ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བརྟན་མ་བཅུ་གཉིས་ཀྱི་གནས་དང་སྐུ་མདོག་ཕྱག་མཚན་སྐོར་གྱི་དཔྱད་གླེང་།

རྩོམ་པ་པོ། རྨ་རོང་ཚུལ་ཁྲིམས་རྒྱ་མཚོ།

གསལ་བཤད། དཔྱདརྩོམ་འདི་བགྲེས་པོའི་འབེལ་གཏམ་འདོན་ཐེངས་༢༡པའི་ནང་བཀོད་ཟིན་ཀྱང་། སླར་ཡང་དཔྱད་གཞིའི་ཡིག་ཆ་འགར་རྙེད་པས་ཁ་སྣོན་ཕྲན་བུ་བྱས་ཏེ་མཁའ་ཀློང་གསང་མདོས་ལྟར་གྱི་བརྟན་མ་བཅུ་གཉིས་ཀྱི་ཞལ་ཐང་བཅས་གསར་དུ་བཞེངས་ནས་དྲ་ལམ་དུ་འགོད་རྒྱུ་པར་ཡིག་གཉིས་ཀ་རྩོམ་པ་པོ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ནས་མཁོ་འདོན་གནང་སོང་།

ནང་དོན་གནད་བསྡུས། རྩོམ་འདི་ནི་གཡུང་དྲུང་བོན་གྱི་བསྟན་སྲུང་ཡོངས་ཀྱི་གཙོ་མོར་གྲགས་པའི་མ་མཆོག་སྲིད་པ་རྒྱལ་མོའི་ཡང་སྤྲུལ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་སྐོར་ནས་དཔྱད་གླེང་བྱས་པ་ཞིག་ཡིན། སྤྱིར་བཏང་སྲུང་མ་འདི་ཚོ་གནའ་སྔ་མོ་ནས་བོན་གྱི་ཐུན་མོང་མ་ཡིན་པའི་བསྟན་སྲུང་ཞིག་ཡིན་ཡང་། ཕྱིས་སུ་དུས་རབས་བརྒྱད་པ་ནས་བན་བོན་འདབ་འདྲེས་སུ་གྱུར་བའི་རྐྱེན་གྱིས་བརྟན་མ་བཅུ་གཉིས་སྐོར་ནས་རྩ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཐད་ནས་བཤད་སྲོལ་མི་མཐུན་པར་བྱུང་ཡོད། ད་ལན་དཔྱད་རྩོམ་འདིའི་ནང་དུ་སྔོན་རབས་བོན་གྱི་བཤད་སྲོལ་དང་ཕྱིས་འབྱུང་གི་གླེང་ཕྱོགས་ཁག་ལ་གཞིགས་ཏེ་བརྟན་མ་བཅུ་གཉིས་ཀྱི་སྐུ་མདོག་ཕྱག་མཚན་དང་སྲུང་མ་དེ་དག་གི་གནས་རི་སོགས་ཀྱི་སྐོར་དཔྱད་གླེང་བྱས་པ་བཅས་བཀོད་ཡོད།

བརྡ་ཆད་གཙོ་བོ། ཀོང་བཙུན་དེ་མོ། ཀ་ཁ་སེར་མོ། ལྷ་རི་གཡའ་མ། སྐྱི་འཐིང་གཡའ་མ། གངས་དཀར་ཤ་མེད། ཁ་རག་ཁྱུང་བཙུན། སྐྱི་འཐིང་ཤག་གི་ལ་རོ་སྨན། འབྲོག་ཆེན་ཁོ་འདུལ། རྨ་ཏིང་ཤག་གི་འཕྲུལ་མོ་ཆེ། གདའ་ལ་བཙུན་མོས་བོད་ཁམས་སྐྱོང་། གངས་ཀྱི་ཡུམ་གྱི་གཡུ་སྒྲོན་མ། རྨ་རི་རབ་འབྱམས་དྲག་མོ་བཙུན།              

གླེང་གཞི།

དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན། ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་རིག་གནས་ཡུལ་གོམས་གཤིས་ལུགས་སོགས་རིམ་བཞིན་ཉམས་དམས་སུ་བཏང་བའི་རྐྱེན་གྱིས། གནས་རི་བླ་རྟེན་འགའ་ཞིག་ཞལ་བསྒྱུར་བ་དང་། འགའ་ཞིག་སྣང་མེད་དུ་ཤོར་བའི་དབང་གིས་ངོས་འཛིན་མི་ཤེས་པར་གྱུར་པ་དང་། འགའ་ཞིག་ས་རྐོ་རྡོ་སློག་དང་འབྱུང་བའི་གཡོ་འཁྲུག་གི་རྐྱེན་གྱིས་གཏོར་བརླག་སོང་ནས་ངོས་འཛིན་མི་ཐུབ་པ་འགྱུར་བཞིན་ཡོད། དེ་མཚུངས་བརྟན་མ་བཅུ་གཉིས་ཀྱི་གནས་རི་ཡང་། དུས་ཕྱིས་ཀྱི་གླེང་ཕྱོགས་མི་འདྲ་བའི་དབང་གིས། ད་ལྟ་གནས་དེ་གཅིག་གྱུར་གྱི་ངོས་འཛིན་དཀའ་བར་བརྟེན། འདིར་དཔེ་རྙིང་ཁག་ལ་གཞི་བཅོལ་ནས་དཔྱད་གཞིའི་ས་བོན་ཙམ་དུ་དམིགས་ཏེ་བརྟན་མ་བཅུ་གཉིས་ཞེས་པའི་སྲུང་མ་དེ་ངོ་བོ་ག་འདྲ་ཞིག་ཡིན་པ་དང་། སྐུ་མདོག་ཕྱག་མཚན་སྲུང་མའི་གནས་ཡུལ་སོགས་ཀྱི་སྐོར་སྡེ་ཚན་གཉིས་ཀྱི་སྒོ་ནས་གླེང་རྒྱུ་ཡིན།

སྡེ་ཚན་དང་པོ།

བརྟན་མ་ཞེས་པའི་ཚིག་འབྲུ་འདི༼བརྟན་མ༽དང༼བསྟན་མ༽ཞེས་འབྲི་ཚུལ་མི་འདྲ་བ་གཉིས་འདུག བོན་དཔེ་ཕལ་ཆེ་བའི་ནང་བརྟན་མ་ཞེས་བྲིས་འདུག དེ་ཡི་དོན་སུ་དང་གང་གིས་བསྒྱུར་དུ་མི་བཏུབ་པའི་སྲུང་མ་བརྟན་པོ་ཞིག་ཡིན་པའི་ཆ་ནས་བརྟན་མ་དང་བཅུ་གཉིས་ནི་གྲངས་ཀའི་ཐོག་ནས་བཏགས་པ་རེད། བརྟན་མ་བཅུ་གཉིས་ཞེས་པའི་སྲུང་མ་འདི་བན་ལུགས་ལ་དུས་རབས་བརྒྱད་པའི་ནང་། པད་འབྱུང་བོད་ལ་བྱོན་ནས་དེའི་སྐབས་སུ་བདུད་མོ་དང་འདྲེ་མོ་སྲིན་མོ་སོགས་དམ་ལ་བཏགས་པའི་སྲུང་མ་ཞིག་ཡིན་པ་འདོད་ཀྱི་ཡོད། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[1]ལས། སློབ་དཔོན་གྱིས་བྱང་གི་འདྲེ་སྲིན་སྤུན་བདུན་དང་། བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་སོགས་བཏུལ་ནས་དམ་ལ་བཏགས་ཏེ་སྲོག་སྙིང་ཕུལ་བ་བཤད་ཡོད། སྤྱིར་བཏང་བན་ལུགས་ལ་བརྟན་མ་བཅུ་གཉིས་པད་འབྱུང་གིས་དམ་ལ་བཏགས་སའི་ས་ཆ་ཡང་གཅིག་གྱུར་ངོས་འཛིན་མི་འདུག ཆོས་འབྱུང་དང་ལོ་རྒྱུས་དེ་ཚོའི་ནང་བཤད་ཚུལ་མི་འདྲ་བ་བཅུ་ཕྲག་ཙམ་འདུག  

བོན་ལུགས་ལ་བརྟན་མ་བཅུ་གཉིས་ཞེས་པའི་སྲུང་མ་འདི། བདུད་མོ་འདྲེ་མོ་འགའ་ཤས་དམ་ལ་བཏགས་ནས་གནས་སྐབས་ཀྱི་སྲུང་མ་གསར་དུ་བསྐོས་བཞག་པ་མ་ཡིན་པ། སྔ་མ་ནས་སྲུང་མ་རྩ་ཆེན་ཞིག་ཡིན་ལ་མཚན་འདོགས་སྟངས་ལ་མི་འདྲ་བ་ཅི་རིགས་སུ་སྣང། འདུལ་རྒྱུད་ཕྱལ་བ་ཐང་ཆེན་ལས་སྨན་མོ་བཅུ་གཉིས་ཞེས་གསལ་ཞིང་།དེ་ཉིད་ཀྱི་གཡེན་ཁམས་བྱུང་ཚུལ་སྐོས་འདེབས་བསྟན་པའི་ལེའུ་ལས་ཡབ་གསེར་གྱི་ཕ་བོང་དང་ཡུམ་གཡུ་ཡི་ཕ་བོང་གཉིས་ལས་སྨན་མོ་བཅུ་གཉིས་གྲོལ་ཚུལ་བཤད་ཡོད།[2] <<དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད>>[3]ལས། གསང་ཕུར་གྱི་སྲུང་མ་དེའི་མཚན་ཇག་མ་ཞེས་གསལ་ཡོད། གསང་ཕུར་གཞུང་ནང་སྲུང་མ་དབལ་མོ་ཉེར་བརྒྱད་དང་ཇག་མ་བཅུ་གཉིས་སོགས་ཀྱི་བསྐུལ་པ་ཡོད། 《གསང་ཕུར》ལས། 〈སྲོག་གི་ཇག་མ་བཅུ་གཉིས་བསྐུལ་པ〉ཞེས་པའི་ལེའུའི་ནང་[4]ཇག་མ་བཅུ་གཉིས་སམ་བརྟན་མ་བཅུ་གཉིས་ཀྱི་སྐུ་མདོག་ཕྱག་མཚན་གསང་མཚན་དང་བཅས་པ་བསྟན་ཡོད། བརྟན་མ་བཅུ་གཉིས་ནི་མ་གཅིག་སྲིད་པ་རྒྱལ་མོའི་སྤྲུལ་པ་ཡིན་པ་བོན་གྱི་དཔེ་རྙིང་ཁྲོད་ནས་གསལ་ཡོད། 《མཁའ་ཀློང་གསང་བའི་མདོས་ཆེན》[5]ལས། བརྟན་མ་བཅུ་གཉིས་དེ་སྲིད་རྒྱལ་གྱི་ལྷུ་ཚིགས་བཅུ་གཉིས་ཀྱི་སྤྲུལ་པ་ཡིན་པ་བཤད་པ་དང་། 《སྲིད་རྒྱལ་ནང་བསྐང》[6]ལས། གངས་དཀར་ཤ་མེད་གཙོས་པའི་བརྟན་མ་བཅུ་གཉིས་དེ། སྲིད་པ་རྒྱལ་མོའི་ཡང་སྤྲུལ་ཡིན་པ་གསལ་བར་བསྟན་ཡོད། གཞན་དཔེ་ཆ་དུ་མ་ཞིག་གི་ནང་སྲིད་རྒྱལ་གྱི་ཡང་སྤྲུལ་ཡིན་པ་གསལ་ཡང་འདིར་དེ་ཙམ་ལས་ཚང་མ་འགོད་ཐུབ་མེད། སྲིད་རྒྱལ་བསྐང་མདོས་བཅའ་དུས་དཀྱིལ་གྱི་བང་རིམ་དང་པོའི་ཐོག་ཏུ་སྲིད་རྒྱལ་གཙོ་གཏོར་བཅའ་དགོས། དམའ་སའི་བང་རིམ་ནས་རིམ་བཞིན་སྲིད་རྒྱལ་གྱི་སྤྲུལ་པ་གཟེ་མ་དགུ་དང་། གྱད་མོ་དགུ། བྱིན་ཏེ་དགུ། བརྟན་མ་བཅུ་གཉིས་བཅས་རིམ་བཞིན་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚུལ་དུ་བཞུགས་ཡོད་པ་མཚོན་བྱེད་དུ་གཏོར་མ་ཡང་དེ་འདྲ་རིམ་བཞིན་བཅའ་སྲོལ་ཡོད།

