ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཐུན་སྒྲིལ།

རྩོམ་པ་པོ། དགའ་བཟོད་པ་རྒྱ་མཚོ།

མཐུན་སྒྲིལ་ཞེས་པའི་ཐ་སྙད་འདི་སྔར་བོད་ཀྱི་སྐད་ཡིག་གཉིས་ཆར་བཀོལ་སྲོལ་ཆེར་མེད་ཀྱང་དེང་དུས་ཀུན་གྱིས་འབྲི་ཞིང་རྗོད་པའི་ཐ་སྙད་གལ་ཆེན་ཞིག་ཏུ་ཆགས་ཡོད་སྟབས། ཚིག་འདི་ཐོས་མ་ཐག་ཏུ་དོན་བདེ་བླག་ཏུ་གོ་ཐུབ་པའི་ཐ་སྙད་ཅིག་ཏུ་གྱུར་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོར།  ཐུན་མོང་གི་ཕུགས་རེའམ་ལས་འགན་ལེགས་འགྲུབ་བྱེད་ཆེད་ནུས་ཤུགས་གཅིག་སྡུད་ཀྱིས་མཉམ་དུ་སྒྲིལ་བ། ཞེས་གསུངས། གང་ལྟར་ཡང་མཐུན་སྒྲིལ་ནི་མི་རེ་རེ་ནས་གྲུབ་པའི་ཚོགས་པ་ཞིག་ལ་མེད་ཐབས་མེད་པའི་ཆ་རྐྱེན་ནམ་ཐབས་ཇུས་ཤིན་ཏུ་གལ་ཆེན་ཞིག་དང་། མཐུན་སྒྲིལ་ནི་མིའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་རྨང་གཞི་ལྟ་བུར་གྱུར་ཡོད་ལ། མི་མཐུན་པའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་ལམ་སྟོན་ལྟ་བུ་དེའང་མཐུན་སྒྲིལ་ལས་མ་འདས། དེ་ཡང་ཞིབ་ཏུ་བརྗོད་ན། མཐུན་སྒྲིལ་ནི་དམངས་གཙོ་དང་རང་དབང་གི་རྩ་བ་ཡིན་ལ། མཐུན་སྒྲིལ་ནི་ཞི་བདེ་དང་འདྲ་མཉམ་གྱི་རྩ་བ་ཡང་ཡིན། མཐུན་སྒྲིལ་ནི་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་རྩ་བ་ཡིན་ལ། མཐུན་སྒྲིལ་ནི་སྔོན་ཐོན་དང་རྒྱལ་ཁའི་རྩ་བ་ཡང་ཡིན། མཐུན་སྒྲིལ་ནི་བསྐལ་བཟང་འོད་སྟོང་བསུ་བའི་སྐྱ་རེངས་ཡིན་ལ་ལེགས་ཚོགས་སྒོ་རྒྱ་འབྱེད་པའི་ལྡེ་མིག་ཀྱང་ཡིན། མཐུན་སྒྲིལ་ནི་མི་འདོད་ངན་རྒུ་སྲེག་བྱེད་མེ་དཔུང་ཡིན་ལ་མི་མཐུན་འགལ་རྩོད་རྡུང་བྱེད་ཐོ་བ་ཡང་ཡིན། མཐུན་སྒྲིལ་ལ་དགེ་མཚན་ཁོ་ན་མ་གཏོགས་སྐྱོན་གྱི་དྲི་མ་རྡུལ་ཙམ་ཡང་མེད། དེའི་དབང་གིས་མིའི་སྤྱི་ཚོགས་ཀྱི་ནང་ཐོག་མཐའ་བར་གསུམ་ཀུན་ཏུ་མཐུན་སྒྲིལ་ནི་སྐད་ཅིག་ཙམ་ཡང་མེད་ཐབས་མེད། ཆེ་བ་རྒྱལ་ཁབ་དང་རྒྱལ་ཁབ་བར་མི་རིགས་དང་མི་རིགས་བར་དུ་མཐུན་སྒྲིལ་དགོས་ལ། ཆུང་བ་ཚོགས་པ་དང་ཚོགས་པའི་བར་དང་། ཤོག་ཁག་དང་ཤོག་ཁག་བར། རུ་སྡེ་དང་རུ་སྡེའི་བར། ཁྱིམ་མཚེས་ཕན་ཚུན་བར། ཐ་ན་ཁྱིམ་ཚང་གཅིག་པའི་ནང་ཁུལ་ལའང་མཐུན་སྒྲིལ་ཡོད་རྒྱུ་གལ་ཆེ་བ་བཤད་མ་དགོས། གལ་སྲིད་ང་ཚོའི་སྤྱི་ཚོགས་ཀྱི་མི་དང་མིའི་བར་ལ་ཁ་མིན་དོན་གྱི་མཐུན་སྒྲིལ་བཟང་པོ་ཞིག་ཆགས་ཐུབ་རྒྱུ་ཡིན་ན། དེ་ལས་ལྷག་པའི་སྐྱིད་པོ་ཞིག་དང་བདེ་མོ་ཞིག་དགེ་བ་ཞིག་ས་ཆེན་འདིའི་ཁྱོན་ཀུན་ཉུལ་ཡང་རྙེད་རྒྱུ་མེད་པར་ངེས། ང་ཚོས་དགེ་བ་དགེ་བ་ཟེར་ཡང་དུས་རྟག་ཏུ་རང་རྒྱལ་གཞན་ཕམ་གྱི་བསམ་པ་མ་ཞུ་བ་ཞེ་ཕུགས་སུ་བཞག་ནས།  ཕྱོགས་རིས་དང་ཆགས་སྡང་གི་ལས་ཀས་མི་ཁོམ་པའི་བློ་ངན་འདིའི་མགོ་བོ་ཅུང་ཙམ་མནན་ནས་མི་དང་མིའི་བར་ཕན་ཚུན་མཐུན་སྒྲིལ་རྣལ་མ་ཞིག་ཆགས་ཐུབ་རྒྱུ་ན། དེ་ལས་ལྷག་པའི་དགེ་བ་སྟོབས་ཆེན་ཞིག་གང་དུ་ཡོད། དེ་ལས་ཕན་ཡོན་ཆེ་བའི་བསོད་ནམས་ཤིག་གང་དུ་འཚོལ། རྒྱལ་བའི་བཀའ་དང་བཀའ་བརྟེན་གང་གི་ནང་དུ་བཙལ་ཀྱང་མི་རྙེད་ལ། དེ་ལས་ལྷག་པའི་ལུས་ངག་དཀའ་སྤྱོད་ལ་བཀོལ་བའི་དགེ་སྦྱོར་ཆེན་པོ་མ་གྲུབ་ཀྱང་མི་དགོས་སོ།། ང་ཚོས་དུས་རྒྱུན་དུ་མཐུན་སྒྲིལ་མཐུན་སྒྲིལ་ཞེས་སྐད་འཛེར་འཛེར་དང་ལྗགས་དིག་དིག་ཏུ་བརྗོད་ཀྱང་། མིའི་སྤྱི་ཚོགས་ཀྱི་ནང་དུ་ཁ་མིན་དོན་གྱི་མཐུན་སྒྲིལ་རྣལ་མ་ཞིག་འབྱུང་མི་ཐུབ་པའི་ཚུལ་འདི་ལ་བསམ་ན། མཐུན་སྒྲིལ་ལ་བསྐུལ་བའི་སྨྱུ་གུའི་སྟངས་སྟབས་འདི་དོན་མེད་འབྲས་མེད་དུ་མི་འགྱུར་བའི་ངེས་པ་ལར་ནས་མེད་ནའང་། ཉེ་འཁོར་གྱི་སློབ་མ་འགས་མཐུན་སྒྲིལ་ལ་བསྐུལ་བའི་རྩོམ་ཐུང་རེ་འབྲི་རོགས་ཞེས་ལན་ཁ་ཤས་བསྐུལ་བ་མ་ལྡོག་ཙམ། ཕྱོགས་རིས་ཆགས་སྡང་གི་ཀུན་སློང་སྤངས་ཏེ་ལྷག་བསམ་དཀར་པོ་ཞིག་འཆང་ཁུལ་གྱིས་མཐུན་སྒྲིལ་ལ་བསྐུལ་བའི་རྩོམ་ཐུང་འདི་བྲི་བ་ལ་ཞུགས་སོ།།

གཅིག 

