ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུས་འགྱུར་སྐབས་བོན་གྱི་བཀའ་འགྱུར་ཉག་རོང་དབལ་ཁྱུང་དགོན་གྱིས་ཉར་ཚགས་བྱས་པའི་སྐོར།

པར་རིས་མཐུན་སྦྱོར་བ་ཉག་རོང་གཡུང་ཐོགས་མེད།

རྩོམ་པ་པོ་ཞང་ཚུལ་མི།

༡དབལ་ཁྱུང་དགོན།

ཉག་རོང་དབལ་ཁྱུང་དགོན།

བོད་གདོད་མའི་ཤེས་རིག་གི་གོམ་སྟབས་ཆེ་ཆེར་བསྐྱོད་ནས་བོན་ཞེས་པའི་ཆོས་ལུགས་ཀྱི་ཚེ་སྲོག་གྲུབ་པ་ནས། དེས་སྤྱི་ཚོགས་གསེང་དུ་གོལ་གནས་གལ་ཆེན་ཞིག་བཟུང་བཞིན་དུས་རབས་རྒྱུད་རིམ་གྱི་འཕོ་འགྱུར་ཁྲོད་ནས་འཕེལ་རྒྱས་ཀྱི་རྣམ་པ་ཆེར་ཆེར་ཕྱིན་ཏེ་འགྲོ་བ་མིའི་དཀའ་སྡུག་སྣ་ཚོགས་ཞིག་སེལ་མྱོང་ཡོད་ལ། ཤེས་རིག་དེ་ཉིད་ཀྱི་གོམ་སྟབས་གཉིས་པའི་ཁྲོད་ནས་དྲུང་མུ་གྱེར་གྱི་རིམ་དགུ་ཐེག་པའི་བླ་སྲོག་འདེགས་པའི་ཀ་བ་རུ་བྱས་ཏེ་མཚམས་མ་ཆད་པར་དུས་རབས་ཀྱི་མཆོང་སྐྱོད་དང་འགྲོགས། ལོ་རྒྱུས་དེ་དག་གི་ཐོག་མའི་ཆུ་སྣེ་དུས་རིམ་གང་ཞིག་ནས་མཆེད་པ་ང་ཚོ་དང་ཅུང་ཁ་ཐག་རིང་བའི་ཚོད་དུ་གྱུར་པ་ནི། སྤྱི་ཚོགས་འཕོ་འགྱུར་དང་དུས་ཀྱི་གཉན་འཕྲང་ཛ་དྲག་པོའི་བཤུལ་ལམ་ནས་བསྐྱོད་ཡུན་རིང་བའི་གནས་དོན་ཞིག་ལོས་ཡིན། འོན་ཀྱང་མ་འོངས་གནའ་རྫས་རྟོབ་ཞིབ་དང་དཔེ་རྙིང་འཚོལ་བཤེར་ཀྱི་ཁྲོད་ནས་ལོ་རྒྱུས་གསོན་པོའི་ངོ་གདོང་མཐོང་བའི་གོ་སྐབས་ཡང་ཤར་སྲིད། དེ་འདྲ་བའི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་འཕེལ་རིམ་ནི་མེད་པ་ལ་ཡོད་པ། ཡོད་པ་ལ་ཡར་རྒྱས། ཡར་རྒྱས་གོང་འཕེལ་ཞེས་པའི་དཔེ་ལྟར།  རང་རེའི་མེས་པོ་རྣམས་ཀྱིས་རྐང་རྗེས་མཐོ་སྒང་དུ་དཔར་བ་ནས་གདོང་དམར་བ་ཞེས་པའི་མི་རིགས་ཀྱི་གཞིས་ཀ་ཆེན་མོ་ཞིག་ཧི་མ་ལ་ཡའི་ཉིན་སྲིབ་ཀུན་དུ་ཚུག་སྟེ་མི་རིགས་གཞན་དང་འདྲ་བའི་ཐང་སྐྱེད་གོང་སྤེལ་དང་ཤེས་བྱ་གསར་གཏོད་སྤྱི་ཚོགས་ཡར་སྐུལ་བྱས་པའི་གྲུབ་འབྲས་བཟང་པོའི་ནུས་པ་གོང་མཐོར་ཕྱིན་ནས་རིག་གནས་ཀྱི་སྐམ་ས་ཆེན་མོ་ཞིག་ཏུ་གྱུར་ཞིང་། ལྷག་ཏུ་ཤར་གླིང་ཨེ་ཤ་ཡའི་ཤེས་རིག་གི་མཚེར་ས་ཆེན་མོ་ཡུལ་དབུས་ཞང་ཞུང་གངས་ཏི་སེ་དང་མཚོ་མ་པང་གཉིས་ཀྱི་འགྲམ་རྒྱུད་དུ་སྲིད་པ་རྒྱུ་ཡི་བོན་སྡེའི་བྱེད་སྒོ་དང་རིག་གནས་སྣ་ཚོགས་ཀྱི་དར་སྲོལ་མཆེད་ཅིང་བོད་གདོད་མའི་ཤེས་རིག་གི་ཡར་རྒྱས་ཚ་རླབས་འཕྱུར་བའི་དུས་རིམ་གྱི་ལྷན་དུ། མཐོ་སྒང་ཤེས་རིག་གི་སྐར་ཆེན་གངས་རིའི་སྟོན་པ་གཤེན་རབ་མི་བོའི་གྲུབ་མཐའ་གསར་དུ་དབུ་བརྙེས་པ་ནས། ཁ་བ་ཅན་གྱི་མི་རྣམས་སྒོ་བཞི་མཛོད་ལྔའི་གླེགས་བམ་ཀློག་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཐང་སྐྱེད་གཉེར་བའི་དུས་རིམ་ཡང་དབུ་བརྙེས་ཤིང་། རྒན་རབས་ཨ་བུ་ཨ་མྱེའི་ངག་སྒོ་ནས་མ་ཏྲིའི་དབྱངས་རྟ་འུར་ཞིང་སྐྱབས་སེམས་ཀྱི་སྨོན་ཚིག་གྱེར། ལོ་ཆུང་བྱིས་པ་རྣམས་ཀྱིས་ཀ་ཁའི་གླུ་དབྱངས་ལེན་བཞིན་ཤེས་རིག་རྒུམ་འབུ་བཏུས། འབྱོར་ལྡན་བླ་དཔོན་རྣམས་ཀྱིས་གླེགས་བམ་གྱི་ཁྱིམ་ཕུག་བཀང་ནས་རྟེན་བཞེངས་ཀྱི་དགེ་ཚོགས་རྒྱས། དེང་དྲྭ་བའི་གདོད་མའི་སྤྱི་ཚོགས་ཀྱི་ནུས་པ་ཡར་རྒྱས་ཕྱིན་ནས་ཆོས་སྲིད་ཀྱི་བྱེད་སྒོ་རླབས་ཆེར་རྒྱས་པའི་སྐབས་དེར་གཤེན་རབ་མི་བོའི་འཕྲིན་ལས་སྣ་ཚོགས་ཀྱིས་བསྐྲུན་པའི་བོན་གྱི་བཀའ་འགྱུར་རིན་པོ་ཆེ་འམ་སྒོ་བཞི་མཛོད་ལྔའི་བོན་སྡེ་རུ་གྲགས་པའི་གླེགས་བམ་ཚོམ་གཅིག་མཐོ་སྒང་གི་སྙིང་ནོར་དུ་བསྩལ། མེས་པོ་དམ་པའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ཤེས་རིག་གི་ཉིང་བཅུད་དེ་ཉིད་ལ་གདོང་དམར་བའི་མི་རྣམས་ཀྱིས་ཅི་བཟས་ཅིང་འཐུང་ཕུད་ཀྱིས་མཆོད་ཅིང་ལྷ་རྟེན་གཡང་རྟེན་དུ་བརྩིས་ནས་ཁྱིམ་གྱི་ཕུགས་སུ་བཤམ་འཇོག་བྱས། ཐ་ན་འབྱོར་ཞེན་དུད་ཚང་སྐྱོ་བོ་རེ་ཡིན་རུང་ཁྱིམ་ཕུགས་སུ་རྒྱལ་བའི་གསུང་རབ་རྣམས་དུད་དྲེག་སྙིག་གེར་བཤམ་ནས་སྡོད་པ་ནི་ཁ་བ་ཅན་གྱི་མི་རྣམས་ཀྱི་ཐུན་མིན་གྱི་གོམས་སྲོལ་ཞིག་ཏུ་གྱུར། བོད་རང་ཡུལ་གྱི་བོན་ཆོས་འདི་དུས་རབས་ཀྱི་བཞུར་ལམ་རིང་མོར་ཚབས་ཆེ་བའི་གོད་ཆགས་སྣ་ཚོགས་བྱུང་བའི་ཁྲོད་ནས་དཀའ་ཁག་ཆེ་ཤོས་གཉིས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཐུབ་ཆོས་བོད་དུ་དར་མཚམས་བོན་ཆོས་ལ་གཏོར་རྒོལ་བཏང་པ་དེ་དང་། ཡང་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་སྐབས་དམངས་གཙོ་བཅོས་བསྒྱུར་དུས་བོན་ཆོས་ལ་གོད་ཆགས་ཕྱིན་པ་དེ་གཉིས་ཡིན། འདིར་དུས་འགྱུར་དེའི་སྐབས་རྒྱལ་བའི་བཀའ་རིན་པོ་ཆེ་ཉག་རོང་དབལ་ཁྱུང་དགོན་གྱིས་ཉར་ཚགས་ཇི་ལྟར་གནང་བའི་སྐོར་ཅུང་ཙམ་གསལ་བར་བྱེད་འདོད་པ་དེ་ཡིན། དབལ་ཁྱུང་དགོན་ནི་ཉག་རོང་འབྲུག་གསར་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་(༣༥)ལྔའི་སར་ཡོད་པའི་བོན་དགོན་ཞིག་ཡིན། དགོན་དེ་ཉིད་ཐོ་མར་དབལ་ཁྱུང་བླ་མ་སྨོན་ལམ་རྒྱམ་མཚན་མཆོག་གིས་ཕྱག་བཏབས་པ་ནས་ད་ལྟའི་དབུ་བླ་འཆི་མེད་གླིང་པ་བཅས་ཀྱི་བར། བླ་རབས་བཅུ་དྲུག་ཙམ་སོང་ཞིང་དགོན་དེའི་ལོ་རེའི་ཚོགས་དུས་མཆོད་ཆོ་ག་དང་བཅའ་འདོན་ནི་བོན་དགོན་བྱིང་དང་མཐུན་པར་སྒྲུབ་བཞིན་ཡོད། རིག་གནས་གསར་བརྗེའི་སྐབས་སུ་དགོན་འདིའི་བླ་མ་བྱ་བྲལ་གཡུང་དྲུང་དོན་འགྲུབ་ཞུ་བ་ཁོང་ཉིད་རེད་འདུག ཁོང་གི་སྐུ་དུས་སུ་བོད་དུ་དུས་འགྱུར་བྱུང་ཞིང་ཆོས་རིག་གང་ཅིའི་ཐད་གོད་ཆགས་ཚབས་ཆེན་བྱུང་ནས་སངས་རྒྱས་ཀྱི་གསུང་མི་ཡུལ་ནས་རྩ་སྟོང་དུ་འགྱུར་ཉེས་སྐབས་དགོན་འདི་ནས་བོན་གྱི་བཀའ་འགྱུར་ཚར་གཅིག་ཉར་ཚགས་ཐུབ་ཡོད་པ་ནི་འཛམ་གླིང་ནས་བོན་གྱི་བཀའ་འགྱུར་ཁེ་རུ་དེ་ཡིན། དུས་འགྱུར་སྔོན་དུ་བོན་གྱི་སྡེ་དགོན་གཉིས་ལ་བཀའ་འགྱུར་ཧ་ཅང་མང་པོ་བཞུགས་ཡོད་ན་ཡང་དུས་འགྱུར་སྐབས་ཉར་ཚགས་ཐུབ་པ་ནི་ཁམས་ཆེན་ཚར་རེ་ཟུང་ཙམ་དང་། དེ་བཞིན་འབུམ་ཉི་མ་དགུ་ཤར་སོགས་ཀྱི་མཚོན་པའི་རྒྱུད་སྡེ་སོ་སོ་ནས་གླེགས་ཁ་ཤས་མ་གཏོགས་བཀའ་རིན་པོ་ཆ་ཚང་ཉར་ཚགས་ཐུབ་མཁན་གཏན་ནས་བྱུང་མེད། འོ་ན་སྐབས་དེར་དབལ་ཁྱུང་དགོན་གྱི་བཀའ་འགྱུར་ཉར་ཚགས་ཇི་ལྟར་གནང་བ་དང་གཙོ་བོ་གཅེས་ཉར་བྱེད་མཁན་མི་སུ་ཡིན་པ་བཅས་ཀྱི་གནས་ཚུལ་གསལ་འདོན་བྱེད་རྒྱུ་ཧ་ཅང་གལ་ཆེན་གྱུར་ཡོད་ལ། གཡུང་དྲུང་བོན་གྱི་ལོ་རྒྱུས་ཁྲོད་ནས་དུས་རིམ་གལ་ཆེན་གྱི་གནས་བབས་ཞིག་ཀྱང་ཆགས་ཡོད་པ་རེད། མ་ཟད་སྐབས་དེར་དངོས་སུ་ལག་བསྟར་བྱེད་ནས་སྦ་སྐུང་བྱེད་མཁན་གྱི་མི་སྣའི་ལོ་རྒྱུས་དང་མཚན་རིམ་བོན་གྱི་ལོ་རྒྱུས་ནང་དུ་འཁོད་དགོས་རྒྱུ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད། ཡིན་ན་དེ་སྔོན་འདིའི་སྐོར་གྱི་ལོ་རྒྱུས་ཕྲན་བུ་རེ་འབྲི་མཁན་བྱུང་ཡང་བོད་ཀྱི་གཏམ་དཔེ་ལས། “ཡོན་དེ་བླ་མས་ཟོས། སྡུག་དེ་ཨ་མཆོད་ཀྱིས་ཁུར”ཞེས་པའི་དཔེ་ལྟར། རྗེས་སུ་བཀའ་འགྱུར་འཕྲུལ་པར་བཏབ་རྗེས་བླུ་ཉོ་བྱས་པའི་བླ་ཆེན་མི་ཆེན་ཚོ་བཀའ་འགྱུར་བདག་སྲུང་བྱེད་མཁན་ཡིན་པ་ལྟ་བུའི་བསྟོད་བསྔགས་ཆེ་ཆེར་བྱས་ཀྱང་དཀའ་སྡུག་ཁྲི་ཕྲག་གི་འཕྲང་ལམ་གཤག་ནས་དངོས་སུ་ཉར་ཚགས་བྱེད་མཁན་གྱི་བླ་གྲྭ་མི་སྣེའི་མིང་ཙམ་ཡང་བཀོད་མེད་པ་ནི། བློ་ཕམ་དགོས་པའི་གནས་ཡིན་པ་མ་ཟད་ལོ་རྒྱུས་ཀྱི་ཐིག་ཤིང་ཡང་འཁྱོག་སོང་པ་རེད་། དོན་ངོ་མར་སྐབས་དེར་ཐབས་ཟབ་པོ་དང་དཔའ་ཆེན་པོའི་ཐོག་ནས་རང་སྲོག་བློས་བཏང་སྟེ་གཅེས་ཉར་བྱེད་མཁན་ནི་ཉག་རོང་དབལ་ཁྱུང་དགོན་གྱི་བླ་མ་བྱ་བྲལ་གཡུང་དྲུང་དོན་འགྲུབ་དང་། གྲྭ་ཤེས་རབ་དབང་ལྡན། ཀུན་བཟང་རྡོ་རྗེ། བསོད་ནམས་ཡེ་ཤེས། གཡུང་དྲུང་རྒྱལ་མཚན། བསོད་ནམས་དཔལ་ལྡན། ཨ་རྡོ། བློ་རྒྱལ་དང་བརྒྱད་ཡིན་འདུག །གཞན་ཡང་མཁའ་འགྲོ་མཁའ་སྤྱོད་དབང་མོ་དང་དགོན་དེའི་མི་སྣ་ལས་འཛིན་སོགས་ཀྱིས་ཕྱར་གྲུ་མཉམ་འདེགས་མཛད་ནས་མཉམ་རོགས་གང་ཐུབ་གནང་ཡོད། སྐབས་དེར་བླ་མ་གཡུང་དྲུང་དོན་འགྲུབ་མཆོག་ནི་སྲིད་གཞུང་གི་ལས་སྣེར་འཁོད་ནས་གཞུང་ལས་མཛད་བཞིན་བཞུགས་འདུག །གཞུང་ཕྱོགས་ནས་བཀའ་འགྱུར་རྩེད་གཅོད་གང་འདྲ་བྱས་མིན་བླ་མས་བང་ཆེན་གཏོང་ནས་གྲྭ་པ་ཚོར་བརྡ་ལན་སྤྲད་པ་དང་། གྲྭ་པ་ཚོས་བཀའ་འགྱུར་སྦས་སྐུང་བྱེད་སྟངས་དང་ས་གནས་སྤོ་ཚུལ་བླ་མས་ཅི་གསུང་ཉན་བཞིན་ལོ་བཅུ་ཕྲག་དུ་མར་རྒྱུན་འཁྱོན་མཛད་འདུག །