སྡེ་ཚན་གཉིས་པ།

བརྟན་མ་བཅུ་གཉིས་ཀྱི་སྐུ་མདོག་ཕྱག་མཚན་གནས་ཡུལ་སོགས་བཤད་པ་ལ་དེའི་གོང་རིམ《མཁའ་ཀློང་གསང་མདོས》ལྟར་བྱས་ནས། ལྷ་དེའི་སྐུ་མདོག་ཕྱག་མཚན་གནས་རི་སོགས་རིམ་བཞིན་གླེང་བར་འདོད། སྤྱིར་བན་བོན་གཉིས་ཀྱི་བརྟན་མ་བཅུ་གཉིས་སྐུ་མདོག་ཕྱག་མཚན་མི་འདྲ་བ་དང་། བོན་པོའི་དཔེ་ཆ་ནང་ལ་ཡང་མི་འདྲ་བ་འགའ་ཡོད་ཀྱང་། བོན་དཔེ་མང་ཆེ་བ《 མཁའ་ཀློང་གསང་མདོས》 དང་མཐུན་ཤས་ཆེ་ཡོད། དེས་ན་དཔེ་རྙིང་《མཁའ་ཀློང་གསང་མདོས》ལ་གཞིར་བཟུང་ནས་བཤད་པར་འདོད།

དང་པོ་ཤར་གྱི་ཀོང་བཙུན་དེ་མོ།

ཀོང་བཙུན་དེ་མོའི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་དཀར་མོའི་རང་བཞིན་ལ།། ཆུ་ཤེལ་ཟླ་བའི་ཐོར་ཚུགས་ཅན།། ཉི་ཟེར་འོད་ཀྱི་ནབ་བཟའ་ལ།། གཞའ་ཚོན་སྤྲུལ་པའི་མཐའ་ཆགས་ཅན།། གཡས་པས་གནམ་ལྕགས་རལ་གྲི་བསྣམས།། གཡོན་པས་ནད་ཀྱི་རྐྱལ་པ་བསྣམས།། ཆིབས་སུ་རྒྱ་སྟག་ཁྲ་བོ་བཅིབས།།”ཞེས་[7]དང་། “གསང་མཚན་ནི་ཉི་མ་འོད་འགྱེད་མའོ།།” ཞེས་སོ།། གནས་སའི་ཡུལ་ཀོང་པོ་ཡིན་པ་བན་བོན་ཚང་མའི་དཔེ་ཆ་ནང་ལ་གསལ་ཡང་། ཀོང་པོ་ལུང་པའི་ནང་ལ་གནས་རི་དེ་ངོས་འཛིན་མི་འདྲ་བ་འགའ་ཤས་ཡོད། འགའ་ཤས་ཀྱིས་དེ་མོ་དགོན་གྱི་རྒྱབ་རི་དེ་ཀོང་བཙུན་དེ་མོ་ངོས་འཛིན་བྱས་པ་དང་། ཁ་ཤས་ཀྱིས་ཀོ་སྨད་ཕེ་ཤང་ཁྲོ་ཐུང་གྲོང་པའི་མར་ཟུར་གཙང་པོའི་དཀྱིལ་དུ་དོ་ཆུང་ཞིག་ཡོད་པ་དེར་ངོས་འཛིན་བྱས་པ་ཡོད་ཀྱང་། བོན་ལུགས་ལ་ཀོང་བཙུན་དེ་མོ་དེ་རི་བོ་གངས་རི་ཅན་ཞིག་ཡིན་པ་འཇིག་རྟེན་སྨན་གྱི་ཞུ་ལེན་ནང་ལ་གསལ་ཡོད་པས་གོང་མ་དེ་ཚོ་ངོས་འཛིན་བྱེད་ཐབས་མེད། དེས་ན་རང་ལུགས་ལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕེ་ཤང་ངམ༼གྲོང་རྡལ༽སྤོས་དཀར་གྲོང་པའི་ས་ཁོངས། བོན་རིའི་ལྷོ་ཤར་གཙང་པོ་ཕར་ཀ་རི་བོ་གནམ་ལྕགས་འབར་བའི་ཡར་ཟུར་གངས་དཀར་གྱི་རི་བོ་དེ་ཡུལ་མི་ཚོས་ཀོང་བཙུན་དེ་མོའིི་ཕོ་བྲང་ཡང་ཟེར། དེའི་གངས་རི་དེ་ཀོང་བཙུན་དེ་མོའི་གནས་རི་ངོས་འཛིན་བྱེད་ཀྱི་འདུག      

གཉིས་པ་བྱང་གི་ཀ་ཁ་སེར་མོ་ཐང་།

ཀ་ཁ་སེར་མོའི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་གསེར་ལ་དབུ་སྐྲ་གཡུ།། སྐུ་ལ་བཙོས༼བཙོད༽ཀྱི་སླག་པ་གསོལ།། ཆིབས་སུ་གཙོས༼བཙོད༽མོ་ཁ་དཀར་བཅིབས།། ཕྱག་ན་སྣང་གསལ་མེ་ལོང་བསྣམས།།” ཞེས་[8]དང་། གནས་རི་དེ་བློ་ལྡན《བསང་བརྔན》ལས། “ཡུལ་ནི་བྱང་ཡུལ་བྱང་སྟོད།”[9]ཅེས་པས། བོད་བྱང་རྒྱུད་ཀྱི་ས་གནས་ཤིག་ཡིན་པ་ཙམ་ལས་གསལ་པོ་བྱུང་མེད། 《གསང་ཕུར》ལས། བྱང་གི་གསེར་ཐང་ཡི་གེ་མའམ། ཀ་ཁ་སེར་མོའི་གནས་རི་དེ་སྙི་མོ་རྩ་འབྲང་ཞེས་པའི་ས་ཆ་དེ་ཡིན་པ་གསལ་[10]ཡོད། 《བོད་ཡུལ་གནས་ཀྱི་ལམ་ཡིག》[11]ལས་གསལ། ཀ་ཁ་སེར་མོ་ཐང་དེའི་མཚམས་ཀྱི་རི་དེ་ལ་སྙེ་མོའི་རི་ཐང་དེ་ལ་སྙེ་མོའི་ཐང་ཞེས་ཡུལ་མི་ཚོས་བཤད་ཀྱི་འདུག ད་ལྟ་སྟོད་བྱང་དྭང་རའི་ས་གནས་ལ་ཡོད་པའི་རྒན་རབས་ཀྱི་ངག་རྒྱུན་ནས་ཀ་ཁ་སེར་མོའི་ཐང་ཞེས་པ་དེ། སོས་ཀ་བྱེ་ཐང་དེར་རྩྭ་སྐྱེས་དུས་རི་མོ་ཀ་ཁ་བྲིས་པ་འདྲ་སྐྱེ་ཡོང་རེད་ཟེར་བཤད་སྲོལ་འདུག དེའི་ས་ཆ་དེ་ད་ལྟ་ཉི་མ་རྫོང་དང་འོམ་བུ་ཤང་གི་མངའ་ཁོངས་ལ་ཡོད། འོམ་བུ་ཤང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉི་ཤུ་མཚམས་དང་དྭང་ར་གཡུ་མཚོའི་བྱང་ངོས་སུ་ཡོད།