ཆོས་ལ་དད་པ་ཡོད་མེད་གཉིས་ཀའི་བར་ལ་མཐུན་སྒྲིལ་ཡོད་དགོས་ལ། སྟོན་པ་སངས་རྒྱས་ཀྱིས་ཆོས་ལ་དད་པ་ཡོད་པའི་མི་ཚོར་ཆོས་གསུངས་ཤིང་། ཆོས་ལ་མི་དད་པའི་མི་ཚོར་དུས་ལ་མ་བབས་པའི་གདུལ་བྱ་ཞེས་རེ་ཞིག་བཏང་སྙོམས་སུ་བསྐྱུར་བ་ལྟར། ཆོས་ལུགས་པ་ཚོས་ཆོས་ལ་མི་དད་པའི་མི་ལ་ལྟ་ལོག་པ་ཞེས་སྨ་འབེབས་དང་མཐོང་ཆུང་མི་བྱེད་ཅིང་། ཆོས་ལ་བཙན་སྐུལ་བྱེད་པ་སོགས་སྤངས་ནས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་བར་མཐུན་སྒྲིལ་འབྱུང་ཐབས་ལ་འབད་དགོས། དེ་བཞིན་དུ་ཆོས་ལ་དད་པ་མེད་པའི་མི་ཚོས་ཆོས་ལུགས་པ་ཚོར་མང་ཚོགས་ཀྱི་ཁུར་བོ་དང་། སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་རྡོ། བོད་རྗེས་ལུས་ཀྱི་གཏེ་བོ་ཞེས་སོགས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པའི་བྱུང་རྒྱལ་གྱི་གླེང་སྒྲོས་འདི་དག་ཅུང་བག་ཟོན་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ། རྩ་ཚིག་ཏུ། ཆབ་སྲིད་ཕྱོགས་ནས་མཐུན་སྒྲིལ་མཉམ་ལས་དང་། དད་པའི་ཕྱོགས་ནས་ཕན་ཚུན་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཞེས་པའི་རྩ་དོན་དངོས་སུ་ལག་བསྟར་བྱེད་དེ་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་བྱ་རྒྱུ་ལས་ཕན་ཚུན་དགྲ་ཟླ་ལྟ་བུར་འཛིན་མི་རུང་། སྤྱིར་བཏང་གི་ཆོས་ལ་དད་པ་ཡོད་མེད་དེའང་སྐྱེས་བུ་སྒེར་གྱི་དོན་དག་ཅིག་ཡིན་པས། ཆོས་ལུགས་པས་ཆོས་ཚུལ་བཞིན་བསྒྲུབས་པ་དེས་ཆོས་ལ་དད་པ་མེད་པའི་མི་ཚོར་གནོད་པ་ཅི་ཡང་མི་འབྱུང་ལ། དེ་བཞིན་དུ་ཆོས་ལ་དད་པ་མེད་པའི་མིས་ཆོས་མ་བསྒྲུབས་པ་དེས་ཆོས་ལུགས་པ་ཚོར་ཕན་གནོད་གང་ཡང་འབྱུང་མི་སྲིད།  དེང་སང་གི་བཤད་སྒྲོས་ལྟར་ན། ཆོས་ལུགས་ནི་མིའི་བསམ་པའི་རྒྱགས་ཕྱེ་ཡིན་ཞེས་པ་ལྟར། མིའི་བསམ་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན། དེའང་བསམ་པ་བཟང་པོར་སྒྱུར་བྱེད་དམ་ཀུན་སྤྱོད་ལེགས་པོར་བཅོས་བྱེད་ཅིག་དང་། གཞན་ཕན་བྱང་ཆུབ་ཀྱི་སེམས་རང་རྒྱུད་དུ་སྐྱེད་བྱེད་ལ་མེད་དུ་མི་རུང་བའི་འཚོ་བར་བྱེད་པའི་རྒྱགས་ཕྱེ་དང་ཚུལ་མཚུངས་པས་ཡིན། དེས་ན་ཆོས་ལུགས་པས་ཆོས་ཚུལ་བཞིན་བསྒྲུབ་པ་ལ་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་ཐོབ་པས་ཆོས་ལ་དད་པ་