མཁའ་འགྲོ་མཁའ་སྤྱོད་དབང་མོ།

མཁའ་འགྲོ་མཁའ་སྤྱོད་དབང་མོ།

དུས་ཀྱི་གཉན་འཕྲང་ཛ་དྲག་པོའི་ཁྲོད་དུ་ཁོ་པའི་བསམ་བློའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཧ་ཅང་གསང་རྒྱ་དམ་པོའི་ངང་ནས་ཉར་ཚགས་ལེགས་པོ་ཞིག་མཛད་ཐུབ་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱེད་རྗེས་ཤུགས་ཆེར་ཞིག་བཞག་གནང་ཡོད། གོང་གསལ་དགེ་འདུན་པ་རྣམས་ཀྱིས་ཉག་རོང་དབལ་ཁྱུང་དགོན་གྱི་ནུབ་རྒྱུད་དབལ་ལུང་ཞེས་པའི་ས་གནས་སུ་(༡༩༦༡­­)ལོས་ནས་(༡༩༨༤)བར་དུ་ལོ་ན་ཧྲིལ་པོ་(༢༤)རིང་ལ། དབྱར་ལ་ཆར་ཆུའི་འཇིགས་པ། དགུན་ལ་ལྷགས་རླུང་གི་ངར་ཁ། ཟུར་ནས་དམག་གིས་རྗེས་འདེད། ལུས་ལ་བཀྲེས་སྐོམ་གྱི་ཁུར་པོ་སོགས་ཡ་ངའི་འཇིགས་སྣང་སྣ་ཚོགས་ཁྲོད་ནས་ལོ་ཟླའི་བང་རིམ་བརྩིགས་བཞིན། རྒྱལ་བའི་བཀའ་རིན་པོ་ཆེ་ཉར་ཚགས་གནང་ནས་ས་སྟོང་རི་སྟོང་དུ་ཁེར་འདུག་བྱས་པ་ནི། མི་སྒེར་གྱི་ཁེ་ཕན་མིན་ལ། གཞན་ལ་ངོ་གསོ་བྱས་པ་ནི་དེ་བས་མིན། དེ་ནི་མི་རིགས་ཤིག་གི་རིག་གནས་གསོན་པོའི་བླ་སྲོག་དུར་ས་ནས་དམར་འཇུ་བྱས་ཏེ་སླར་མི་ཡུལ་དུ་གདན་དྲངས་པ་ཞིག་ཀྱང་རེད་ལ། བོད་ཀྱི་གྲྭ་བཙུན་ཚོས་སངས་རྒྱས་ཀྱི་བསྟན་པ་ལ་བཅང་བའི་བརྩེ་བ་ཟབ་མོ་དེ་དམར་རྗེན་དུ་བཏང་བའང་ཡིན། བོད་ཀྱི་དགོན་པ་དང་དགེ་འདུན་གྱིས་བོད་ལ་བཞག་པའི་བྱས་རྗེས་གལ་ཆེན་ཞིག་ཏུ་བརྩི་ཆོག་པ་རེད། སྐབས་དེར་གྲྭ་པ་དེ་ཚོའི་སྙིང་སྟོབས་དང་བསྟན་པའི་ལ་རྒྱ་དཀའ་བཅད་བཟོད་སྒོམ་བྱས་ལུགས་བསམ་ན་ང་ཚོས་ཁོང་ཚོ་ལ་རྗེས་དྲན་ཞུ་རྒྱུ་ནི་དུས་ད་ལྟའི་བར་དུ་ལྷག་ཡོད།