གསུམ་པ་ནུབ་ཀྱི་ལྷ་རི་གཡའ་མ་སྐྱོལ།

ལྷ་རི་གཡའ་མ་སྐྱོལ་གྱི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་དམར་པོའི་རང་བཞིན་ལ།། བྱུ་རུ་འོད་ཀྱི་དོ་ཤལ་ཅན།། སྐུ་ལ་ལེ་བརྒན་ནབ་བཟའ་གསོལ།། ཆིབས་སུ་རྐྱང་བུ་ཁ་དཀར་བཅིབས།། ཕྱག་ན་རྒྱ་སྤོས་ག་བུ་བསྣམས།།” ཞེས་གསལ་[12]ཡོད། དེའི་གསང་མཚན་ནི་བརྟན་མ་སྐོར་ཡོད་པའི་བོན་དཔེ་ཕལ་ཆེར་ནང་ལ་ཁུག་ཆོས་དབྱར་མོ་བསིལ་དང་། བོན་དཔེ་ཁ་ཤས་[13]དང་ཆོས་འབྱུང་ལོ་རྒྱུས་འགའི་ནང་ཨུ་ཆོས་དབྱར་མོ་བསིལ་ཞེས་[14]འཁོད་ཡོད། དེའི་གནས་ནི་དྲན་པའི《བསང་བརྔན》[15]དང་བློ་ལྡན《བསང་བརྔན》[16]སོགས་ཀྱི་ནང་ལ་སད་ཤོད་དང་སད་ཤད་དེ་གྲང་ཞེས་པའི་ས་ཆ་ལ་ཡོད་པ་གསལ་ཡང་། ས་ཆ་དེ་བོད་ཡུལ་སྟོད་སྨད་ག་བ་ཡོད་གསལ་མེད། 《བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ》ཞེས་པའི་དེབ་ནང་[17]དང་བསང་མཆོད་སྐོར་ཀྱི་དཔེ་ཆ་མང་དག་ཅིག་གི་ནང་ལ་དབུས་གཙང་སྟོད་ཀྱི་ས་ཆ། གཙང་སྟོད་ཇོ་མོ་ནག་རྒྱལ་ཞེས་པའི་གནས་རི་ལ་ཡོད་པར་གསལ་ཡོད། གཙང་སྟོད་ཇོ་མོ་ནག་རྒྱལ་ནི་གཞིས་ཀ་རྩེ་ལྷ་རྩེ་རྫོང་གི་ཁོངས་སུ་ཡོད་པའི་ཕུན་ཚོགས་གླིང་གི་དགོན་པ་ནས་སྤྱི་ལེ་༢༦ཙམ་འཁོར་ལམ་བརྒྱུད་སོང་ན་བོ་དོང་གྲོང་གི་དབུས་ནས་མཇལ་བ་དང་། དེར་ཡོད་པའི་བོང་དོང་ཨེ་དགོན་ཞེས་པའི་དགོན་པ་དེའི་རྒྱབ་རི་དེ་ཡིན། 《དཔལ་བོ་དོང་ཨེ་ཆོས་སྡེ་ཆེན་པོའི་ལོ་རྒྱུས་ཉུང་བསྡུས》ནང་གསལ་[18]ཡོད། བསང་གསོལ་གྱི་དཔེ་ཆ་དང་ལོ་རྒྱུས་མང་པོ་ཞིག་གི་ནང་ལ་གསལ་ཡོད་པས། དེའི་རི་དེ་བརྟན་མ་བཅུ་གཉིས་ནང་ཚན་ནུབ་ཀྱི་ལྷ་རི་གཡའ་མ་སྐྱོལ་ལམ་ཁུག་ཆོས་དབྱར་མོ་བསིལ་གྱི་གནས་རི་ཡིན་ནམ་སྙམ་ཡང་དཔྱད་དགོས།

བཞི་པ་ལྷོ་ཡི་སྐྱེ་འཐིང་གཡའ་མ་སྐྱོལ།

སྐྱེ་འཐིང་གཡའ་མ་སྐྱོལ་གྱི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་སྔོན་མོའི་རང་བཞིན་ལ།། གཡུ་བུན་འོད་ཀྱི་ནབ་བཟའ་གསོལ།། ཆིབས་སུ་ར་རྒོད་ཁ་དཀར་བཅིབས།། ཕྱག་ན་གཡུ་ལོ་ལྗོན་ཤིང་བསྣམས།།” ཞེས་[19]དང་། “གསང་མཚན་ལྷོ་སྨན་ཉག་གཅིག་མའོ།།” ཞེས་སོ།། དེ་ལ་ཡི་གེ་འབྲི་ཚུལ་དཔེ་ཆ་ནང་ལ༼སྐྱེ་མཐུན་གཡའ་མ་སྐྱོལ༽དང༼སྐྱེ་འཐིང་ཡ་མ་སྐྱོལ༽བཅས་ངེས་མེད་དུ་བཀོལ་ནས་འདུག དེའི་གནས་རི་ནི་དྲན་པའི《བསང་བརྔན》[20]དང་བློ་ལྡན《བསང་བརྔན》[21]སོགས་ཀྱི་ནང་ལ་ལྷོ་ཕུ་ལ་ཡོད་པ་གསལ་འདུག་ཀྱང་། ལྷོ་ཕུ་དེ་ས་ཆ་སྟོད་སྨད་ག་བར་ཡིན་གསལ་པོ་བཤད་མེད། 《ཕུར་པའི་གཏེར་བདག་དྲུག་གི་བསྐུལ་པ་》[22]ལས། གནས་རི་དེ་ལྷོ་བྲག་མཁར་ཆུ་ཡིན་པ་ངོས་འཛིན་ཐུབ་ཀྱི་ཡོད། ལྷོ་བྲག་མཁར་ཆུ་ནི་བོན་གྱི་ས་གནས་གལ་ཆེན་ཞིག་ཡིན། སྔ་མ་བྲུ་འདུལ་བ་རིན་པོ་ཆེ་སོགས་གྲུབ་ཆེན་དུ་མའི་བཞུགས་གནས་དང་། རྫོགས་ཆེན་བསྒྲགས་གསུམ་སྐོར་གྱི་བོན་དཔེ་རྩ་ཆེན་དུ་མ་བཞོད་སྟོན་དངོས་གྲུབ་གྲགས་པས་གཏེར་ནས་བཏོན་ས་དེ་ཡིན། ལྷོ་བྲག་མཁར་ཆུ་ནི་ཡར་ལྷ་ཤམ་པོའི་ལྷོ་ངོས་ལྷོ་བྲག་རྫོང་གི་ཁོངས་སུ་ཡོད་པ《  ལྷོ་ཁ་ས་ཁུལ་གྱི་གནས་ཡིག》  [23]ལས་གསལ་ཡོད། ལྷོ་བྲག་མཁར་ཆུ་ཞེས་པ་དེ་ཡར་ལྷ་ཤམ་པོའི་ས་ཆ་ཡི་ལྷོ་ངོས་ཡིན་པའི་ཆ་ནས་ལྷོ་བྲག་དང་། མཁར་ཆུ་ཞེས་པ་དེ་ཕུ་ཡི་གངས་རི་ཤེལ་དཀར་གྱི་བ་གམ་བརྩེགས་པ་བཞིན་ཡོད་པ་དང་། དེ་ལས་བབས་པའི་ཆུ་དེ་གཉིས་ལ་ལྷོ་བྲག་མཁར་ཆུ་ཞེས་འབོད་སྲོལ་འདུག དེའི་གངས་རི་དེ་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་ལྷོ་ཡི་སྐྱེ་འཐིང་གཡའ་མ་སྐྱོལ་གྱི་གནས་རི་དེ་ཡིན་པ་རྟོགས་ཐུབ།

ལྔ་པ་གངས་དཀར་ཤ་མེད།

གངས་དཀར་ཤ་མེད་ཀྱི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་དཀར་མོའི་རང་བཞིན་ལ།། ཉི་ཟེར་འོད་ཀྱི་ཁབ་ཆུང་ཅན།། ཆིབས་སུ་བྱ་རྒོད་ཐང་དཀར་བཅིབས།། གཡས་པས་དར་དཀར་རུ་མཚོན་ཕྱར།། གསང་སྨན་མང་པོའི་དམག་ཚོགས་སྡུད།། གཡོན་པས་བདུད་རྩིས་བུམ་པ་བསྣམས།།” ཞེས་[24]དང་། “གསང་མཚན་གངས་རུམ་སྨན་གཅིག་མའོ།།”ཞེས་སོ།། མཚན་ལ༼ཤ་མེད་གངས་དཀར༽དང༼གངས་དཀར་ཤ་མེད༽ཅེས་དཔེ་ཆ་ནང་ལ་མི་འདྲ་བ་གཉིས་གསལ་འདུག 《གནས་རི་དེ་དྲན་པའི་བསང་བརྔན》[25]དང་བློ་ལྡན 《བསང་བརྔན》[26] ས་སྐྱའི《བརྟན་མ་མཆོད་ཚུལ》  སོགས་ལས། བན་བོན་གཉིས་ཀར་ཤར་ཕྱོགས་ཇོ་མོ་གངས་དཀར་གྱི་གནས་འདི་ཤ་མེད་གངས་དཀར་གྱི་གནས་རི་ཡིན་པ་ངོས་འཛིན་གཅིག་གྱུར་བྱུང་འདུག གནས་རི་འདི་བོན་པོའི་ངོས་ནས་རྩ་ཆེན་ཞིག་ཡིན་ཏེ། “ཤར་ཕྱོགས་ཇོ་མོ་གངས་ཀྱི་སྒྲུབ་གནས་སུ།། རྟོགས་ལྡན་སྒོམ་ཆེན་འབར་བ་ལ་གསོལ་བ་འདེབས།།” ཞེས་གསལ་བ་ལྟར་དགོངས་མཛོད་རི་ཁྲོད་ཆེན་པོའི་སློབ་མ་རྟོགས་ལྡན་སྒོམ་ཆེན་འབར་བའི་སྒྲུབ་གནས་བྱིན་ཆེན་ཞིག་ཡིན་པ་འདོད། གནས་དེ་ནི་སྙེ་མོ་རྫོང་མར་རྐྱང་ཤང་ཐབ་མདུན་གྲོང་ཚོའི་ཁོངས་སུ་གནས། ཇོ་མོ་གངས་དཀར་ཞེས་དབུས་གཙང་གཉིས་ཀྱི་བར་ན་བརྗིད་ཉམས་ཆེ་ཞིང་། དུས་བཞིར་གཟི་མདངས་མི་འགྱུར་བའི་གངས་རི་ཆེན་པོ་དེ་ནི་བརྟན་མ་བཅུ་གཉིས་ནང་ཚན་ཤ་མེད་གངས་དཀར་གྱི་རི་དེའོ།།

དྲུག་པ་ཁ་རག་ཁྱུང་བཙུན།

ཁ་རག་ཁྱུང་བཙུན་གྱི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “གནོད་སྦྱིན་ནག་མོ་ཁྲོ་གཉེར་ཅན།། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས།། ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས།། འཁོར་ལ་དལ་བདག་འབུམ་གྱི་བསྐོར།། སྐུ་ལ་སྨུག་ནག་ལའུ་གསོལ།།” ཞེས་[27]དང་། “གསང་མཚན་འཇིག་རྟེན་སྨན་གཅིག་མའོ།།” ཞེས་དང་། གནས་རི་དེ་ནི་དྲན་པའི《བསང་བརྔན》[28]དང་བློ་ལྡན《བསང་བརྔན》[29]སོགས་ལས་བོད་དབུས་གཙང་གི་ས་ཁུལ་ལ་ཡོད་པ་གསལ་ཡོད། 《དབུས་གཙང་རིག་མཛོད་ཀྱི་དྲ་བ》ནང་[30]དབུས་གཙང་གཉིས་ཀྱི་བར་ལ་ཡོད་པའི་གངས་རི་བརྗིད་ཉམས་དང་ལྡན་པའི་གཙང་གི་ཇོ་མོ་ཁ་རག་དེ། ཡར་ཆབ་གཙང་པོས་གནས་དེ་སྐོར་བའི་ཚུལ་དུ་རྒྱུག་བཞིན་ཡོད་པ་དང་། ཇོ་མོ་ཁ་རག་གི་ཞལ་རིས་སྤུངས་ཕྱོགས་ལ་གཟིགས་བསྡད་ཡོད་པ་གསལ་འདུག 《  གཞི་རྩེ་ས་ཁུལ་གྱི་གནས་ཡིག》  [31]ལས། ཇོ་མོ་ཁ་རག་དེ་དབུས་གཙང་གཉིས་ཀྱི་བར་དུ་ཡོད་པ་དང་། དེར་ཇོ་ནང་ཏཱ་ར་ནཱ་ཐ་དང་གཞན་བླ་མ་རྩ་ཆེན་འགའ་གནས་རི་དེའི་ཉེ་འགྲམ་དུ་སྐུ་འཁྲུངས་པ་གསལ་ཡོད་པས། གནས་དེ་དབུས་གཙང་གཉིས་ཀྱི་བར་ལ་ཡོད་པ་རྟོགས་ཐུབ། ས་ཆ་དེ་ནི་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁ་རག་ཡུལ་ཤོག་ཏུ་གནས་ཡོད།