མེད་པའི་མི་ཚོས་བཀག་འགོག་མི་བྱེད་ཅིང་། དེ་བཞིན་དུ་ཆོས་ལུགས་པ་ཚོས་ཀྱང་ཆོས་ལ་དད་པ་མེད་པའི་མི་ཚོའི་ལག་ནས་རྒྱུ་ནོར་གཡོ་ལེན་བྱེད་པ། མི་ཤེས་ཤེས་མདོག་གིས་མང་ཚོགས་མགོ་སྐོར་གཏོང་བ། ལུས་སེམས་བདེ་ཐང་ལ་གནོད་པ་གཏོང་བ་སོགས་མི་རིགས་པའི་བྱ་བ་མང་པོ་བྱས་ན་ཁོ་ཚོར་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱས་པས། ཕམ་ཁ་རང་གིས་ཉོ་བ་མ་ཟད་མང་ཚོགས་ཀྱི་དད་པ་ལོག་རྐྱེན་དུ་འགྲོ་བས་ཤིན་ཏུ་མི་རུང་། ཆོས་ལུགས་པས་སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་ཞེས་པའི་མན་ངག་བཤད་ཤེས་པ་ཙམ་གྱིས་ཆོག་པར་མི་འཛིན་པར།  དོན་ཐོག་ཏུ་དངོས་སུ་ལག་ལེན་གནང་ཅི་ཐུབ་གང་ཐུབ་མཛད་རྒྱུ་དང་། འདོད་ཡོན་དང་རྒྱུ་ནོར་གྱི་ཉེས་དམིགས་གླེང་ཤེས་པས་མི་འོང་བས་རྒྱུན་དུ་ཆོག་ཤེས་བསྐྱེད་ཅིང་། ལྷག་པར་ཉམ་ཆུང་དབུལ་པོ་དག་གི་ལག་ནས་དཀོར་ནོར་མི་བཞེས་པ། དད་ལྡན་མང་ཚོགས་ལ་ཆོས་ཀྱི་སྦྱིན་པ་གཏོང་སྐབས་ནང་བསྟན་དགོངས་པ་ངོ་མ་སྟེ་ཡུལ་དམ་པ་དཀོན་མཆོག་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱར་གནས་དགོས་ཚུལ་དང་། དེའི་བསླབ་བྱར་ཚུལ་བཞིན་གནས་ན་རང་ལ་ཚེ་འདི་ཕྱི་གཉིས་ཀར་ཕན་པ་ཡོད་ཚུལ་དང་། གལ་ཏེ་བསླབ་བྱར་འགལ་ན་ཕན་པ་ལས་ཉེས་པ་ཡོད་ཚུལ་སོགས་ཅུང་གསལ་བཤད་གནང་རྒྱུ་གལ་ཆེ། དེ་ལྟར་མི་གནང་བར་དཀོན་མཆོག་ལ་གསོལ་བ་ཐོབས་ལ་གསོལ་འདེབས་ཐོན་དང་དཀོན་མཆོག་གིས་སྐྱབས་ངེས་ཡིན་ཞེས་པ་ལྟ་བུའི་ཚིག་སྣ་བསྡུས་ནས། དཀོན་མཆོག་ཟེར་བ་འཇིག་རྟེན་བྱེད་པོའི་ལྷ་ནུས་མཐུ་ཅན་ཞིག་ཡིན་ཤས་ཆེ་སྙམ་པ་ལྟ་བུ་དང་། རང་ལ་ཡང་དེ་དང་ཆ་འདྲ་བའི་བྱིན་རླབས་དང་ནུས་པ་ཡོད་ཚུལ་དང་གསོལ་བ་བཏབ་ན་ཚེ་འདིའི་བར་ཆད་བཟློག་ཅིང་ཕྱི་མར་ཐར་བར་འདྲེན་ཐུབ་ཚུལ་སོགས། གསུང་གི་དངོས་ཤུགས་གང་རུང་ནས་གོ་བ་ལེན་ཐུབ་པ་ལྟ་བུ་མང་ཚོགས་མགོ་བོ་འཁྲུལ་བྱེད་འདི་དག་གསུང་མི་ཉན། ཡི་གེ་མི་ཤེས་པའི་དད་ལྡན་མང་ཚོགས་མང་མང་དཀོན་མཆོག་གསུམ་ནི་འཇིག་རྟེན་བྱེད་པོའི་