ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དམིགས་ཡུལ།

ཡེ་ཤེས་འོད་ཀྱིས་མཚོན་པའི་སྒྲོན་མེ་འདིས། །

བདག་སོགས་སྐྱེ་དགུའི་བློ་མུན་སེལ་བ་དང་། །

ཐམས་ཅད་མཁྱེན་པའི་སྤྱན་དང་ལྡན་པ་ཡི། །

རྫོགས་སངས་རྒྱས་པའི་ས་རུ་འདྲེན་པར་ཤོག

 

དམིགས་ཡུལ།

དུས་རབས་དང་འཚམ་པའི་དྲ་བའི་རིག་གནས་ནི་ཆེས་མྱུར་ལ་ཕན་གནོད་ཐམས་ཅད་ཀྱི་ཚོད་ཐིག་འཕེན་ས་ལྟ་བུ་གྱུར་ཡོད། སྐབས་འདིར་ངེད་ཚོས་ཀྱང་(མེ་ལོང་ཡེ་ཤེས)ཞེས་པའི་དྲ་རྒྱ་འདི་ཉིད་དུས་རབས་ཀྱི་འགུལ་སྐྱོད་དང་བསྟུན་ནས་གཞན་དང་ལྷན་དུ་ཕན་ཚུན་གོམ་གྲལ་བསྒྲིགས་ཏེ་མདུན་སྐྱོད་བྱེད་བཞིན་པའི་རྣམ་པ་ཞིག་ཡིན། སྤྱིར་ན་ང་ཚོའི་ཤེས་རིག་གི་མ་ཡུམ་མམ་འབྱུང་ཁུངས་ཏེ་ཞང་ཞུང་གི་ལོ་རྒྱུས་དང་རིག་གནས་ལ་ཁ་ཕྱོགས་ནས་འཚོལ་སྙེག་གི་ལམ་བུ་རྒྱ་ཆེ་རུ་གཏོང་ཆེད་ཕྱག་ཏུ་ལྷག་པའི་རིག་གནས་ལོ་རྒྱུས་ཀྱི་ཡིག་རིགས་རྣམས་མཁོ་འདོན་དང་ཁྱབ་སྤེལ་གྱི་ཐབས་ལམ་འོག་མེས་པོ་གོང་མའི་བསམ་བློའི་གོ་རྟོགས་ཀྱི་རིན་ཐང་ཤེས་རྟོགས་བྱ་རྒྱུ་ནི་ང་ཚོར་ཕྲག་ཏུ་བབ་པའི་འོས་འགན་ཞིག་དང་གཟི་བརྗིད་ཅིག་ཏུ་གྱུར་ཡོད།

དེ་ལྟར་ཞང་བོད་རང་ས་ནས་བྱུང་བའི་ཆོས་ལུགས་རིག་གནས་ཀྱི་འབྱུང་ཁུངས་ཕུ་ཐག་རིང་ཞིང་གཏིང་ཟབ་པ་དང་། ཁྱབ་རྒྱ་ཆེ་བའི་རང་བཞིན་ཅན་ཞིག་ཡིན་འདུག་ཀྱང་ད་སྔོན་ལོ་རབས་དང་དུས་རབས་ཀྱི་གཉན་འཕྲང་འོག་རིག་གནས་ཤུལ་བཞག་གི་དངོས་པོ་རྣམས་བོར་སྟོར་དང་། བཅོས་སྒྱུར་སོགས་གཞན་དབང་གིས་རྡོག་བརྫིས་དུ་མ་ཐེབས་ནས་གནོད་སྐྱོན་ཚབ་ཆེན་བྱུང་ཡོད། འོན་ཀྱང་ཆོས་ལུགས་རིག་གནས་ལ་གཅེས་སེམས་ཟབ་པའི་གང་ཟག་རུས་རྐང་ཅན་འགའ་རེས་ཚེ་ལུས་ལོངས་སྤྱོད་བསྔོས་པའི་གླེགས་བམ་གྱི་གཏེར་ཁ་རྣམས་ཕྱིས་སུ་རི་ཕུག་བྲག་ཕུག་དང་། གྲོང་པའི་ཁྱིམ་ཕུག་སོགས་ཉེན་ཡོལ་གྱི་ས་གནས་ཁག་མི་འདྲ་བ་ནས་རིམ་པས་གཏེར་ལ་ཐོན་ཡོད་པ་དང་། དེ་ལྟའི་གླེགས་བམ་རྣམས་ནི་ཤེས་རིག་གི་གཏེར་མཛོད་ཅིག་ཡིན་ཀྱང་གང་ཟག་རང་ངོས་ནས་ཐོས་བསམ་སྒོམ་གསུམ་དང་། སྤྱོད་སྦྱོང་སྤེལ་གསུམ་གྱི་བྱ་བ་མེད་ཚེ་རིག་གནས་ཀྱི་ངོ་བོ་ནི་མུན་ནག་ཏུ་ལུས་པའི་རྩ་ཆེའི་དངོས་པོ་ཞིག་དང་མཚུངས།