བདུན་པ་སྐྱེ་འཐིང་ཤག་གི་ལ་རོ་སྨན།

སྐྱེ་འཐིང་ཤག་གི་ལ་རོ་སྨན་གྱི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “གཡུ་མཐིང་བུ་མོ་མཛེས་སྡུག་མ།། སྐུ་ནི་བུད་མེད་མཛེས་མ་ལ།། ཆིབས་སུ་གཡུ་ཤ་སྔོན་མོ་བཅིབས།། ཕྱག་ན་དར་དཀར་དྲིལ་ཞགས་བསྣམས།།” ཞེས་དང་། “གསང་མཚན་ནི་བྱང་གི་སྨན་གཅིག་མའོ།།” ཞེས་གསལ། གནས་དེ་ནི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[32]ལས། འཕན་ཡུལ་ཞེས་པའི་ས་ཆ་ལ་སློབ་དཔོན་པད་འབྱུང་ཕེབས་དུས། ཀྱིན་འཐིང་ལ་རོ་སྨན་དང་སྟག་སྨན་གདོང་དང་བྱང་ཕུག་མ་རྣམས་ཀྱིས་བར་ཆད་བརྩམས་ནས་སློབ་དཔོན་སྐུ་འཁོར་འགྱེལ་ལ་ཁད་བྱས་པ་དང་། དེ་དུས་སྲོག་སྙིང་ཕུལ་ནས་ཀྱིན་འཐིང་ལ་རོ་སྨན་དེར་དམ་ལ་བཏགས་པ་གསལ་ཡོད། འཕན་ཡུལ་ཞེས་པའི་ས་ཆ་དེ་ད་ལྟ་ག་བར་ཡོད་ངོས་འཛིན་གསལ་པོ་མེད། གཞན་བོན་དཔེ་ནང་ལ་སྲུང་མ་འདིའི་གནས་སྐོར་གསལ་པོ་མཐོང་མ་སོང་།

བརྒྱད་པ་མ་བཙུན་འབྲོག་ཆེན་ཁོ་འདུལ་མ།

མ་བཙུན་འབྲོག་ཆེན་མའི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་སྔོན་མོའི་རང་བཞིན་ལ།། ཧ་ལོ་མཛེས་པའི་ཟུར་རྒྱན་ཅན།། སྐུ་ལ་ཆུ་དར་འཇོལ་བེར་གསོལ།། ཆིབས་སུ་ཆུ་མཛོ་སྔོན་མོ་བཅིབས།། ཕྱག་ན་གསེར་གྱི་བུམ་པ་བསྣམས།།” ཞེས་[33]དང་། “གསང་མཚན་ནི་བྱང་སྨན་ཀུན་གྲགས་མའོ།།” ཞེས་གསལ། གནས་དེ་ནི《མཁའ་ཀློང་གསང་མདོས》[34]ལས། རྒྱ་མཚོ་གཏིང་དང་གངས་དཀར་རྩེ་ལ་བཞུགས་པ་གསལ་ཀྱང་། རྒྱ་མཚོ་དང་གངས་དཀར་དེ་གཉིས་ས་གནས་འདི་ན་ཡོད་ཟེར་བའི་ངོས་འཛིན་གསལ་པོ་མེད། དྲན་པའི《བསང་བརྔན》[35]ལས། ཡུལ་ཤེལ་ལེན་ན་ལེན་ལ་ཡོད་པ་གསལ་ཡོད། ཤེལ་ལེན་ན་ལེན་ནི་ཤེལ་ཚྭ་རྫོང་གི་ལྷོ་ནུབ་ཤེལ་ཚྭ་ཤང་གི་གྲོང་རྡལ་དུ་ཤེལ་ཚྭ་ཇོ་མོ་གངས་རྒྱལ་ཡོད་པ་དེའི་མདུན་དུ། ཤིང་ཀུན་འཚོ་བ་ཞེས་པའི་གྲོང་ཚོ་ཞིག་དང་ན་བ་སླ་ང་ཟེར་བ་ཞིག་ཡོད་པས། དེ་ཤེལ་ལེན་དང་ན་ལེན་རེད་ཟེར་ནས་དེའི་ཡུལ་མི་ཚོས་གནས་སྐོར་བ་འགྲེལ་བརྗོད་དེ་འདྲ་ཡོད་པ་ཐོས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[36]ལས། ཤེལ་ཚྭ་ཇོ་མོ་གངས་རྒྱལ་དེ་འབྲོག་ཆེན་ཁོ་འདུལ་གྱི་གནས་རི་ཡིན་པ་གསལ་ཡོད། ཡུལ་མིའི་ངག་རྒྱུན་དང་དཔེ་ཆ་དེ་ཚོ་ལ་བརྟགས་ན་ཤེལ་ཚྭ་རྫོང་ཤེལ་ཚྭ་ཤང་གི་ཁོངས་སུ་ཡོད་པའི་ཤེལ་ཚྭ་ཇོ་མོ་གངས་རྒྱལ་དེ་བརྟན་མ་བཅུ་གཉིས་ནང་ཚན་འབྲོག་ཆེན་ཁོ་འདུལ་མའམ་བྱང་སྨན་ཀུན་གྲགས་མའི་གནས་རི་ཡིན་པ་རྟོགས་ཐུབ་སྙམ།

དགུ་པ་རྨ་ཏིང་ཤག་གི་འཕྲུལ་མོ་ཆེ།

རྨ་ཏིང་ཤག་གི་འཕྲུལ་མོའི་སྐུ་མདོག་ཕྱག་མཚན་ནི། 《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་དམར་མོའི་རང་བཞིན་ལ།། པད་མ་མཛེས་པའི་སྤྱན་ཟུར་ཅན།། སྐུ་ལ་ཨུ་དཔལ་ནབ་བཟའ་གསོལ།། ཆིབས་སུ་རྒྱ་རྟ་ཁ་དཀར་བཅིབས།། ཕྱག་ན་གསལ་བའི་ཞུགས་མར་བསྣམས།།” ཞེས་[37]དང་། གསང་མཚན་ནི་ཏིང་ཏིང་ཧ་ལོ་སྨན། གནས་ནི་བློ་ལྡན་《བསང་བརྔན》[38]ལས། ཡུལ་རྨ་ཡུལ་ཐང་བརྒྱད་ཅེས་པའི་ས་ཆ་ལ་ཡོད་པ་གསལ་ཡོད། རྨ་ཡུལ་ཐང་བརྒྱད་དེ་ས་ཆ་རྨ་རྒྱལ་པོམ་རའི་རྒྱུད་ཡིན་ནམ་ཡང་ན་ས་ཆ་གཞན་པ་ཡིན་གསལ་པོ་ཤེས་རྟོགས་མ་བྱུང་། ཡིན་ན་ཤེལ་ཚྭ་རྫོང་ཤེལ་ཚྭ་ཤང་གི་ཁོངས་སུ་ཡོད་པའི་སྟོང་རྒྱུང་རི་བོའམ་སྟོང་རྒྱུང་ཟོམ་ཁྲ་ཕྱུག་མོའི་རི་དེ་གནས་རི་ཡིན་པ་དང་། དེའི་གནས་སྲུང་དེ་ཏིང་ཏིང་དིང་མོ་བཙུན་ཡིན་པ་དེའི་ཡུལ་མི་ཚོས་བཤད་ཀྱི་འདུག གནས་རི་ཡོད་ས་དེར་རྨ་ཡུལ་ཐང་བརྒྱད་ཅེས་པའི་ས་ཆ་ཡོད་པ་བཤད་ཀྱི་མི་འདུག བོན་དཔེ《མཁའ་ཀློང་གསང་མདོས》དང《བསང་བརྔན》སོགས་ལ་བརྟགས་ན་ས་ཆ་རྨ་ཡུལ་ཞེས་པའི་ས་ཞིག་ལ་ཡོད་པ་གསལ་ཡོད་པས། ས་ཆ་དེར་རྨ་ཡུལ་ཞེས་པའི་ས་ཆ་ཡོད་མེད་དང་རྨ་ཏིང་ཤག་གི་འཕྲུལ་མོའམ་ཏིང་ཏིང་དིང་མོ་བཙུན་གྱི་གནས་རི་ཡིན་མིན་དཔྱད་གཞིར་ལུས།

