ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་རྣམ་ཐར་སྙིང་བསྡུས།

     རྩོམ་པ་པོ། ཁྱུང་ཁྲི་ལྡེ།

         མཚུངས་བྲལ་གྱི་སྐྱེས་མཆོག་དམ་པ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གི་ལྷོ་ཤར་ཁྱུང་པོ་རི་བོ་རྩེ་དྲུག་གི་རི་བརྒྱུད་གཤེ་མ་གཡུ་ཕུག་ཟེར་བའི་ས་གནས་སུ་དུས་རབས་བཅུ་བཞི་པའི་ལྕགས་བྱི་༼༡༣༦༠༽ལོར་ཡབ་དབྲ་རིགས་ཚུལ་ཁྲིམས་སེང་གེ་དང་། ཡུམ་ལྡོང་རིགས་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ནས་དགུང་གྲངས་༡༢བར་མ་ཡུམ་དང་ལྷན་དུ་འཚོ་གནས་ཐབས་ཆག་སྐྱོང་བ་དང་། མཚམས་རེར་དགོངས་པ་ཀློང་རྡོལ་གྱི་ངང་ནས་རྭ་སོགས་དུད་འགྲོ་ལ་བོན་གསུང་པའི་ཚུལ་གནང་བ་རྒན་རབས་པའི་ངག་རྒྱུན་དུ་འཆད་རྒྱུ་ཡོད་པ་མ་ཟད་ཁྱུང་པོ་རི་བོ་རྩེ་དྲུག་གི་རྒྱབ་ཀྱི་རི་གཤམ་དུ་ཁོང་གི་ཞབས་རྗེས་སྣ་ཚོགས་པ་མཇལ་རྒྱུ་ཡོད།

གྱིམ་ཤོད་ཤེལ་ལེ་རྒྱ་སྐར།

གྱིམ་ཤོད་ཤེལ་ལེ་རྒྱ་སྐར།

      དགུང་གྲངས་༡༢ཙམ་ཕེབས་དུས་ཁྱུང་པོ་དཀར་རུ་ཚང་གིས་ཁམས་ཆེན་འཛམ་གླིང་རྒྱན་ཆེན་ཞེས་པ་དེ་བཞེངས་རྒྱུའི་གྲབས་གཤམས་པ་གསན་ནས་དེར་ཕེབས། དཀར་རུ་དཔོན་ཚང་ལ་བྲིས་རྒྱུགས་ཕུལ་ནས་བྲིས་པ་རྒན་རབས་རྣམས་ཀྱི་གྲལ་དུ་བཞུགས།

དགུང་ན་ཆུང་སྟབས་རྒྱུན་དུ་རྩེད་མོར་གཡེང་ནས་བྲིས་པ་གཞན་བཞིན་བརྩོན་འགྲུས་ཀྱིས་ངལ་བ་བྱས་ནས་མ་བྲིས་ཀྱང་ཁམས་ཆེན་རྩིས་འབུལ་ཞུ་རན་སྐབས་དགོང་མོ་གཅིག་ལ་རྫུ་འཕྲུལ་གྱིས་བྲིས་ཏེ་ཕྱི་ཉིན་བྲིས་པ་གཞན་དང་མཉམ་དུ་རྩིས་འབུལ་ཞུ་རྒྱུ་བྱུང་བའི་ལོ་རྒྱུས་ངོ་མཚར་ཆེ་བ་བཤད་རྒྱུན་སྣང་། གཞན་དུ་དཔལ་འབྱོར་སྟེང་ཞེས་ཁྱུང་པོ་སྟེང་ཆེན་ཁ་རུ་རྗེས་བཞག་བཀྲ་ཤིས་འོད་འབར་ཞེས་པའི་གསས་ཁང་ངོ་མཚར་ཅན་ཞིག་གསས་མཁར་ཤམ་པོ་ལྷ་རྩེ་ལ་དཔེ་བླངས་ནས་བཞེངས་པ་ལོ་རྒྱུས་ཁག་ལས་གསལ་བ་དང་། DIGITAL CAMERAདེ་བཞིན་ཁོང་གིས་ཕྱག་བཏབ་པ་གནམ་ས་བར་གསུམ་གྱི་གདན་ས་གསུམ་སྟེ། ཕུག་དམར་དགོན་དང་། བྱ་ཟེ་ཡང་རྫོང་། ཝ་དགེ་དགོན་གསུམ་ཡིན་པ་བཤད་རྒྱུན་དུ་སྣང་།

བྱ་ཟེ་ཡང་རྫོང་།ཁོང་ནི་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཡིན་སྟབས་སྐུ་ན་ཆུང་དུས་ནས་བཟུང་རྩ་གསུམ་ལྷ་དང་བོན་སྐྱོང་སྲུང་མ་རྣམས་ལུས་དང་གྲིབ་མ་བཞིན་འགྲོགས་པ་དང་། སྟངས་ཆེན་དམུ་ཚ་གྱེར་མེད་གཙོས་རིག་འཛིན་མཁའ་འགྲོས་ཕྱི་ནང་གསང་གསུམ་གྱི་བོན་སྡེ་མི་ཉུང་བ་ཞིག་སྙན་དུ་བརྒྱུད་པས་བཀའ་སྙན་རྒྱུད་ཀྱི་མངའ་བདག་ཅིག་ཏུ་གྱུར། གཏན་ལ་ཕབ་པའི་སྙན་རྒྱུད་ཀྱི་བོན་སྡེ་བསམ་གྱིས་མི་ཁྱབ་པ་བཞུགས་ཡོད་དེ།      མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས། དྲི་མེད་རྩ་མདོ། མི་ནུབ་མཚན་མདོ་པོད་བདུན། ལྷུན་པོ་བརྩིགས་པ་རྒྱུད་ཀྱི་མདོ། བཀྲ་ཤིས་དཔལ་འབར་ཁབ་ཀྱི་མདོ། གསང་འདུས་དོན་རྒྱུད། བློ་ལྡན་མགུར་འབུམ། རྫོགས་ཆེན་ནམ་མཁའ་སྤྱི་གཅོད། བློ་ལྡན་ཁ་བྱང་ཡང་བྱང་ཟུར་བྱང་གསུམ། མ་ཏྲི་རིན་ཆེན་སྒྲོན་མ། སྟག་ལ་བདག་རྫོགས། དབལ་ཆེན་ཆེ་མཆོག་མངོན་རོལ་ཡང་གསང་ཐུགས་ཀྱི་རྒྱུད། དྲན་པ་ཡང་གསང་། གཤེད་དམར་སྤྱི་འདུལ། གསང་ཕུར་ཡང་སྙིང་ཐིག་ལེའི་རྒྱུད། སྤྱི་སྤྲུངས་རྩོད་པ་བཟློག་པའི་འཁོར་ལོ། མཁའ་ཀློང་གསང་བའི་མདོས་ཆེན། ཕ་རྒྱུད་རིག་པ་ཁུ་བྱུག་གི་བསྒྲུབ་གཞུང་། གཤིན་རྗེ་གཤིན་ནག་གི་སྒྲུབ་པ། དགེ་སྤྱོད་ཡན་ལག་གསུམ་པ། བསང་བརྔན་བསམ་འགྲུབ་ཡིད་བཞིན་ནོར་བུ། ཀློང་རྒྱས་ཀྱི་དཀྱིལ་འཁོར་རྣམ་བཤད། དམ་ཅན་ལེའུ་གསུམ་མ་དང་། གཞན་ཡང་བསྟན་སྲུང་དང་། མགུལ་ལྷ། བརྟན་མ། ཡུལ་ལྷ་རྣམས་ཀྱི་གསོལ་མཆོད་སོགས་ཤིན་ཏུ་མང་། བསྡོམས་པའི་པོད་ཆེན་བཞི་བཅུ་ལས་བརྒལ་བ་ཡོད། དེ་བཞིན་དཀྱིལ་འཁོར་མར་སྦུབ་དང་། ལྷ་ཁང་ཕྱི་ནང་གི་དབྱིབས་བཀོད། ལྷ་འབྲི་རྟེན་བཞེངས་ཀྱི་ལག་ཤེས་བཅས་ཤེས་བྱ་རིག་གནས་ཐམས་ཅད་ལ་མཁྱེན་རྒྱ་ཆེ་ཞིང་གཞན་འདྲིང་མི་འཇོག་པའི་རྨད་བྱུང་གི་ཡོན་ཏན་ལྡན།

    མདོར་ན་ལྔ་སྙིགས་གདུལ་བྱའི་འགྲོ་འདྲེན་ཆེན་པོ་སངས་རྒྱས་མི་ཡི་གཟུགས་སུ་སྤྲུལ་ནས་ཕེབས་པ་དང་གཉིས་སུ་མ་མཆིས་པའི་སྐྱེས་མཆོག་ཅིག་གོ  །མཐར་དགུང་གྲངས་བཞི་བཅུ་ཞེ་དྲུག་སྟེ་མེ་ཁྱི་༼༡༤༠༦༽ལོར་ཚ་བ་རོང་དུ་ཕེབས་ནས་སྐུ་ཞི་བར་གཤེགས། ཐུགས་མེ་རྡུག་ཏུ་བཞུགས་ནས་གཙོ་མཆོག་གི་སྐུ་རང་བྱོན་དང་ལྗགས་ལ་ཤེས་རབ་སྨྲ་སེང་གི་སྐུ་འཁྲུངས་པ་བཅས་ཀྱི་རྣམ་ཐར་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་བྲིས།། །།

(སྤྱིའི་གཟིགས་གྲངས། 225 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།