  དེས་ན་ང་ཚོའི་ལྷ་ཁང་དང་དཔེ་མཛོད་ཀྱི་དར་རས་གསེང་དུ་ལྷག་པའི་རིག་གནས་ཀྱི་གདོང་རིས་ངོ་མ་དེ་ད་ལྟ་ད་དུང་ཡང་འཛམ་གླིང་ཐུན་མོང་གི་གླེང་སྟེགས་ཀྱི་དོ་ར་རུ་སྣང་རྒྱུ་རིག་རྒྱུ་ཤིན་ཏུ་དཀོན་པའི་ཚད་དུ་ལུས་ཡོད། འོན་ཀྱང་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། “བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན།། རྒྱལ་བའི་བསྟན་པ་ཡི་གེའི་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །”ཞེས་མ་འོངས་ལུང་དུ་བསྟན་པ་ལྟར་དེང་གསུང་རབ་ཀྱིས་འགྲོ་བའི་ལམ་སྣེ་སྟོན་པའི་དུས་རབས་ཀྱི་ཁུག་སོ་ཞིག་ཏུ་སླེབས་ཡོད་པར་བརྟེན་ཕྱོགས་ཐམས་ཅད་ནས་ཞང་བོད་ཤེས་རིག་གི་འོད་སྣང་མག་མོག་ཅིག་འཕྲོ་བཞིན་པའི་སྣང་ཚུལ་དུ་མངོན།

    དེས་ན་ངེད་ཚོས་ཀྱང་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་གཡུང་དྲུང་བོན་དང་འབྲེལ་བའི་རིག་གནས་ཁྱབ་སྤེལ་གནང་སའི་དྲ་རྒྱ་འདི་གཉེར་ནས་དུས་རབས་ཀྱིས་བྱིན་པའི་དྲ་བའི་རིག་གནས་གོང་འཕེལ་གཏོང་བའི་ཁ་ཕྱོགས་བཟུང་བ་ཞིག་ཡིན།

 

དེ་ལ་ངེས་དགོས་པའི་གནད་དོན་ཁ་ཤས་ཞིག་ཡོད་པ་ནི།

༡) ཞང་བོད་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་དང་འབྲེལ་དགེ་འདོན་སྐྱོན་སེལ་གྱི་བླང་བྱ་གཙོར་བཟུང་ཐོག་མེས་པོ་གོང་མ་རྣམས་ལ་བཀའ་དྲིན་ལེགས་སྐྱེས་ཀྱི་དྲིན་གསོ་འབུལ་རྒྱུ།

༢) དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ཏེ་ཆོས་ལུགས་ལོ་རྒྱུས་དང་རིག་གཞུང་གི་དཔེ་རྙིང་རྣམས་སྔོག་འདོན་བྱ་རྒྱུ་མ་ཟད། དྲ་བའི་རིག་གནས་ཀྱི་རྒྱུ་ལམ་ཐོག་ནས་རིམ་པས་འདོན་སྤེལ་ཞུ་སྟེ། ཞང་བོད་རིག་གནས་ལ་དགའ་ཞེན་ཅན་དང་། འཚོལ་ཞིབ་གནང་མཁན་རྣམས་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་རྒྱུ།