བཅུ་པ་གདའ་ལ་བཙུན་མོ།

གདའ་ལ་བཙུན་མོའི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་མཛེས་སྡུག་ཁྲོ་གཉེར་ཅན།། སྐུ་ལ་གཡུ་བུན་ནབ་བཟའ་གསོལ།། ཆིབས་སུ་གཡུ་ཤ་སྔོན་མོ་བཅིབས།། ཕྱག་ན་ལོ་འབྲས་སྣ་ཚོགས་བསྣམས།།” ཞེས་[39]དང་། གསང་མཚན་ནི་གངས་ཀྱི་གཡུ་བུན་མའོ།། གནས་རི་དེ་ནི་བློ་ལྡན《བསང་བརྔན》[40]ལས། ཡུལ་ནུབ་ཡུལ་དག་མཚམས་ཞེས་པའི་ས་ཆ་ལ་ཡོད་པ་གསལ་ཡོད་པས། ནུབ་ཡུལ་དག་མཚམས་ནི་བལ་བོད་གཉིས་ཀྱི་ས་མཚམས་ཀྱི་ཉེ་སྐོར་ཡིན་པ་རྟོགས་ཐུབ། རྒྱུ་མཚན་ནི《པད་མ་བཀའ་ཐང》[41]ལས། པད་འབྱུང་བོད་ལ་འགྲོ་སྐབས་མང་ཡུལ་སྟོད་ལ་ཁར་འབྱོར་དུས། ཞང་ཞུང་སྒྲ་བླ་མ་མུ་ཙ་མས་བར་ཆད་བྱས་ནས་རི་བྲག་བར་དུ་བཅར་བར་མཛད་དུས་དམ་ལ་བཏགས་ནས་གསང་མཚན་རྡོ་རྗེ་གཡུ་བུན་མ་བཏགས་པ་ཡིན་ཞེས་བཤད་ཀྱང་། ངག་རྒྱུན་ལ། བཙན་མེ་སྟག་ཙམ་ཞིག་དང་། རྒས་མོ་ལ་འུ་ཙམ་གཉིས་ཤོར་ཞེས། རྟ་སྒོ་དང་སྒྲ་བླ་མ་གཉིས་དམ་ལ་བཏགས་མ་ཐུབ་པའི་བཤད་སྲོལ་ཞིག་ཡོད། མདོར་ན་གངས་ཀྱི་གཡུ་བུན་མ་ཞེས་པའི་སྲུང་མའི་གནས་དེའི་ཕྱོགས་སུ་ཡོད་པ་རྟོགས་ཐུབ་ཀྱི་འདུག བོན་སྒོ་ཨང་ཉེར་བདུན་ལས། 《ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་སྐོར་ལ་དཔྱད་པ》  [42]ཞེས་པ་དང་ངག་རྒྱུན་གཉིས་ལ་བསྟུན་ནས། ས་གནས་དེ་འཚོལ་སྐབས་སུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གྲེ་པ་ཤང་གི་ཁོངས་སུ་གཏོགས་པའི་གཡུ་རི་ཞེས་པ་དེ་ཡིན་པ་གསལ་ཡོད། གཡུ་རི་ཞེས་པ་དེ་ཡང་ཡུལ་མི་ཚོའི་ངག་རྒྱུན་ནས་གཡུ་བུན་མ་གནས་སའི་རི་ཡིན་པས་གཡུ་རི་ཟེར་བ་བཤད་ཀྱི་འདུག་པས། བརྟན་མ་བཅུ་གཉིས་ནང་ཚན་གདའ་ལ་བཙུན་མོའམ་གངས་ཀྱི་གཡུ་བུན་མའི་གནས་རི་དེ་ཡིན་པ་རྟོགས་ཐུབ་ཀྱི་ཡོད།

བཅུ་གཅིག་པ་གངས་ཀྱི་ཡུམ་གྱི་གཡུ་སྒྲོན་མ།

གངས་ཀྱི་གཡུ་སྒྲོན་མའི་སྐུ་མདོག་ཕྱག་མཚན་ནི《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་དཀར་མོ་ཤེལ་འོད་འབར།། དབུ་སྐྲ་སྔོན་པོ་འོད་ཟེར་འཕྲོ།། སྐུ་ལ་གཞའ་ཚོན་ནབ་བཟའ་གསོལ།། ཆིབས་སུ་གཡུ་བྱ་རྒོད་པོ་བཅིབས།། ཕྱག་ན་དར་དཀར་རུ་མཚོན་ཕྱར།།” ཞེས་དང་། གསང་མཚན་ནི་དཀར་མོ་འོད་འགྱེད་མའོ།། གནས་དེ་ནི་དྲན་པའི《བསང་བརྔན》[43]དང་བློ་ལྡན《བསང་བརྔན》[44]སོགས་ཀྱི་ནང་ལ་བརྟགས་ན་དེང་སྐབས་ཆོལ་གསུམ་གྱི་ནང་ཚན་དབུས་ཀྱི་ས་ཁུལ་ཡོད། དྲན་པས་གོང་གི་བརྟན་མ་བཅུ་གཉིས་ནང་ཚན་ལྷོ་ཡི་སྐྱེ་འཐིང་གཡའ་མ་སྐྱོལ་དང་། གངས་ཀྱི་ཡུམ་གྱི་གཡུ་སྒྲོན་མ་གཉིས་ཀ་ཡུལ་ལྷོ་ཕུག་དེ་བ་ལ་ཡོད་པ་བཤད་ཡོད། ལྷོ་ཕུག་དེ་བ་ནི་ལྷོ་བྲག་མཁར་ཆུའི་ས་ཆར་ཡིན་པ་ཕུར་པའི་གཏེར་སྲུང་དྲུག་གི་བསྐུལ་པ་ནང་ལ་གསལ་བས་དེར་ཡིན་ནམ་སྙམ། ཡང་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ནང་ཀ་ཚལ་དགོན་པའི་སྐོར་ལམ་ནང་དུ་ཉིན་པར་བུད་མེད་གཞོན་ནུ་མ་ཆས་བཟང་པོ་བྱེད་པ་ཞིག་ཐུག་པ་དང་། དེས་ཁོང་ལ་ཞིབ་ཏུ་ལྟ་ཞིང་སྐད་ཆ་བཤད་ནས་ཁོ་གཉིས་ཀ་ཚལ་གྱི་རི་རྩེ་དེར་ཕྱིན་ནས་ཁོང་དགོང་མོ་རི་ཁྲོད་ལ་བསྡད། དེའི་ནུབ་རྨི་ལམ་དུ་ལྷ་མོ་གཡུ་སྒྲོན་མའི་ཆོ་འཕྲུལ་ཡིན་པ་རྟགས་བྱུང་བ་སོགས་བཤད་འདུག་པས། དེ་ཡིན་ན་ཀ་ཚལ་དགོན་གྱི་ཉེ་སྐོར་ཡོད་པའི་སྲུང་མ་ཡིན་དགོས་པ་འདྲ་ཞིག་ཀྱང་ཡོད་པས་མུ་མཐུད་དཔྱད་གཞིར་གྱུར།

བཅུ་གཉིས་པ་རྨ་རི་རབ་འབྱམས་གྲགས་མོ་རྒྱལ།

རྨ་རི་རབ་འབྱམས་ཀྱི་སྐུ་མདོག་ཕྱག་མཚན་ནི། 《མཁའ་ཀློང་གསང་མདོས》ལས། “སྐུ་མདོག་སེར་མོ་འོད་ཟེར་འཕྲོ།། སྐུ་ལ་དར་ནག་འཇོལ་བེར་གསོལ།། ཆིབས་སུ་ཆུ་རྟ་མགྱོགས་མ་བཅིབས།། ཕྱག་ན་འཕྲུལ་གྱི་དྲི་ཞགས་བསྣམས།།” ཞེས་[45]དང་། “གསང་མཚན་སྨན་བཙུན་ཕྱུག་མོ་བསིལ།།” ཞེས་གསལ། གནས་དེ་ནི《བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་མཆོད་ཚུལ》[46]དང 《དཔལ་ལྡན་ལྷ་མོའི་ལོ་རྒྱུས》[47]སོགས་ཀྱི་ནང་ལ་བརྟགས་ན་མདོ་སྨད་རྨ་རྒྱལ་སྤོམ་རའི་ཉེ་འཁོར་དུ་ཡོད་པ་དང་། རྨ་ཆེན་སྤོམ་རའི་སྲིང་མོ་གཅིག་ཡིན་པ་གསལ་ཡོད། གོང་དུ《  མཁའ་ཀློང་གསང་མདོས》  ནང་དང《  འབེན་ཟློག》  བཅས་ཀྱི་ནང་བརྟན་མ་ལ་མཚན་གསོལ་དུས་གནས་རི་དེ་དང་འབྲེལ་བའི་སྒོ་ནས་བཏགས་ཡོད་པས། འདི་ཡང་རྨ་རི་རབ་འབྱམས་ཞེས་གསོལ་དུས་ཕལ་ཆེར་གནས་རི་དེ་རྨ་རྒྱལ་སྤོམ་རའི་ཉེ་སྐོར་ཡིན་པས་དེའི་ཆ་ནས་མིང་བཏགས་པ་ཡིན་ནམ་སྙམ། གཞན་འབྲས་སྤུངས་དགོན་གྱི་ལོ་རྒྱུས་ནང་འབྲས་སྤུངས་དགོན་གྱི་རྒྱབ་རི་དེ་རྨ་རི་རབ་འབྱམས་ཀྱི་གནས་རི་ཡིན་པ་བཤད་འདུག་པས་དཔྱད་དགོས།