བྱ་བྲལ་གཡུང་དྲུང་དོན་གྲུབ།

དབལ་ཁྱུང་དགོན་པའི་བླ་མ་བྱ་བྲལ་གཡུང་དྲུང་དོན་གྲུབ།

རྗེས་སུ་རྙིང་མའི་བླ་མ་ཨ་རྒྱ་ཤེས་རབ་འོད་ཟེར་ཞུ་བས་རྒྱལ་བའི་བཀའ་འགྱུར་ཉར་ཚགས་མཛད་པའི་གོང་གསལ་བླ་གྲྭ་ཚོར་གཟེངས་རྟགས་གནང་ནས་བསྟོད་སྔགས་ཆེན་པོ་མཛད་ཡོད། ལྷག་པར་དུ་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་མཁན་ཚོར་བཀའ་དྲིན་གཞལ་ཟླ་བྲལ་བ་ཞིག་ཡིན་རུང་ཁོ་ཚོའི་མཛད་རྗེས་གླེང་མཁན་ཆེར་མཐོང་རྒྱུ་མེད་ལ་ཤེས་མཁན་ཡང་ཉུང་ཉུང་ཡིན་ཚོད་རེད། བཅིང་བཀྲོལ་རྗེས་ཆོས་ལུགས་བསྐྱར་གསོའི་ལས་འགུལ་ཕེབས་ནས་ཕྱོགས་སོ་སོ་ནས་དགོན་པ་ཙག་གཙུག་རེ་བཞེངས་སྐབས་བསྟན་པ་ངས་བསྐྱངས་རབས་ཁོས་འཛིན་རབས་ཀྱིས་གནམ་ས་འུར་སོང་མོད། དོན་ཐོག་དུས་འགྱུར་སྐབས་རྒྱལ་བསྟན་སྤྱི་ལ་ཁ་ཙ་དགོས་གཏུག་གི་མྱུར་སྐྱོབས་ལས་འགུལ་སྤེལ་མཁན་ཁྱེད་ཚོ་ལས་ལྷག་པ་ཞིག་གང་དུ་འདུག འོན་ཀྱང་ཁྱེད་ཚོའི་སྐུ་ཚེའི་ལོ་རྒྱུས་ཕུད་ཐ་ན་མིང་ཙམ་གླེང་མཁན་མེད་པ་ནི་ངོ་མ་ཧང་སང་དགོས་པ་ཞིག་མ་རེད་དམ།