འདུ་ཤེས་བཟུང་ནས་སྐྱབས་སུ་འགྲོ་བཞིན་ཡོད་པ་འདི་ང་ཚོས་ཆོས་ཀྱི་སློབ་གསོ་བྱེད་སྟངས་མ་འགྲིགས་པ་ལས་བྱུང་བ་མ་གཏོགས་གཞན་ཁག་དཀྲི་ས་མེད། སྔར་ཡིན་ན་བླ་མས་གང་གསུངས་ཆོས་ཞེས་པ་ལྟར། བླ་མས་གང་གསུངས་ལ་མཐའ་གཅིག་ཏུ་དད་པ་བྱ་རྒྱུ་ལས་དོགས་པ་བྱེད་སྲོལ་མེད་མོད། དེང་སང་རྒྱལ་ཕྱི་ནང་གི་མཁས་པ་མང་པོས་ཆོས་ལུགས་སྤྱི་དང་ལྷག་པར་དུ་ནང་ཆོས་ལ་ཞིབ་འཇུག་བྱེད་མི་ཇེ་མང་དུ་སོང་བ་དེ་ཚོས། ཆོས་དང་གང་ཟག་ཁ་ཁར་སོང་བའི་སྲོལ་རྒྱུན་མང་པོ་སྔོག་འདོན་བྱེད་བཞིན་ཡོད་པས་ང་ཚོས་ཀྱང་ཆོས་འཆད་ཁྲིད་གནང་སྐབས་ཅུང་དོགས་ཟོན་གནང་རྒྱུ་གལ་ཆེ། དེ་བས་བྱམས་སྙིང་རྗེ་དང་།  བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་ཞིང་བསམ་པ་བཟང་པོ་བྱ་རྒྱུ་གལ་ཆེ་ཚུལ་དང་། ལྷག་པར་དུ་འཇིག་རྟེན་པའམ་ཁྱིམ་པ་ཕོ་མོ་ཚོར་མཚོན་ན་མི་དང་མིའི་བར་ཕན་ཚུན་ལ་རྫུན་དང་གཡོ་སྒྱུ་མི་དྲན་པ་དང་། རང་རྒྱལ་གཞན་ཕམ་གྱི་སྤྱོད་ངན་མི་བྱེད་པ། ཤོག་ཁག་དང་ཤོག་ཁག་བར་རུ་སྡེ་དང་རུ་སྡེའི་བར་ཚོགས་པ་དང་ཚོགས་པའི་བར་རང་ཕྱོགས་དང་གཞན་ཕྱོགས་བཟུང་ནས་ནང་འགལ་ཕུང་དཀྲུག་མི་བཟོ་བ། དོན་མེད་སར་བཤད་ཁ་དང་གྱོད་ཁ་མཆུའི་སྦྱོར་བ་མི་བཤམ་པ། གཞན་ནོར་རྐུ་འཕྲོག་མི་བྱེད་པ།  ཁ་འཛིང་ལག་འཐབ་མི་བྱེད་པ། ཤོ་རྒྱན་ཆང་དང་དུ་བ་མི་རྔུབས་པ་སོགས་དམ་བཅའ་བྱེད་ཐུབ་པའི་ཕན་ཡོན་དང་མ་ཐུབ་པའི་ཉེས་སྐྱོན་དམིགས་སུ་བཀར་ནས། ནང་ཆོས་ཀྱི་དགོངས་དོན་ངོ་མ་དང་སྦྱར་ཏེ་ངོ་སྤྲོད་གསལ་པོ་གནང་ཅི་ཐུབ་བྱས་ཏེ་དད་ལྡན་མང་ཚོགས་ཆོས་ཀྱི་སློབ་གསོས་ཡིད་ཚིམ་པར་བྱ་དགོས། དེ་བཞིན་དུ་དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་དང་། འདུལ་ཁྲིམས་གཙང་མར་སྲུང་བའི་དགེ་སློང་། འདུ་འཛིའི་གྲོང་དགོན་རྒྱབ་ཏུ་བསྐྱུར་ནས་རྟག་ཏུ་དབེན་པའི་རི་ཁྲོད་དུ་བཞུགས་པའི་རྫོགས་ཆེན་རྣལ་འབྱོར་བ། མདོར་ན་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་དམ་པ་རྣམས་ལ་དད་པ་དང་དག་སྣང་སྦྱངས་ནས། ཞབས་ཕྱི་འབུལ་ཞིང་མཐུན་རྐྱེན་བསྒྲུབ་ན་བསོད་ནམས་རང་གིས་ཐོབ་ཅིང་ལོག་ལྟ་དང་སྐུར་བ་བཏབ་ན།  