ད་ལན་ཁོ་བོས་བརྟན་མ་བཅུ་གཉིས་སྐོར་དཔེ་ཆ་དུ་མ་ཞིག་ལྟ་ཁུལ་བྱས་པའི་བརྒྱུད་རིམ་ཁྲོད་ནས། མཐར་རང་གི་བློ་ངོར་ཤར་ཚོད་ཙམ་ཞིག་འདིར་འབྲི་ཁུལ་བྱས་པ་ཡིན། དེ་སྔོན་འདིའི་སྐོར་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་བརྟན་མ་བཅུ་གཉིས་སྐོར་ཞིག་དང་། ཁྱུང་ལུང་དངུལ་མཁར་བས་བོན་དྲིས་ལན་ར་བར་ལན་འདེབས་གནང་བ་ཞིག་ཡོད་པ་ལས། གཞན་གནད་དོན་འདི་ཡི་སྐོར་དཔྱད་རྩོམ་བྲིས་བཞག་པ་མཐོང་ཐོས་མ་གྱུར། སྤྱིར་བཏང་བརྟན་མའི་སྐུ་མདོག་ཕྱག་མཚན་སོགས་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། འདིར་བོན་དཔེ《མཁའ་ཀློང་གསང་མདོས》ལ་གཞི་བཞག་བྱས་ནས་བྲིས་ཡོད། གནས་རི་ངོས་འཛིན་བྱེད་རྒྱུའི་ཐད་དཔེ་རྙིང་ཁག་གི་ནང་བརྟན་མ་བཅུ་གཉིས་ཀྱི་གནས། ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་གནས་ཡོད་པ་བཤད་པས། ཁོ་བོས་བསམ་པར་དབུས་ལྷ་སའི་རྒྱུད་ལ་ངོས་འཛིན་བྱས་ནས་ཤར་ལྷོ་ནུབ་བྱང་ཕྱེས་བཞག་པ་མཐོང་སོང་། ཡུལ་དུས་ཀྱི་བསྐལ་བས་ས་ཆ་དེར་འགྲོ་སྐྱོད་མ་ཐུབ་པས་གནས་ཀྱི་ལོ་རྒྱུས་འབྲི་བ་ལ་སྟོང་ཆ་ཆེན་པོ་ཞིག་རང་ཤུགས་ཀྱིས་ཆགས་ཀྱི་འདུག གནས་འདི་ངོས་འཛིན་བྱེད་པ་ལ་དང་པོ་དཔེ་རྙིང་སྔོགས་འདོན་བྱས་ནས་དེ་ཚོའི་ནང་བཤད་ཚུལ་དེ་གཞི་འཇོག་དགོས་པ་གལ་ཆེན་རེད་འདུག རྒྱུ་མཚན་ནི་འདི་ཡི་ལོ་རྒྱུས་ཐོག་མའི་བྱུང་ཁུངས་བོན་ལ་ཐུག་པས་རྒྱུ་མ་ཕུ་འདེད་ཀྱི་ཚུལ་བྱས་ཏེ་གནའ་དཔེ་དང་ལོ་རྒྱུས་ཀྱི་དཔང་རྟགས་འཚོལ་དགོས་པ་ལས། ཐུབ་ཆོས་དར་བའི་རྗེས་སུ་བཤད་སྲོལ་རང་ལ་ཡིད་ཆེས་བྱས་ནས་གནས་རི་དེ་དག་ངོས་འཛིན་མཐའ་གཅིག་ཏུ་ཁག་པོ་རེད། དཔེར་ན་ཆོས་པ་ཚོས་བཤད་ཚུལ་དུས་རབས་བརྒྱད་པ་ནང་སློབ་དཔོན་པད་མ་བོད་ལ་ཕེབས་ནས་བོད་ཀྱི་ཡུལ་ས་གཞི་བདག་ཚང་མ་དམ་ལ་བཏགས་ཟེར་ནས་བཤད་སྲོལ་འདུག བོན་གྱི་བརྟན་མ་བཅུ་གཉིས་ཀྱི་སྲུང་མ་དེ་ཚོ་ཆོས་ཀྱི་སྲུང་མའི་གྲས་སུ་བཅོས་བསྒྱུར་བྱས་པའི་གོ་རིམ་ཁྲོད་དུ་སྲུང་མའི་མཚན་དང་གནས་རིའི་ཐ་སྙད་སོགས་འདོག་སྟངས་མི་འདྲ་བ་དུ་མ་ཞིག་བྱུང་ཡོད། ཕྱིས་སུ་ཆོས་རྒྱུད་རེ་རེའི་ནང་ལ་བླ་མ་དེ་ཚོས་བརྟན་མའི་གསོལ་ཁ་རེ་མཛད་ནས་སྲུང་མའི་མཚན་དང་གནས་རི་སོགས་བསྒྱུར་བཅོས་རེ་ཐེབས་ཡོད། དེ་འདྲའི་བཅོས་བསྒྱུར་དུ་མ་ཞིག་བྱུང་བའི་བརྒྱུད་རིམ་ཁྲོད་ནས། ད་ལྟ་སྲུང་མ་དེའི་གནས་རི་དངོས་དང་དངོས་མིང་གང་ཡིན་སོགས་དངོས་བྱུང་གི་ལོ་རྒྱུས་བཤད་དགོས་ན་དཀའ་མོར་གྱུར་ཡོད། དཔེར་ན་ཐ་སྙད་འགྱུར་བ་སོང་ཚུལ་སྔ་མ་བརྟན་མ་བཅུ་གཉིས་མཚན་གྱི་དབུ་ལ་བོན་ལུགས་དང་འབྲེལ་བའི་ཐ་སྙད། གཡུང་དྲུང་ཀུན་གྲགས་དང་གཡུང་དྲུང་གཡའ་མ་སྐྱོལ་ཟེར་བའི་ཐ་སྙད་དེ་ཚོ། ཕྱིས་སུ་རྡོ་རྗེ་ཀུན་གྲགས་དང་། རྡོ་རྗེ་གཡའ་མ་སྐྱོལ་ཟེར་ནས་བརྟན་མ་ཚང་མའི་མཚན་གྱི་དབུ་ལ་རྡོ་རྗེ་རེ་སྦྱར་ནས་ཐ་སྙད་བཅོས་བསྒྱུར་ཅི་ཐུབ་བྱས་ཡོད། དེ་རྗེས་ཆོས་རྒྱུད་རེ་རེའི་ནང་ལ་བླ་མ་རེས་བརྟེན་མའི་གསོལ་ཁ་རེ་མཛད་ནས་མཚན་དང་གནས་རི་མི་འདྲ་བ་འགའ་བཅོས་བསྒྱུར་བྱུང་ཡོད། དཔེར་ན་ས་སྐྱའི་བསྟན་མ་བཅུ་གཉིས་དང་སྨན་གླིང་ལུགས་ཀྱི་བསྟན་མ་བཅུ་གཉིས་ཟེར་ཡ་ཆོས་རྒྱུད་རེ་ལ་བརྟན་མ་བཅུ་གཉིས་མི་འདྲ་བ་རེ་ཕལ་ཆེར་བྱུང་ཡོད། ད་ལན་ཁོ་བོས་བོན་གྱི་དཔེ་ཆའི་ཁྲོད་བརྟན་མ་བཅུ་གཉིས་མཚན་མི་འདྲ་བ་ཁ་ཤས་ཡོད་ཀྱང་དེའི་ནང་མཐུན་ཤས་ཆེ་ཤོས་དེ་མཁའ་ཀློང་གསང་མདོས་ཡིན་པས་དེ་ལ་གཞི་བཞག་ནས་དེ་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཁག་ལ་ཏོག་ཙམ་དཔྱད་ཁུལ་བྱས་པ་ཡིན་ནོ།། །།

དཔྱད་གཞིའི་ཡིག་ཆ།

1 《མཁའ་ཀློང་གསང་བའི་མདོས་ཆེན》 འོ་སྒོམ་ཕུག་པའི་གཏེར་མ།

<<འདུལ་རྒྱུད་ཕྱར་བ་ཐང་ཆེན།>> སྒོ་བཞི་མཛོད་ལྔའི་དཔེ་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

2 《གསང་སྔགས་སྤྱི་སྤུངས་ཁྲོ་བོ་རྒྱུད་དྲུག》 སྟོན་པ་འཆི་མེད་གཙུག་ཕུད་ཀྱི་བཀའ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།        

3 བླ་ཆེན་དྲན་པ་ནམ་མཁའི《སྲིད་པའི་བརྔན་ཆེན》 མཛད་པ་པོ་དྲན་པ་ནམ་མཁའ།

4《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 རྩོམ་པ་པོ་ཉང་ཉི་མ་འོད་ཟེར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

5 《གསང་ཕུར་སྒྲུབ་སྐོར》 ཟམ་ཞིག་གླིང་ཚང་གི་བྲིས་མ། རྨ་འཐིང་གཏེར་མ།

5 《བསང་བརྔན་བསམ་གྲུབ་ཡིད་བཞིན་ནོར་བུ》 མཛད་པ་པོ་སྤྲུལ་སྐུ་བློ་ལྡན་སྙིང་པོ།

7 སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི《བསང་བརྔན》

8 《བོད་ཡུལ་གནས་ཀྱི་ལམ་ཡིག》 སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་།

9 《བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་ངུར་བསྡུས་པ་འདོད་འཇོའི་སྙེ་མ་ལེའུ་ཆུང》   འགྱུར་མེད་རྡོ་རྗེ།    

10 《བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་ཡུལ་སྲོལ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤར་ཡུལ་ཕུན་ཚོགས་ཚེ་རིང་།

11 《ཚངས་དབྱངས་རྒྱ་མཚོའི་གསང་རྣམ》 ལྷ་བཙུན་ངག་དབང་རྡོ་རྗེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

12 《གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ》 རྩོམ་པ་པོ་ཆོས་འཕེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

[1]《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། ”དེ་ནི་གནམ་དུ་བྱོན་ཏེ་གནམ་བྱང་ངོས་ཀྱི་བྲག་ཕུག་དུ་ཞག་བདུན་བཞུགས་བྱང་གི་འདྲེ་སྲིན་སྤུན་བདུན་བཏུལ། ས་གཞི་བྱིན་གྱིས་བརླབས་སོ།། དེ་ནས་བོད་ཀྱི་བསྟན་མ་རྣམས་ཀྱི་བར་ཆད་བརྩམས་པས། སློབ་དཔོན་གྱིས་རི་གཉན་ཐམས་ཅད་ཞབས་ཀྱི་བཅགས། ཕྱག་མཁར་བོར་དེ་གཡའ་རི་གངས་རིའི་གནས་ཐམས་ཅད་བཤིགས་ཏེ་བཏུལ། བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་བཏུལ་ནས་དམ་ལ་བཏགས་ཏེ་སྲོག་སྙིང་ཕུལ།” ཞེས་གསལ།

[2] <<འདུལ་རྒྱུད་ཕྱལ་བ་ཐང་ཆེན་>>ལས། སྨན་ཡུལ་ཀྱེ་མོ་དགྱེས་སྟེང་ན།  ཡབ་གསེར་གྱི་ཕ་བོང་ཡ་མ་གྲུས།  ཡུམ་གཡུ་ཡི་ཕ་བོང་དེ་དང་བཤོས།  འཇིག་རྟེན་སྨན་མོ་མང་དུ་གྲོལ།  ཇོ་གནམ་སྨན་དཀར་མོ་དང་།  ཇོ་མོ་རྐོང་བཙུན་དེ་མོ་དང་།ཇོ་མོ་ཀ་ཀ་སེར་མོ་ཐང་།   ཇོ་མོ་ལྷ་རི་གཡའ་མ་སྐྱོལ། ཇོ་མོ་གངས་དཀར་ཤ་མེད་མ།  ཇོ་མོ་སྐྱི་འཐིང་གཡའ་མ་སྐྱོལ།   ཇོ་མོ་ཁ་རག་ཁྱུང་བཙུན་དཔལ།  ཇོ་མོ་ཤགས་ཀྱི་ལ་རོ་སྨན།   ཇོ་མོ་འབྲོང་ཆེན་ཁོ་འདུལ་མ།   ཇོ་མོ་རྨ་ཏི་ཤགས་ཀྱི་སྨན།    ཇོ་མོ་གདའ་ལ་བཙུན་མོ་དང་།  ཇོ་མོ་གངས་ཀྱི་གཡུ་སྒྲོན་མ།  རྨ་རི་རབ་འབྱམས་གྲག་མོ་རྒྱལ། སྨན་མོ་བཅུ་གཉིས་རྗེ་འབང་བཅས། ཞེས་སོ།།

[3]《དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད》ལས། “རི་རབ་ལྷུན་པོ་ལྷོ་ཕྱོགས་ནས།། གསང་ཕུར་སྲུང་མ་ཞལ་མཆིས་མ།། རླན་བྱེད་ཆུ་ཡི་དབལ་མོ་བདུན།། སྤྲུལ་པའི་ཆ་ལུགས་སོ་སོར་ལྡན།། རང་རྟགས་མཚོན་ཆ་རེ་རེ་བསྣམས།། དམ་ཉམས་དགྲ་བོའི་ལྔ་ཕུང་འདི།། རྡུལ་དུ་བརླག་པའི་ཕྲིན་ལས་བཅོལ།། དེ་ནི་ཇག་མ་བཅུ་གཉིས་ནི།། གསང་བ་སྲོག་གི་ཤན་པ་མོ།། དགྲ་སྲོག་བཅོལ་བའི་ཕྲིན་ལས་བཅོལ།།” ཞེས་གསལ།