བཀའ་འགྱུར་དེ་ཉིད་གལ་ཆེའི་རྟེན་གསུམ་ཞིག་ཡིན་སྐོར།

རང་རེ་བོད་ཀྱི་ཡུལ་དུ་མཚོན་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་གཞི་རྒྱ་ཆེ་ཞིང་སྤུས་ཚད་ཀྱང་ཡག་བ་མང་དུ་ཡོད་པའི་ཁྲོད་ནས་ནོར་བུ་གསོན་པོ་དེ་སངས་རྒྱས་ཀྱི་གསུང་རབ་འདི་ཉིད་ཡིན། འདི་ལ་ང་ཚོས་རྣམ་དཔྱོད་ཀྱི་སྐམ་པ་ཕྱར་ས་ཡོད་ལ་སེམས་དད་པའི་ཨ་ལོང་ཡང་ཀེར་ས་ཡང་ཡོད། འདིའི་ནང་དུ་བོད་མི་རིགས་ཀྱིས་ས་གོ་ལའི་སྒང་ན་ལེགས་སྐྱེས་སུ་ཕུལ་བའི་ཤེས་བྱ་གལ་ཆེན་འགའ་ཡོད་པ་ནི། བཟོ་ལས་རིག་པ། དད་མོས་རིག་པ། སེམས་ཁམས་རིག་པ། ལུས་ཁམས་རིག་པ། གནའ་བོའི་འཇིག་རྟེན་རིག་པ། སྨན་དཔྱད་རིག་པ། སྐྱེ་དངོས་རིག་པ། ཚད་རྡུལ་རིག་པ། སྙན་ངག་རིག་པ་སོགས་རིན་ཐང་ཚད་མཐོར་སོང་བའི་ཤེས་བྱའི་སྡེ་ཚན་མང་པོ་ཞིག་བཤམ་སྟོན་བྱས་ཡོད་པ་ཡིན། དེ་དག་ནི་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་སྡུག་བསྔལ་སེལ་བྱེད་དང་བསམ་བློའི་སྟོང་ཆ་འགེང་བྱེད་ཤ་སྟག་ཏུ་སོང་བས་དེང་སྐབས་ཁ་བ་ཅན་གྱི་ཆོས་ལུགས་རིན་ཐང་དེ་འཛམ་གླིང་མི་མང་གི་ཁྲོད་ན་རླབས་ཇེ་ཆེར་སྐྱོད་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན། མ་གཞི་ངས་དེ་ཪིང་སྤྱིར་སངས་རྒྱས་ཀྱི་གསུང་རབ་རྩ་ཆེན་ཞིག་ཡིན་སྐོར་དེ་མ་ཡིན་པར་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་འདི་ཉིད་གལ་འགངས་ཆེན་པོ་ཞིག་ཡིན་ཚུལ་གླེང་རྒྱུ་དེ་ཡིན། བཀའ་འགྱུར་འདི་ཉིད་མེས་པོ་གོང་མའི་བློ་གྲོས་ཀྱི་ཉིང་བཅུད་ལས་འཁྲུངས་པའི་གླེག་བམ་བརྒྱ་ཕྲག་དུ་མ་མེ་འོབས་ཀྱི་ཁྲོད་དུ་ཐེམ་ཤུལ་ན་ང་ཚོར་བསོད་སྐལ་དུ་ལྷག་པའི་བྱིན་རྟེན་ཞིག་དང་། གཤེན་ཞལ་དྲོད་མོའི་ངད་པ་མ་ཡལ་བའི་སྒོ་བཞི་མཛོད་ལྔའི་ལེགས་བཤད་འདི་ཉིད། ཁ་བ་མི་རིགས་ཀྱི་ཁྱིམ་ཕུགས་ན་ས་ལེ་སྦྲམ་གྱི་གཟི་འོད་འཕྲོ་བའི་ནོར་བུ་ཞིག་ཡིན་ཀྱང་། གྱོང་རྒུད་དང་ཕམ་ཁའི་ཁྲོད་ནས་ཡོད་ཚད་རྩ་སྟོང་དུ་འགྱུར་ཉེས་སྐབས་སླར་མི་ཡུལ་དུ་གཤེན་གྱི་མཁྲིན་ཚབ་ཏུ་བཞུགས་པའི་བཀའ་འགྱུར་འདི་ཉིད་གསུང་རབ་གཞན་ལས་ངོ་མཚར་ཆེ་བ་ཞིག་ལོས་ཡིན། མ་ཟད་དུས་ཀྱི་གཉན་འཕྲང་གི་ཛ་དྲག་ཁྲོད་ནས་རྒྱལ་ཁ་ཐོབ་པའི་སངས་རྒྱས་ཀྱི་གསུང་རྐང་གཅིག་དེ་རེད་ལ། གྲུབ་བྱེད་ཀྱི་རྒྱུ་ཡི་གོམ་རིམ་ནས་མི་རིགས་རང་ཉིད་ཀྱི་ལས་ཤེས་ཁོ་ནས་བཟོ་སྐྲུན་བྱས་ཤིང་མེས་པོའི་སོར་རྩེ་ནས་དངོས་སུ་འཁྲུངས་པའི་བཀའ་འགྱུར་ལག་བྲིས་རྙིང་པ་འདི་ཁོ་ན་ཡིན་ཕྱིར་ང་ཚོས་རིན་ཐང་ཚོད་མཐོར་བྱེད་འོས་པ་ཞིག་ཆགས་ཡོད། དུས་རབས་རྙིང་པའི་གླེགས་བམ་གྱི་རི་གྲོང་ནས་རྡོག་ཐང་དུ་ཆས་ཤིང་རིག་ཞུང་གསར་རྙིང་གི་འགག་འཕྲང་དུ་མ་བརྒྱུད་ནས་ཚན་རྩལ་གྱི་སྟེགས་བུའི་ཐོག་ཞབས་པད་འགོད་མཁན་དེ་བཀའ་འགྱུར་འདི་གཅིག་པུ་ཡིན་པས་གལ་ཆེའི་རྟེན་གསུམ་ཞིག་ལོས་ཡིན། ཕ་མེས་གོང་མའི་སེམས་ཕུགས་ནས་རྟེན་བཞེངས་ཁོ་ནའི་ལྷག་བསམ་དཀར་པོས་ཉེ་བར་དྲངས་ནས་དག་བཞེངས་གནང་བ་ཞིག་ཡིན་ཕྱིར། འདི་ལ་ཚོང་ཟོན་དང་ཁེ་ཕན་གྱི་ཉོབ་ལུད་གོས་མྱོང་མེད་པས་བཀའ་འགྱུར་གཞན་དང་མ་འདྲ་བའི་བྱིན་རླབས་ཤིག་ཡོད་དགོས། དུས་ངན་ལྷག་རླུང་གི་ངར་ཁ་ཞི་ནས་ཆོས་ལུགས་བསྐྱར་གསོའི་སྐད་བཟང་ཕྱོགས་གང་ས་ནས་ལྡིར་དུས་བཀའ་འགྱུར་འདི་ཉིད་ཀྱིས། དེང་རབས་འཕྲུལ་གྱི་དཔལ་གཡོན་གྲོགས་སུ་བསུས་ནས་བཀའ་འགྱུར་བརྒྱ་ཕྲག་མང་པོའི་མ་ཡུམ་མཛད་ནས་གཤེན་གྱི་ཕ་མཁར་གྱེན་དུ་བསླངས་བས་གསུང་རབ་གཞན་དང་མ་འདྲ་བའི་བྱས་རྗེས་འབུར་དུ་ཐོན་པ་ཞིག་ཡིན། འབྱོར་ལྡན་བསོད་ནམས་ཅན་གྱི་ཁྱིམ་ཕུགས་ནས་ལེགས་བྲིས་བྱས་ཤིང་སྐྱེས་ཆེན་གོང་མ་རྣམས་ཀྱིས་རབ་གནས་ཡང་ཡང་མཛད་པའི་གསུང་རབ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བས་ཡུལ་ཁ་བ་ཅན་གྱི་སྣོད་བཅུད་ཀྱི་བླ་རྟེན་ངོ་མ་དེ་ཡིན། རིག་གཞུང་གསར་རྙིང་གི་ཀྱོག་མཚམས་ནས་གནའ་སྲོལ་དག་མའི་ཁེར་ཚུགས་འཛིན་པའི་སྒོ་མཛོད་ཀྱི་གླེགས་འདི་ལ། ཁ་བ་ཅན་གྱི་དར་རྒུད་ཀྱི་བདེ་སྡུག་གླེང་ཡོད་ལ། རྣམ་ཤེས་ཀྱི་རྐང་རྗེས་དཔར་ཡོད་པས་གངས་ཅན་པའི་མདུན་ལྗོངས་གསལ་བའི་དུས་མཐའི་སྒྲོན་མེ་རྐང་ཅིག་དེ་ཡིན། ལོ་རབས་བརྒྱ་ཕྲག་དུ་མའི་གཉེར་རིས་ཐོད་དུ་བྲིས་ཅིང་ཨ་སྒོར་འབུམ་ཕྲག་མང་པོའི་རིན་གོང་གླེང་བའི་གཡའ་དྲེག་སོར་གསུམ་ཐོགས་པའི་སྐུ་རྙིང་གྲགས་ཆེན་ཞིག་མིན་ཡང་། ཁ་བའི་ཡབ་ཆེན་གཤེན་རབ་མྱི་བོའི་ཞལ་གྱི་ལྗགས་རླབས་ནས་འཁྲུངས་པའི་མདོ་འབུམ་རྒྱུད་མཛོད་ཀྱི་ནོར་བུའི་དོ་ཤར་འདི་ཉིད་གོ་ལ་སྒེག་མོའི་པང་ཁུག་ན་ཚེ་སྲོག་འཚོ་བའི་སྐྱེ་བོ་ཡོངས་ཀྱི་རྟེན་སྐལ་ཞིག་ཡིན་ནོ། །

བཀའ་འགྱུར་འདི་ཉིད་དང་བོན་བསྟན་སླར་གསོ།

དང་པོ་བོན་བསྟན་སླར་གསོ་དང་བཀའ་འགྱུར་འདི་ཉིད་བར་གྱི་གནས་དོན་དེ་མ་གླེང་སྔོན་སྤྱིར་བཏང་བོན་གྱི་བཀའ་འགྱུར་གནས་བབ་ཟུར་ཙམ་གླེང་ན་སྟབས་བདེ་བར་མངོན། གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ཉིད་ནི་ཆེས་དུས་རབས་སྔ་མོ་ཞིག་ནས་བོད་དུ་བྱུང་ཞིང་རྒྱ་དཀར་ནག་དང་ཁྲོམ་སྟག་གཟིག་བཅས་ཡུལ་གྲུ་གཞན་དར་བར་གྲགས་ཀྱང་། ཡུལ་གྲུ་གཞན་པའི་སྲིད་གཞུང་གི་ཆོས་ལུགས་སུ་གྱུར་ནས་མི་རིགས་ཀྱི་གསེང་དུ་ཤ་འདྲེས་པགས་འདྲེས་སུ་གནས་ནས་དར་བ་ཞིག་ཧ་ལམ་མིན་ཚོད་རེད། དེ་ན་གོང་གསལ་ཡུལ་གྲུ་དེ་དག་གི་ཁྲོད་དུ་བོན་གྱི་བཀའ་འགྱུར་བདག་ཉར་བྱས་ནས་ལྷག་བསྡད་པ་ནི་ཕལ་ཆེར་མེད་པ་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་ནང་སྐོར་དུ་ཨ་མེ་རི་ཀ་དང་། ཨུ་རུ་སུ་བཅས་ཀྱི་ཞིབ་འཇུག་པ་རེ་འགའ་བོད་དུ་འབྱོར་ཞིང་བོན་གྱི་བཀའ་བརྟེན་འགྱུར་གྱི་གསུང་རབ་མང་པོ་འཇལ་བའི་ལོ་རྒྱུས་ཡོད་ཀྱང་། ཁོ་པས་ཕྱི་གླིང་དུ་གདན་དྲངས་ཚུལ་སྐོར་ནི་མི་གསལ་དོ། །བོད་ཀྱི་ཆོས་རྒྱུད་གཞན་དང་འདྲ་བའི་གསུང་རབ་པར་བརྐོས་ཀྱི་ལས་གྲྭ་བཙུགས་ནས་དར་སྤེལ་ཤུགས་ཆེར་གཏོང་མཁན་དེ་འདྲ་བྱུང་མྱོང་མེད་པས་རྒྱལ་ཁབ་གཞན་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་སོགས་ཕུད། བོད་རང་གི་དགོན་སྡེ་དང་དཔེ་མཛོད་ཁང་བཅས་ལའང་ཁྱབ་རྒྱ་དེ་ཙམ་ཆེན་པོ་འགྲོ་མྱོང་མེད། དུས་རབས་བཅོ་བརྒྱད་པའི་ནང་སྐོར་དུ་མདོ་སྨད་རྒྱ་རོང་ཁྲོ་ཆེན་རྒྱལ་པོས་བོན་གྱི་བཀའ་བརྟེན་འགྱུར་ཆ་ཚང་ཞིག་ཤིང་པར་བརྐོས་ནས་དཔར་བསྐྲུན་བྱས་པས་བོན་གྱི་སྤྱི་ཚོགས་གསེང་དུ་དར་ཁྱབ་གང་འཚམས་བྱུང་ཡོད་པར་མངོན། དུས་འགྱུར་གོང་དུ་བོད་རང་གི་ས་ཆ་ལ་བཀའ་འགྱུར་མང་པོ་ཞིག་བཞུགས་པ་ལས་བོད་དང་འབྲེལ་བའི་ཧི་མ་ལ་ཡའི་རི་རྒྱུད་དང་མཐའ་མཚམས་ཁག་ལ་བཀའ་འགྱུར་ཆ་ཚང་བཞུགས་པའི་བདེན་ཁ་ད་ལྟའི་བར་རྙེད་མེད། རིག་གནས་གསར་བརྗེའི་ཁྲོད་དུ་མདོ་དབུས་ཁམས་གསུམ་ན་བོན་གྱི་སྡེ་དགོན་གཉིས་ཀྱིས་བཀའ་འགྱུར་གཅིག་ཉར་ཚགས་ཐུབ་ཡོད་པ་ནི་གོང་དུ་སྨྲས་པ་ལྟར་དབལ་ཁྱུང་དགོན་ན་ཡོད་པའི་བོན་གྱི་བཀའ་འགྱུར་དེ་གཅིག་པུ་ཡིན། རེ་འགས་མདོ་སྨད་ས་གནས་སུ་བཀའ་འགྱུར་གཉིས་དང་ཉག་རོང་ན་བཀའ་འགྱུར་གཅིག་ཁྱོན་བཀའ་འགྱུར་གསུམ་ལྷག་ཡོད་ཚུལ་ཤོད་ཡོད་པ་ནི་མ་བརྟགས་མ་དཔྱད་པའི་ངག་རྒྱུན་ཙམ་ཡིན། དབལ་ཁྱུང་དགོན་ན་ཡོད་པའི་བཀའ་འགྱུར་དེ་ཉིད་ནི་གསང་སྔགས་གླིང་པ་ཧོར་ཡུལ་དུ་གདུལ་བྱ་ཕེབས་སྐབས་བོན་གྱི་བསྟན་སྦྱིན་ཆེན་མོ་ག་རྒྱ་བསོད་ནམས་བསྟན་དར་གྱིས་ཕུལ་བ་ཞིག་ཡིན་སྐོར་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བཞེད་ཡོད། ག་རྒྱ་བསོད་ནམས་བསྟན་དར་ནི་དུས་རབས་བཅུ་དགུ་པའི་ནང་སྐོར་དུ་སྦྲ་ཆེན་འབྲོག་ཤོག་ཏུ་སྐྱེས་པའི་ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ཞིག་ཡིན། ཁོང་གི་སྲས་མཁས་པའི་མཆོག་གྱུར་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་དང་།  ཧོར་བློན་ག་རྒྱ་འགྲམ་ནག་གམ་དཀོན་མཆོག་རྒྱལ་མཚན་གཉིས་ནི་བོན་གྱི་ལོ་རྒྱུས་ཐོག་བྱས་རྗེས་ཆེ་ཆེར་འཇོག་གནང་མཁན་གཉིས་ཡིན། ག་རྒྱ་ཚང་ནི་སྦྲ་ཆེན་འབྲོག་ཁུལ་ནས་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་མ་ཟད་གཡུང་དྲུང་བོན་ལ་དད་དམ་ལྷད་མེད་བྱེད་མཁན་ཞིག་སྟབས་བཀའ་འགྱུར་ཚར་མང་པོ་བཞེངས་བསྐྲུན་བྱས་སྐོར་ཤོད་སྲོལ་མཆིས། ད་ལྟ་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་ཡོད་པའི་བཀའ་འགྱུར་འདི་ཉིད་ག་རྒྱ་ཚང་གིས་བཞེངས་བསྐྲུན་བྱས་ཤིང་ག་རྒྱ་གྲྭ་པ་བསྟན་འཛིན་ཕུན་ཚོགས་ཀྱིས་ཕྱིར་ཉག་ཁོག་ཏུ་ཕེབས་སྐྱེལ་ཡང་བྱས་ཡོད། གསང་སྔགས་གླིང་པས་བཀའ་འགྱུར་དེ་ཉིད་དབལ་ཁྱུང་དགོན་ན་གཤམ་འཇོག་མཛད་པས་དུས་ད་ལྟའི་བར་དུ་ཉར་ཚགས་ལེགས་པོ་ཞིག་ཐུབ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱ་ཅུའི་ནང་དུ་ཆོས་ལུགས་བསྐྱར་གསོ་སྐབས་བཀའ་འགྱུར་འདི་ཉིད་ས་གོ་ལའི་སྒང་དུ་བཞུགས་མེད་ན་བོན་ཞེས་པའི་མཐོང་སྒང་གི་ཆོས་ལུགས་དེའི་ཚེ་སྲོག་དོན་དུ་མཇུག་རྫོགས་པ་ཡིན། གལ་སྲིད་བོད་མདོ་དབུས་ཁམས་གསུམ་བཅས་ལ་བོན་གྱི་སྡེ་དགོན་ཡོད་པའི་ས་གནས་ཆ་ཚང་ལ་འཚོལ་སྡུད་བྱས་ཀྱང་ད་ལྟ་ནང་བཞིན་བཀའ་འགྱུར་འཐུས་སྒོ་ཚང་པོ་ཞིག་བསྡུ་སྒྲིག་བྱེད་རྒྱུ་མེད་པའི་ཚོད་དུ་ཧ་ལམ་ལྷུང་ཡོད་པར་མངོན། དེ་ན་ཆོས་ལུགས་སླར་གསོ་སྐབས་སུ་རྒྱལ་བའི་བཀའ་རིན་པོ་ཆེ་ཆ་ཚང་ཞལ་བཞུགས་སྟབས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་སེམས་སྤོབས་ཞུམ་མ་དགོས་པར་རང་བསྟན་རང་སྐྱོང་གི་སྐལ་བཟང་དུས་སྟོན་རོལ་རྒྱུ་