྣམས་ལ་ཕན་རེའི་ཀུན་སློང་དང་བཅས་ཏེ་ངེད་དྲ་བའི་གཙོ་སྒྲུབ་པས་བརྒྱུད་འགོད་ཞུས་ཡོད། རྣམ་ཐར་མཁོ་འདོན་གནང་མཁན་གཉིས་ཀར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རིག་འཛིན་དབལ་འབར་སྟག་སླག་ཅན་ནི་ལུང་ཟིན་གྱི་སྐྱེས་ཆེན་དམ་པ་ཞིག་དང་། བོན་གྱི་གཏེར་སྟོན་གལ་ཆེ་ཞིག་ཡིན་པས་ན་ཀུན་གྱིས་ཐུགས་སྣང་གནང་གལ་ཆེ་ཞེས་ཞུ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་ཁང་ནས་ཕྱི་ལོ་༢༠༡༥ཟླ་༠༩ཚེས་༢༧ཉིན།

(སྤྱིའི་གཟིགས་གྲངས། 178 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།