[4]〈གསང་ཕུར་ནང་སྲོག་གི་ཇག་མ་བཅུ་གཉིས་བསྐུལ་པའི་ལེའུ〉ལས། “སྲོག་གི་སེང་དར་ཇག་པ་མོ།། གངས་ཀྱི་ཡུམ་གྱི་གཡུ་བུན་མ།། གསང་མཚན་གཡུང་དྲུང་ཀུན་གྲགས་མ།།”

[5]《མཁའ་ཀློང་གསང་བའི་མདོས་ཆེན》ལས། “བསྭོ་མ་གཅིག་བདེ་འགྲོ་གསང་ཡུམ་གྱི།། ལྷུ་ཚིགས་བཅུ་གཉིས་སྤྲུལ་པ་ལ།། འཇིགས་རྟེན་བརྟན་མ་བཅུ་གཉིས་སྲིད།།” ཅེས་གསལ།

[6]《སྲིད་རྒྱལ་ནང་བསྐང》ལས། “བསྭོ་མ་གཅིག་ཡང་སྤྲུལ་སྨན་མོ་འཁོར་དང་བཅས།། གངས་དཀར་ཤ་མེད་བརྟན་མ་བཅུ་གཉིས་དང་།། ཡང་སྤྲུལ་སྨན་མོ་འཁོར་དང་བཅས་པ་ལ།།” ཞེས་གསལ།

[7]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད།

[8]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད། ཤོག་གྲངས་༤༨ནང་ལས་གསལ།

[9]བློ་ལྡན《བསང་བརྔན》ལས། “ཡུལ་ནི་བྱང་ཡུལ་བྱང་སྟོད་ན།། བྱང་གི་ཁ་ཀར་སེར་མོ་ཐང།།” ཞེས་གསལ་ཡོད།

[10]《གསང་ཕུར》ལས། “སྙིང་མོ་རྩ་འབྲང་གནས་ནས་སྐུ་བསྐྱོད་ལ།།” ཞེས་གསལ།

[11] 《བོད་ཡུལ་གནས་ཀྱི་ལམ་ཡིག》ལས། “འོམ་ཕུའི་བྱང་དུ་ཅུང་ཞིག་ཕྱིན་ན་འོམ་མོ་ཞེས་པའི་ལུང་པ་དང་འཕྲད། དེ་ནས་ཕར་བྱང་དུ་བལྟས་པའི་བྱེ་མའི་སྒང་ཆེན་པོ་མཐོང་ས་དེར་ཐག་རིང་གི་རི་རྩེ་ནས་དཔྱིད་ཀར་བལྟས་ན་རྩྭ་ཡི་སྐྱེ་སྟངས་ཀྱི་རི་མོ་ཀ་ཁ་སོགས་གསལ་བར་མཐོང་ཟེར། དེ་ནི་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་བྱང་གི་ཀ་ཁ་སེར་མོ་ཐང་ཞེས་པ་དེ་ཡིན་པར་གྲགས།” ཞེས་གསལ།

[12]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད། ཤོགས་གྲངས་༤༨༦ནང་ལས་གསལ།

[13]《གསང་ཕུར》ལས། “སྲོག་གི་སེང་དར་ཇག་པ་མོ།། མ་བཙུན་ཨུག་ཆོས་དབྱར་མོ་བསིལ།། གསང་མཚན་གཡུང་དྲུང་ལེབ་བརྒན་དབང་།།” ཞེས་གསལ་ཡོད།

[14]སྨན་གླིང་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་དང་སྲོག་གཏད་ལས། “གཙང་གི་ཇོ་མོ་ནག་རྒྱལ་གསང་བའི་མཚན། སྨན་བཙུན་ཨུ་ཆོས་རྡོ་རྗེ་གཡར་མོ་བསིལ།།” ཞེས་གསལ།

[15]དྲན་པའི《བསང་བརྔན》ལས། “ཡུལ་ནི་སེ་ཤོད་དེ་གྲོང་ན།། གདུང་རུས་བཙུན་པའི་ཁུག་ཆོས་བཟའ།། ཆིབས་སུ་རུ་སྦལ་མགོ་དགུ་བཅིབས།།” ཞེས་གསལ།

[16]བློ་ལྡན《བསང་བརྔན》ལས། “ཡུལ་ནི་སེ་ཤད་དེ་གྲོང་ན།། སྲིང་ཅིང་ཁུ་ཆོས་དབྱར་མོ་བསིལ།། ཆིབས་སུ་རུ་སྦལ་མགོ་དགུ་བཅིབས།།” ཞེས་གསལ།

[17]《བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་ཡུལ་སྲོལ》ལས། “གཙང་སྟོད་ཇོ་ནག་རྒྱལ༼བཞད་མཐོང་སྨོན་ཁོངས༽གསང་བའི་མཚན། སྨན་བཙུན་ཨུ་ཆོས་རྡོ་རྗེ་གཡའ་མོ་བསིལ།” ཞེས་གསལ།

[18]《དཔལ་བོ་དོང་ཨེ་ཆོས་སྡེ་ཆེན་པོའི་ལོ་རྒྱུས་ཉུང་བསྡུས》ལས། “ས་ཡི་དགེ་བཅུ་ཚང་བའི་གཙང་སྟོད་གཡས་རུ་ཆ་སྨན་བཙུན་ཨུ་ཆོས་ཀྱི་བླ་རིའམ་ཇོ་མོ་ནག་རྒྱལ་གྱི་མདུན་དུ་ས་གྲུ་གསུམ། ཆུ་གྲུ་གསུམ། གཤིན་རྗེའི་དོན་ཁ། ཆོས་དབྱིངས་དྲག་པོའི་གཞལ་ཡས་ཁང་།” ཞེས་གསལ།

[19]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད།

[20]དྲན་པའི《བསང་བརྔན》ལས། “ཡུལ་ནི་ལྷོ་ཕུ་དེ་བ་ནས།། གདུང་རུས་བཙུན་པའི་གཡའ་བཟའ་མ།།” ཞེས་གསལ།

[21]བློ་ལྡན་《བསང་བརྔན》ལས། “ཡུལ་ནི་ལྷོ་ཕུ་དེ་སྙིལ་ནས།། སྲིང་གཅིག་སྐྱིན་མཐུན་གཡའ་མ་སྐྱོལ།།” ཞེས་གསལ།

[22]《ཕུར་པའི་གཏེར་བདག་དྲུག་གི་བསྐུལ་པ》ལས། “དམིགས་པའི་ཡུལ་དང་བཞུགས་པའི་མཁར།། ལྷོ་བྲག་ཁམས་སྟེང་བཀོར་བདག་བྱེད།། ཐ་ཚིག་ངང་ལ་མ་གཡེལ་བར།། ཐུགས་དམ་རྒྱུད་བསྐུལ་བཅོལ་བར་མཛོད།། མི་གཤེན་བདག་ལ་འགྲས་པའི་དགྲ་བོ་འདི།། གླད་པ་དར་གྱི་ཡོལ་བ་བཤུས་ལ་ཤོག། གླད་ཁྲག་དྲོ་མོ་འཐུང་ལ་ཤོག།། ནང་ཁྲོལ་གསང་བའི་སྒོ་ཕྱེས་ལ།། དོན་སྙིང་སྨན་ལྔ་ཐོན་ལ་ཤོག།ལྟེ་བ་སྤྲུལ་པའི་སྒོ་ཕྱེས་ལ།། ཁོང་ཁྲག་མཛུག་རུས་དྲོང་ལ་ཤོག། ཁྱོད་ལ་མིང་དང་མཚན་གསོལ་བ།། སྐྱེ་འཐིང་ཡ་མ་མཐུ་བོ་ཆེ་ཞེས།།” ཞེས་གསལ།

[23]《ལྷོ་ཁ་ས་ཁུལ་གྱི་གནས་ཡིག་མཁར་ཆུ་དགོན་གྱི་ལོ་རྒྱུས》ལས། “ཐིག་ཕྱི་དགོན་ནས་འཁོར་ལམ་བརྒྱུད་སྤྱི་ལེ་སུམ་བཅུ་སོ་བཞི་ཙམ་སོང་ན་ལྷ་ཁང་དུ་འབྱོར། དེ་ནས་ལྷོ་ངོས་ཀྱི་ནགས་རིར་རྐང་ཐང་མར་ཆུ་ཚོད་གཉིས་ལྷག་ཙམ་དང་། འཁོར་ལམ་བརྒྱུད་སྤྱི་ལེ་དགུ་ཙམ་སོང་ན་ལྕགས་ཕུར་ཞེས་པའི་རི་བོའི་སྟེང་ཐང་ཤིང་དང་ཤུག་ལ་སོགས་ལྗོན་ཤིང་སྣ་ཚོགས་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད། མཁར་ཆུ་ཞེས་པ་ནི་བྲག་མཁར་བདེ་མཆོག་རང་བྱོན་ནམ་མཁའ་ལ་བསྙེགས་འདྲའི་མདུན་ནས་ཕུ་ཆུ་རྒྱུགས་པས་མཁར་ཆུ་ཞེས་འབོད།” ཅེས་གསལ།

[24]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད།

[25]དྲན་པའི《བསང་བརྔན》ལས། “ཡུལ་ནི་གངས་དཀར་ཤེལ་འོད་ན།། གདུང་རུས་བཙུན་པའི་ཤེལ་བཟའ་མ།། སྲིང་ཅིང་ཤ་མེད་གངས་དཀར་མ།།” ཞེས་གསལ།

[26]བློ་ལྡན《བསང་བརྔན》ལས། “ཡུལ་ནི་གཡས་རུ་རྩང་སྟོད་ན།། སྲིང་གཅིག་གངས་དཀར་ཤ་མེད་མ།།” ཞེས་གསལ།

[27]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད།

[28]དྲན་པའི《བསང་བརྔན》ལས། “ཡུལ་ནི་དབུས་ཀྱི་སྙིང་པོ་ནི།། གདུང་རུས་བཙུན་པའི་ཁྱུང་བཟའ་མ།། སྲིང་ཅིག་ཁ་རག་ཁྱུང་བཙུན་མ།།” ཞེས་གསལ།

[29]བློ་ལྡན《བསང་བརྔན》ལས། “ཡུལ་ནི་གཙང་གི་རུ་མཚམས་ན།། སྲིང་ཅིང་ཁ་རག་ཁྱུང་བཙུན་མ།།” ཞེས་གསལ།