བྱུང་བ་ནི་ངོ་མ་ཧ་ལས་དགོས་པ་ཞིག་རེད་སྙམ། རྒྱལ་བའི་བཀའ་རིན་པོ་ཆེ་འདི་ཉིད་ཉག་རོང་དབལ་ཁྱུང་དགོན་གྱི་དགེ་འདུན་བླ་གྲྭ་དག་གི་འཕྲིན་ལས་ཉག་གཅིག་ལ་བརྟེན་ནས་དུས་འགྱུར་སྐབས་ཉར་ཚགས་བརྟན་པོ་ཐུབ་སྟབས་སླར་ཆོས་དད་རང་མོས་བྱུང་རྗེས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་སྐོར་དུ་དཔར་སྐྲུལ་བྱེད་རྒྱུ་བྱུང་བ་ཡིན། དཔར་སྐྲུན་བྱེད་ཕྱོགས་ནས་ཅུང་ཚགས་ཚུད་མེད་པའི་རྣམ་པ་ཐོན་བ་ནི་ཨ་གཡུང་རིན་པོ་ཆེས་(༡༩༨༥)ལོར་བཀའ་འགྱུར་དེ་ཉིད་དཔར་དུ་བསྐྲུན་རྒྱུའི་སྙན་ཞུ་ཕུལ་བས་སྲིད་གཞུང་ནས་ཆོག་མཆན་ཐོབ་ཀྱང་དབལ་ཁྱུང་དགོན་གྱི་བཀའ་འགྱུར་མདོ་སྡེ་ལ་པོ་ཏི་བཞི་བཅུ་ཐམས་པ་དང་། འབུམ་སྡེ་ལ་པོ་ཏི་དྲུག་ཅུ་རེ་གཉིས་ཕུད་ཆ་ཚང་གཡར་པོ་མ་རག་པས་བཀའ་འགྱུར་ཕྱེད་ཀ་ཞིག་དཔར་སྐྲུན་བྱེད་དགོས་བྱུང་འདུག །དེ་རྗེས་ཁོང་ལ་དཀའ་ཁག་དུ་མ་འཕྲད་པས་ཁམས་ཕྱོགས་ས་གནས་མང་པོར་ཕེབས་ནས་དཔེ་ཆ་ཕང་ཆེན་གཡར་པོ་ཞུས་ཏེ། མདོ་སྡེ་ལ་ལ་པོ་ཏི་དྲུག་ཅུ་རེ་གསུམ་དང་། འབུམ་སྡེ་ལ་པོ་ཏི་དྲུག་ཅུ་རེ་བདུན། སྔགས་སྡེ་ལ་ཉི་ཤུ། སེམས་སྡེ་ལ་པོ་ཏི་བདུན་བཅས་ཁྱོན་པོ་ཏི་བརྒྱ་དང་ལྔ་བཅུ་ལྔ་བདུན་ཡོད་པ་ཞིག་དཔར་བསྐྲུན་མཛད་པ་དེ་ལ་བཀའ་འགྱུར་ཨ་གཡུང་དཔར་མ་དུ་གྲགས། དེའི་ཁྲོད་དུ་བརྟེན་འགྱུར་གྱི་སྡེ་ཁག་མང་པོ་བསྲེས་སྐོར་ཤོད་སྲོལ་མཆིས། ཚར་གྲངས་ཀྱང་སུམ་བརྒྱ་ཙམ་ལས་མེད་པར་གྲགས། བཀའ་འགྱུར་དེ་ཉིད་དཔར་སྐྲུན་གྲངས་ཚད་ཉུང་དྲགས་པས་སྡེ་དགོན་གྱི་མི་སེར་གྱི་འདོད་བློ་སྐོང་མ་ཐུབ་པའི་རྐྱེན་གྱིས། ལོ་རབས་དགུ་བཅུ་པའི་ནང་དུ་རྔ་བ་རྟོགས་ལྡན་དགོན་གྱི་སྤྲུལ་སྐུ་བོན་བློན་རིན་པོ་ཆེས་རྔ་བ་ཁུལ་གྱི་ལི་རྫོང་དུ་ཡང་སྐྱར་བཀའ་འགྱུར་ཚར་སུམ་བརྒྱ་དཔར་བསྐྲུན་ཞུས། དཔར་ཐེངས་དེར་ཨ་གཡུང་བཀའ་འགྱུར་གཞི་བཞག་ཐོག་གསར་བོན་པོ་ཏི་སུམ་ཅུ་སོ་བདུན་གསར་བསྣན་མཛད་པས་ཁྱོན་པོད་གྲངས་དགུ་བཅུ་གོ་གཉིས་སུ་གྱུར། དེ་ནི་གསར་བརྗེའི་རྗེས་ཀྱི་བཀའ་འགྱུར་དཔར་ཐེངས་གཉིས་པ་དང་མིང་ཡང་བཀའ་འགྱུར་བོན་བློན་དཔར་མ་དུ་གྲགས། དེ་རྗེས་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་མཆོག་གིས་དབལ་ཁྱུང་བཀ་འགྱུར་དེ་ཉིད་དཔར་སྐྲུན་ཆེད་ལོ་ངོ་དྲུག་ཙམ་ཕྱག་ལས་ཧུར་བརྩོན་གནང་མཐར་ཕྱི་ལོ་(༡༩༩༨)ལོར་རྒྱལ་བའི་བཀའ་རིན་པོ་ཆེ་དཔར་ཐེངས་གསུམ་པ་ལེགས་གྲུབ་བྱུང་ཞིང་ཐེངས་འདིའི་དཔར་མ་ལ་ལྷ་སྲས་དཔར་མ་ཟེར། བཀའ་འགྱུར་སྔ་ཕྱི་དཔར་བསྐྲུན་བྱས་པའི་ལོ་ཚིགས་སྐོར་ལ་དཔེ་འཁོད་དང་ངག་རྒྱུན་བཅས་མི་མཐུན་པ་འགའ་བྱུང་འདུག་པ་རེ་ཞིག་བློ་ལྡན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ན་དགེ་བཤེས་དགེ་ལེགས་སྦྱིན་པའི་བཀའ་འགྱུར་དཀར་ཆག་ཏུ་(༡༩༨༡)ལོར་ཨ་གཡུང་རིན་པོ་ཆེས་ཚར་གྲངས་ལྔ་བརྒྱ་དཔར་བསྐྲུན་མཛད་སྐོར་བཞེད་ཡོད། མཁས་དབང་ཚེ་རིང་ཐར་གྱིས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་དེར་(༡༩༨༥)ལོར་ཨ་གཡུང་རིན་པོ་ཆེས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཚར་གྲངས་སུམ་བརྒྱ་དཔར་བསྐྲུན་བྱས་སྐོར་གསལ། བླ་མ་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་གསུང་རྟེན་དཀར་ཆག་གི་ཀླད་དོན་ངོ་སྤྲོད་གསལ་བཤད་ཅེས་པའི་སྡེ་ཚན་དུ་(༡༩༨༣)ལོར་དཔར་བསྐྲུན་ལས་འགོ་དབུ་བརྩམས་ནས་(༡༩༨༥)ལོར་དཔར་བསྐྲུན་ཐེངས་དང་པོ་བྱས་སྐོར་བཤད་ཡོད།  ལྷ་སྲས་རིན་པོ་ཆེའི་བཀའ་འགྱུར་དཔར་བསྐྲུན་མཛད་པའི་དུས་ཚོད་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་བཞི་པར་(༡༩༩༩)ལོར་ཡིན་པར་གསུང་ཡོད་པ་དང་། སྐུ་ཞབས་ཚེ་རིང་ཐར་གྱིས་བཤད་པ་ལྟར་ན་ལྷ་སྲས་རིན་པོ་ཆེའི་དཔར་བསྐྲུན་བྱས་པའི་ལོ་ཚིགས་(༡༩༩༨)ལོར་ཡིན་ཚུལ་བཀོད་ཡོད། ཡང་ངག་རྒྱུན་དུ་ཤོད་སྲོལ་ཞིག་ལ་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་བསྐྲུན་མཛད་པའི་ལོ་ཚིགས་(༡༩༩༠)ལོར་ཡིན་སྐོར་གསལ་པོ་གླེང་གི་འདུག །ཕྲན་གྱིས་རྩོམ་ཐུང་འདི་ཉིད་(༢༠༡༢)ལོར་ཕལ་ཆེར་མཇུག་གྲུབ་པ་བྱས་ཀྱང་། ད་བར་ཤོག་ཐོག་ཏུ་ལྷག་ནས་རྩིས་འཁོར་དུ་ཕབ་རྒྱུ་བྱུང་མ་སོང་། འདི་ལོར་སླར་ཡང་སྣང་ཕྲི་སྤོར་གཅོག་གང་འཚམས་བྱས་ཏེ་ཕུལ་ཡོད། དུས་འགྱུར་སྐབས་དབལ་ཁྱུང་དགོན་གྱི་བཀའ་འགྱུར་ཉར་ཚགས་བྱས་པའི་གནས་ཚུལ་འདྲི་རྩེད་བྱེད་ས་ནི། བཀའ་འགྱུར་དངོས་སུ་ཉར་ཚགས་གནང་བའི་མི་སྣ་མང་པོར་འབྲེལ་འདྲིས་ཡོད་པའི་བདག་གི་གྲོགས་མཆོག་དབལ་ཁྱུང་གྲྭ་པ་གཡུང་དྲུང་ཐོགས་མེད་ཡིན། ཁོང་གིས་གནས་ཚུལ་ཕལ་ཆེར་ཤེས་རྟོགས་འདུག་ཀྱང་གསལ་པོ་མ་བྱུང་བའི་རིགས་ཉག་རོང་གི་རྒན་རབས་ཚོར་འདྲི་རྩད་ཡང་ཡང་བྱས་ཏེ་དོན་ཐོག་ཏུ་འབྱོར་གང་ཐུབ་བྱས་ཁུལ་ཡིན།