༣) ཆགས་སྡང་རྨོངས་གསུམ་གྱིས་བསྐྲུན་པའི་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་ཙམ་ལས་རང་གི་རིག་གནས་ཀྱི་ཁ་ཕྱོགས་བོར་བ་རྣམས་ལ་གདོང་གཏད་ནས་དཀྱེལ་ཆེ་གུ་ཡངས་དང་། ངོ་སྤྲོད་གསལ་འདེབས། མཁས་རྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད་བཅས་ཀྱི་དཔེ་དོན་ལག་ལེན་དུ་འགེལ་བའི་གཞི་རྩ་འཛིན་རྒྱུ།

༤) ད་སྔོན་ཞང་བོད་རིག་གནས་ཀྱི་གླེང་སྟེགས་སྣ་མང་བསྐྲུན་འདུག་པ་རྣམས་དང་ལྷན་དུ་ལག་གདང་སྦྲེལ་ཏེ་ཕན་ཚུན་རམ་འདེགས་དང་། ཁ་སྐོང་། སྤེལ་རེས་བཅས་ཀྱིས་མདུན་ཕྱོགས་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ནི་ངེད་ཚོའི་སེམས་ཀྱི་དམིགས་འདུན་དུ་གྱུར་ཡོད།

༥) ལྷག་དོན་མཁྱེན་དགོས་པ་ཞིག་ལ་ཆོས་སྲིད་ལུགས་གཉིས་དང་འགལ་བའི་སྒྲོ་སྐུར་དང་སྡང་སྨོད་ཀྱི་ཆེད་རྩོམ་ཡ་མ་བརླ་རྣམས་ངེད་དྲ་བའི་འཕྲིན་ལས་དང་མི་འཚམས་པས་དང་ལེན་ཞུ་འཐུས་མེད།

༦) ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པའི་རླབས་ཆེའི་མཛད་འཕྲིན་ཁག་དང་། ༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དང་། བཤད་སྒྲུབ་གཉིས་གཙོས་དེ་འབྲེལ་སློབ་གླིང་ཁག་གི་འཆར་ཅན་མཛད་རིམ་གནས་ཚུལ་རྣམས་དམིགས་བསལ་མཁོ་འདོན་བྱ་རྒྱུ།

  མདོར་ན་གཙོ་གཉེར་སྡེ་ཁག་ཞིག་གིས་དབུ་ཁྲིད་དང་ལམ་སྟོན་འོག་ངེད་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བློ་གསར་དོན་གཉེར་ཅན་རྣམས་གནའ་དེང་གཉིས་ཀའི་རིག་གནས་ལ་འབད་པ་བསྐུལ་ཆེད་དམ། རང་རེ་ཁ་བ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱི་བྱུང་རབས་དང་ལུགས་སྲོལ། དེའི་ལྟ་སྒོམ་སྤྱོད་འབྲས་སོགས་མི་རབས་གསར་པ་རྣམས་ལ་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་ཞིག་ཏུ་བསམ་བཞིན་ཡོད། དེ་ལྟར་ཆ་འཕྲིན་གྱི་དུས་རབས་དང་འཚམ་པར་དྲ་བའི་རིག་གནས་ལ་རྩ་བ་དང་ཡན་ལག་གི་སྡེ་ཚན་དུ་མ་ཕྱེས་ཏེ་སྣ་མང་ཤེས་བྱའི་ལྡུམ་ར་ཞིག་ཏུ་བསྐྲུན་རྒྱུ་ནི་ངེད་ཚོའི་རེ་བ་ཉག་གཅིག་ཡིན་ནོ། །

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན།།

error: རྩོམ་འདི་བདག་དབང་ཅན་ཡིན།