[30]《དབུས་གཙང་རིག་མཛོད་དྲ་བ》ལས། “དབུས་གཙང་གཉིས་ཀྱི་ས་མཚམས་སུ་ཡུལ་སྐྱིད་པོ་ཁ་རག་ཅེས་པར་སྲིད་པའི་གངས་རི་གཉིས་བརྗིད་ངེར་འགྱིངས་བཞིན་ཡོད། ཡར་ཆབ་གཙང་པོས་གནས་འདིར་བསྐོར་བའི་ཚུལ་དུ་རྒྱུག་བཞིན་ཡོད། ཡུལ་འདིར་གནས་པའི་མི་ཚོས་སྔ་དྲོ་དེའི་ཕྱོགས་སུ་བསང་གསོལ་དང་གསོལ་འདེབས་བྱེད་མུས་ལ་ལམ་དུ་འགྲོ་བའི་མི་ཚོས་ཀྱང་དད་གུས་ཀྱི་རེ་སྨོན་ཞུ་བཞིན་ཡོད་ལ་བོད་ཟླ་བཞི་པའི་ནང་དེའི་མཐའ་འཁོར་གྱི་གྲོང་སྡེ་ཆུ་ཤུལ་གོང་དཀར་སྣ་དཀར་རྩེ་སྙེ་མོ་རིན་སྤུངས་སོགས་ནས་གངས་བསྐོར་ལ་ཕེབས་མཁན་མང་། འདི་ནི་གཙང་གི་ཇོ་མོ་ཁ་རག་ཅེས་འབོད་པའི་གངས་རི་དེ་ཡིན།” ཞེས་གསལ།

[31]《གཞིས་རྩེ་ས་ཁུལ་གྱི་གནས་ཡིག》ལས། “ཇོ་ནང་ཏཱ་ར་ནཱ་ཐ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་ཆོས་འཁོར་ལྟིངས་ཞེས་པར་ཡབ་རྭ་ལོའི་གདུང་རྒྱུད་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༥༧༥ལོར་སྐུ་འཁྲུངས།”ཞེས་གསལ།

[32]《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། “དེ་ནས་འཕན་ཡུལ་དུ་བྱོན་ཙ་ན་བྱང་གི་ཀྱིན་འཐིང་ལ་རོ་སྨན་དང་། སྟག་སྨན་གྱི་གདོང་དང་། བྱང་ཕུག་མ་རྣམས་ཀྱིས་བྱང་ཁ་མཐུན་གསུམ་ལྷག་པ་ཐམས་ཅད་གཅིག་དུ་བསྡུས་ཏེ། སློབ་དཔོན་འཁོར་བཅས་ལ་བརྒྱབ་པས་འཁོར་རྣམས་འགྱེལ་ལ་ཁད། རེངས་ལ་ཁད་དུ་གྱུར། སློབ་དཔོན་ཡང་སྐུ་གསེར་རི་ཙམ་མཛད་ནས་དེར་སློབ་དཔོན་གྱིས་གངས་རི་གཡའ་རི་རྫ་རི་ཐམས་ཅད་མེ་དཔུང་དུ་བྱིན་གྱིས་བརླབས་ཏེ་བསྒོམས་པས། མར་ལ་ལྕག་ཚ་མོ་ཕོག་པ་ལྟར་ལྷན་གྱིས་ཞུ་བར་གྱུར་པས་དེར་བོད་ཀྱི་གནོད་སྦྱིན་མོ་མཐུ་མོ་ཆེ་རྣམས་བཏུལ་ཏེ་དམ་ལ་བཏགས་སོ།། སྲོག་གི་སྙིང་པོ་ཕུལ་ཏེ་མིང་ཡང་བྱང་ཀྱིན་འཐིང་ལ་རོ་སྨན་དུ་བཏགས་སོ།།” ཞེས་གསལ།

[33]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་བཀོད་ཡོད།

[34]《མཁའ་ཀློང་གསང་མདོས》ལས། “མ་བཙུན་འབྲོག་ཆེན་ཁོ་འདུལ་མ།། གསང་མཚན་བྱང་སྨན་ཀུན་གྲགས་མ།། བཞུགས་ནི་རྒྱ་མཚོའི་གཏིང་ལ་བཞུགས།། གནས་ནི་གངས་དཀར་རྩེ་ལ་གནས།།” ཞེས་གསལ།

[35]དྲན་པའི《བསང་བརྔན》ལས། “ཡུལ་ནི་ཤེལ་ལེན་ནས་ལེན་ན།། གདུང་རུས་བཙུན་པའི་ཡར་བཟའ་མ།། སྲིང་ཅིང་འབྲོག་ཆེན་ཁོ་འདུལ་མ།།” ཞེས་གསལ།

[36]《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། “དེ་ནས་བྱང་ཁའི་གཡའ་རི་གངས་རི་རྣམས་ཀྱི་ལྷ་སྲིན་བཏུལ་ཏེ། ཤེལ་ཚ་རྒྱལ་མོ་གངས་ཀྱི་མིང་བྱང་གི་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ་མོར་མིང་བཏགས་སོ།།” ཞེས་གསལ།

[37]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་དྲངས་ཡོད།

[38]བློ་ལྡན《བསང་བརྔན》ལས། “ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན།། སྲིང་ཅིག་ཏིང་ཏིང་དིང་མོ་བཙུན།།” ཞེས་གསལ།

[39]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་བཀོད་ཡོད།

[40]བློ་ལྡན《བསང་བརྔན》ལས། “ཡུལ་ནི་ནུབ་ཡུལ་དག་མཚམས་ན།། སྲིང་ཅིག་གངས་ཀྱི་གཡུ་བུན་མ།།” ཞེས་གསལ།

[41]《པད་མ་བཀའ་ཐང》ལས། “ཞང་ཞུང་དགྲ་བླ་ཛ་མུན་ཞེས་བྱ་བས། སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅར། བར་སྣང་ལ་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལ། གསང་མཚན་རྡོ་རྗེ་གཡུ་བུན་མ་བཏགས།”ཞེས་གསལ།

[42]《བོན་སྒོ》ཨང་ཉེར་བདུན་ལས། 〈ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་སྐོར་ལ་དཔྱད་པ〉ལས། “ཞང་ཞུང་སྒྲ་བླ་མུ་ཙ་མེད་དམ་ལ་བཏགས་ནས་གནས་སུ་བཅུག་པའི་རི་དེ་འཚོལ་བར་ཕྱིན་པ་ཡིན། དིང་སང་གི་སྐྱིད་གྲོང་རྫོང་གི་ཁོངས་སུ་ཡོད་པའི་རྫོང་ཁའི་ཕྱོགས་ནས་ཕར་བལྟས་ན། སྲིད་པའི་གངས་གཉན་གངས་དཀར་ཤ་མེད་མཐོང་ཐུབ་ཅིང་། གངས་རིའི་གཡས་ངོས་སུ་ཡར་ཐད་དུ་ཕྱིན་ན་མང་ཡུལ་དོན་ལ་ཁར་རམ་ཁ་ལ་ལ་ཅན་བྱ་བ་དེ་ཡོད། དེ་ནི་ཡོངས་གྲགས་སུ་སྲིད་པའི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་དམ་འདོགས་བྱེད་སའི་ཡུལ་དེ་ཡིན་པ་དང། ད་ལྟའི་གནས་ཡུལ་ནི་ས་སྐྱོང་འབུར་བའི་གདུང་རྒྱུད་དང་མངའ་རིས་སྨད་རྫོང་ཁའི་འདྲེས་མཚམས་དེ་རེད། ཁ་ལ་བྱ་བའི་ལ་ཆེན་པོ་དེ་བརྒལ་ནས་གཡས་ཕྱོགས་སུ་ཕྱིན་ན། སྲིན་མཚོའམ་དཔལ་ཁུལ་མཚོའི་འདབས་སུ་ཇ་མང་པོ་བྱ་བའི་གྲོང་ཚོ་ཞིག་ཡོད་ཅིང་། དེ་ན་བསྟན་མ་བཅུ་གཉིས་ཀྱི་གྲས་སུ་ཡོད་པའི་རྡོ་རྗེ་གཡུ་བུན་མའམ་གཡུ་སྒྲོན་མ་བྱ་བའི་སྒྲ་བླའི་གནས་རི་དེ་ཡོད་ཅིང་། ཡུལ་དེའི་མི་རྣམས་ཀྱི་ངག་རྒྱུན་དུ་རི་དེ་ལ་མང་པོ་གཡུ་རི་ཞེས་འབོད་ཅིང་། དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞང་ཞུང་སྒྲ་བླ་མུ་ཙ་མེད་དམ་འདོགས་བྱས་ནས། མཚན་ལ་རྡོ་རྗེ་གཡུ་བུན་མ་ཞེས་བཏགས་ཏེ་གནས་སུ་བཅུག་པའི་ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་གནས་རི་གཉིས་པ་དེ་ངོས་ཟིན་བྱུང་ཡོད།” ཞེས་གསལ།

[43]དྲན་པའི《བསང་བརྔན》ལས། “ཡུལ་ནི་ལྷོ་ཕུག་དེ་བ་ནས།། གདུང་རུས་བཙུན་པའི་དྲི་བཟའ་མ།། སྲིང་གཅིག་གང་གིས་གཡུ་སྒྲོན་མ།།” ཞེས་གསལ།

[44]བློ་ལྡན《བསང་བརྔན》ལས། “ཡུལ་ནི་དབུས་རུ་སྙིང་ཚལ་ན།། སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ།།” ཞེས་གསལ།

[45]《མཁའ་ཀློང་གསང་མདོས》ཀྱི་གཞུང་ཚིག་ལྟར་བཀོད་ཡོད།

[46]《བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་མཆོད་ཚུལ་གངས་ལྗོངས་དགྱེས་བརྩེ་རབ་བསྐུལ》ལས། “མདོ་ཁམས་རྨ་ཆེན་སྤོམ་རའི་རྩེ་ཞིག་ན།། རྨ་རི་རབ་འབྱམས་རྡོ་རྗེ་དྲང་མོ་རྒྱལ།།” ཞེས་གསལ།

[47]《དཔལ་ལྡན་ལྷ་མོའི་ལོ་རྒྱུས༼ཚན་བཤུས༽ནང་དུ་ལུང་དྲངས་པ《ཉང་གཏེར་གཡུལ་བཟློག》ལས། “རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན།། རྨ་རི་རབ་འབྱམས་རྡོ་རྗེ་དྲང་མོ་རྒྱལ།།” ཞེས་གསལ།

(སྤྱིའི་གཟིགས་གྲངས། 4,205 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་ག…
error: རྩོམ་འདི་བདག་དབང་ཅན་ཡིན།