(སྤྱིའི་གཟིགས་གྲངས། 398 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. བསྟན་རྒྱལ། ལགས་ཀྱིས:

    ཡག་པོ་འདུག གནས་ཚུལ་འདིའི་རིགས་དེ་ཡིག་ཐོག་ཏུ་འཁོད་དགོས་པ་གལ་ཆེན་རེད། སྤྱིར་བཏང་བོན་གྱི་བཀའ་འགྱུར་སྦས་སྟངས་སྐོར་དེ་སྔོན་སྤྱི་ཚོགས་ནང་གསལ་པོར་མ་གླེང་བའི་རྒྱུ་མཚན་ནི།
    གཅིག སྐབས་དེར་སྲོག་བློས་གཏོང་གནང་མཁན་གྱི་རྗེས་ཤུལ་ནང་མི་དང་འབྲེལ་ཡོད་ཡུལ་སྡེར་དཀའ་ཁག་འབྱུང་སྲིད་པ་དང་།
    གཉིས། བཀའ་འགྱུར་སྦས་མཁན་དང་གསང་བ་ཤེས་མཁན་གྱི་བར་མི་རབས་ཁོན་འཛིན་འབྱུང་སྲིད་པ།
    གསུམ། བླ་ཆེན་མི་གྲགས་འགའ་ཞིག་གིས་སྐབས་དེའི་བྱ་འགུལ་ལ་ཐད་ཇུས་ལྟ་བུའི་མཚན་སྙན་སྲུང་དགོས་པ་སོགས་རྒྱུ་མཚན་འགའ་ཞིག་ཡོད་པར་གོ་ཐོས་བྱུང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།