ཉེས་པ་ཆེ་བ་ལུང་ལས་གསུངས་པས་དད་པ་དང་དག་སྣང་བྱ་རྒྱུ་གལ་ཆེ།དགོན་པ་ནི་ཤི་གསོན་གཉིས་ཀས་རེ་ས་ཡིན་པས་ཅི་ནུས་ཀྱིས་ཞབས་ཏོག་བསྒྲུབ་རྒྱུ་གལ་ཆེ་བ་དེའང་ཤེས་དགོས། དེ་ལྟར་ཆོས་ལ་དད་པ་ཡོད་མེད་གཉིས་ཀ་ཕན་ཚུན་གཅིག་གྲོགས་གཅིག་ལ་བརྟེན་ནས་དུས་རྟག་ཏུ་ཕན་ཚུན་བར་མཐུན་སྒྲིལ་ཡོང་བར་བྱ་དགོས་སོ།།

གཉིས། 

ཆོས་ལུགས་གྲུབ་མཐའ་ཁག་ཚང་མ་མཐུན་སྒྲིལ་ཡོང་བར་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟེ། བོད་མི་རིགས་ནང་ཁུལ་གཅིག་གྱུར་ཡོང་དགོས་ན་གཙོ་བོ་ཆོས་ལུགས་གྲུབ་མཐའ་ཁག་བར་གྱི་འགལ་བ་འདི་བསལ་དགོས། གྲུབ་མཐའ་ཁག་བར་གྱི་འགལ་བ་འདི་མེད་པར་མ་གྱུར་བ་དེ་སྲིད་དུ་བོད་རིགས་ནང་ཁུལ་མཐུན་སྒྲིལ་འབྱུང་མི་ཐུབ་པ་ང་ཚོའི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། དེས་ན་རང་ཉིད་གང་ལ་ཞུགས་པའི་གྲུབ་མཐའ་དེའི་ལྟ་སྒོམ་སྤྱོད་པ་ཉམས་ལེན་བྱེད་པ་གཙོ་བོར་བཟུང་བའི་སྟེང་། གྲུབ་མཐའ་གཞན་ཀུན་ལ་དག་སྣང་དང་བརྩི་བཀུར་མཐུན་སྒྲིལ་བྱ་རྒྱུ་ལས་གྲུབ་མཐའ་དང་གྲུབ་མཐའི་བར་དོན་མེད་ཀྱི་རྩོད་གཞི་སློང་བའི་སྲོལ་རྒྱུན་མཚམས་འཇོག་བྱ་དགོས།  དཔེར་ན་ཁྱོད་ཀྱི་གྲུབ་མཐའི་ལྟ་སྒོམ་སྤྱོད་པ་སྐྱོན་ཅན་དང་ངའི་གྲུབ་མཐའི་ལྟ་སྒོམ་སྤྱོད་པ་ཡང་དག་ཡིན་ཚུལ་སོགས། བདག་བསྟོད་གཞན་སྨད་ཀྱི་སྐད་ཆ་འདི་རིགས་སྨྲ་བ་ལ་ཁྱིམ་པ་ཕོ་མོ་དག་གིས་ཀྱང་འཛེམ་ཟོན་བྱེད་ཀྱིན་ཡོད་ན། ང་ཚོ་རབ་བྱུང་བ་རྣམས་ཀྱིས་ནི་ཆོས་གྲོགས་གཞན་གྱི་ཐུགས་ལ་ཕོག་པའི་ཚིག་རྩུབ་དང་། དགེ་འདུན་པའི་ནང་ཁུལ་དཀྲུག་པའི་དབྱེན་ཕྲ་འདི་དག་སྨྲ་ཅི་ལ་འོས། གྲུབ་མཐའ་སོ་སོའི་ལྟ་བའི་ཟབ་གནད་འདོད་སྟངས་མི་མཐུན་པ་ཅུང་ཟད་རེ་ཡོད་པ་བདེན་ནའང་། དེ་དག་ནི་མཁས་དབང་རྣམ་དཔྱོད་ཅན་ཉུང་ཤས་མ་གཏོགས་མང་མང་གིས་ཧ་མི་གོ་བས། སྨྲ་བ་མང་ན་ཆགས་སྡང་སློང་བའི་རྒྱུ་ཙམ་ལས་གཅིག་གྱུར་ལ་ཕན་པ་འབྱུང་བའི་རྒྱུར་འགྱུར་མི་ཐུབ། སྤྱིར་མ་རྟོགས་ལོག་རྟོག་པ་ལུང་དང་རིགས་པས་དགག་བཞག་སྤོང་གསུམ་གྱིས་ཚར་གཅོད་བྱེད་པ་བསྟན་འཛིན་དམ་པའི་ཕྱག་སྲོལ་ཡིན་པ་བདེན་ན་ཡང་། ནང་པའི་བསྟན་པའི་ནང་ཁུལ་གྱི་གྲུབ་མཐའ་སོ་སོའི་བར་རང་དང་ལྟ་བ་ཅུང་ཙམ་མི་མཐུན་པ་ཙམ་ནི་དེ་འདྲའི་སྐྱོན་ཆེན་པོ་མིན་གཤིས། ཆོས་གྲོགས་ཕན་ཚུན་བར་ལ་གུ་ཡངས་དང་བཟོད་སྒོམ་བྱ་མི་ཐུབ་རྒྱུ་ཅི་ཡང་མེད་དེ།  ང་ཚོ་ཡིན་པ་བྱེད་ན་དགྲ་ལའང་བཟོད་པ་སྒོམ་མཁན་གྱི་གྲས་སུ་བཞུགས་ཡོད་པ་མ་ཡིན་ནམ། ལར་རང་རང་གི་གྲུབ་མཐའི་ལ་རྒྱ་འཛིན་དགོས་ལ་ཡོད་ཀྱང་དགོས།  འོན་ཀྱང་རང་བསྟོད་གཞན་སྨད་ཀྱི་ཆགས་སྡང་གིས་འཛིན་མི་རུང་སྟེ་ཆགས་སྡང་ནི་ང་ཚོ་ཆོས་པ་དག་གིས་དུས་རྒྱུན་དུ་སྤང་བྱའམ་དགག་བྱ་ཡིན་པ་དེ་སུས་མི་ཤེས།  ང་ཚོས་མཐའ་བྲལ་ལྟ་བ་དང་བློ་འདས་སྒོམ་པ་ལྟ་བུའམ་ཡང་ན་བྱམས་སྙིང་རྗེ་དང་གཞན་ཕན་སེམས་བསྐྱེད་ལྟ་བུར་ཉམས་ལེན་མཛད་རྒྱུ་གལ་ཤིན་ཏུ་ཆེ་ན་ཡང་། མན་ངག་རྩ་ཆེན་དེ་དག་དེང་སང་གི་མི་ཚོའི་བློ་དང་འཚམ་དཀའ་ཞིང་ཉམས་ལེན་གནད་སྨིན་གནང་མཁན་རེ་འགའ་ཙམ་ལས་ཐོན་མི་ཐུབ། དེ་བས་སྐྱབས་འགྲོའི་བསླབ་བྱ་ནས་མི་དགེ་བཅུ་སོགས་འདུལ་བའི་བསྲུང་བྱ་རགས་པ་ཙམ་དྲན་ཤེས་ཀྱིས་སྤང་བླང་ཉམས་ལེན་ཅི་ནུས་བྱ་རྒྱུ་དང་།  རང་གི་གྲུབ་མཐའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་གྲུབ་མཐའ་གཞན་ལའང་དག་སྣང་དང་མཐུན་སྒྲིལ་བྱེད་པ། གཙོ་བོ་རང་ཉིད་ཆོས་པའམ་རབ་བྱུང་བ་ཞིག་ཡིན་པ་ངོ་ཤེས་པར་བྱས་ཏེ་འཇིག་རྟེན་འགྲན་རྩོད་ཀྱི་གྲས་སུ་མི་ཞུགས་པ།  རང་གི་སེམས་རྒྱུད་མ་ཞུ་བ་ཆགས་སྡང་གི་བློ་ངན་འདིའི་མགོ་ཅི་གནོན་བྱ་ཨེ་ཐུབ་བལྟ་རྒྱུ་དེ་ལས་གལ་ཆེ་བ་མེད་པ་ཤེས་དགོས། དེ་ལྟར་བྱུང་ན་རང་གི་གྲུབ་མཐའི་ལ་རྒྱ་ཟིན་པ་ཡིན་ལ་སངས་རྒྱས་བསྟན་པའི་ལ་རྒྱ་ཟིན་པའང་ཡིན།  ལྷག་པར་དུ་བན་བོན་གྲུབ་མཐའི་བར་གྱི་འགལ་བ་འདི་གླེང་ནས་ཡུན་རིང་ཞིང་ལོ་ངོ་སྟོང་ལྷག་གི་རིང་ཐག་མ་ཆད་པའི་འགལ་བ་ཞིག་ཡིན་པ་མ་ཟད།  ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་མཇུག་མ་རྫོགས་པའི་འགལ་བ་སྙོག་འཛིང་ཆེ་བ་ཞིག་ཀྱང་ཡིན། ད་ལྟའི་གནས་ཚུལ་ལ་བལྟས་ན་ང་ཚོའི་ཕྱོགས་ཞེན་གྱི་བློ་འདི་མ་ཟད་པ་དེ་སྲིད་དུ་བན་བོན་གྲུབ་མཐའི་བར་གྱི་འགལ་བ་ཐག་གཅོད་ཐབས་མེད་པ་ལྟ་བུར་ཆགས་ཡོད་མོད། འོན་ཀྱང་ཕན་ཚུན་བར་ལ་གུ་ཡངས་དང་གཟུར་གནས་ཀྱི་ངང་ནས་གཅིག་གཅིག་གི་དཔེ་ཆར་གཟིགས་ཞིབ་དང་རྟོག་དཔྱོད་ལེགས་པོ་བྱ་ཐུབ་ན། དེ་འདྲའི་ཐག་མི་ཆོད་པ་ཞིག་མིན་ཤས་ཆེ་བས། གང་ལྟར་ཕན་ཚུན་ཕྱོགས་ཞེན་དང་མཁྲེགས་འཛིན་གྱི་བསམ་པ་དོར་ཏེ་གཟུ་བོར་གནས་པའི་སྒོ་ནས། གནས་ལུགས་དང་བདེན་དོན་ལ་བདེན་ཁ་སྦྱིན་རྒྱུ་ལས་ལྷག་པའི་ཐབས་གཞན་མེད་པར་ངེས་སོ།།

གསུམ། 

དགོན་པ་དང་དགོན་པའི་བར་ལ་མཐུན་སྒྲིལ་ཡོང་རྒྱུ་དེའང་ཤིན་ཏུ་གལ་ཆེ་བ་ཤེས་དགོས། དགོན་པ་ཆེན་པོ་དང་གྲྭ་པ་མང་ས་མཁས་པ་མང་ས་དག་གིས་དགོན་པ་ཆུང་ཆུང་དང་ཉམ་ཆུང་དག་ལ་མཐོང་ཆུང་མི་བྱེད་པ་དང་། དགོན་པ་ཆུང་ཆུང་དག་གིས་དགོན་པ་ཆེན་པོ་དག་ལ་ཕྲག་དོག་མི་བྱེད་པར་ཕན་ཚུན་བརྩི་བཀུར་དང་མཐུན་སྒྲིལ་བྱ་རྒྱུ་གལ་ཆེ། དེ་ཡང་བོན་པོའི་དགོན་པའི་ནང་ཁུལ་ལ་མཚོན་ན་མི་ལ་ལས་གྲྭ་ས་བས་གྲོང་པ་དག་གི་ཉེ་འདབས་ཀྱི་དགོན་པ་དག་ལ་གྲོང་དགོན་ཞེས་དགོན་པ་ཞིག་གི་མཚན་ཉིད་མི་ལྡན་པ་ལྟ་བུ་མཐོང་ཆུང་གི་ལྟ་ཚུལ་ཡོད་པ་དང་།   གྲྭ་ས་བས་རྩོད་པ་ཁོ་ནས་མི་ཚེ་བསྐྱལ་བ་དོན་དག་མེད་ཅེས་སྨྲ་མཁན་ཡོད་པ་དེ་དག་གིས་གཅིག་གཅིག་གི་གནས་ཚུལ་གསལ་པོ་མ་ཤེས་པའི་རྟགས་ཡིན། གྲྭ་ས་བས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་བསླབ་པ་གསུམ་གྱི་ཉམས་ལེན་ཟུང་འབྲེལ་གྱིས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་མན་ངག་ཟབ་མོ་གནད་དུ་བཟུང་ནས།  ལུང་ལས།  སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན།  ཚུལ་ཁྲིམས་མེད་ན་བསྟན་པ་མེད།  ཅེས་པ་ལྟར་མདོ་འདུལ་བའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་བྱ་གཙོ་བོར་བཟུང་བའི་སྟེང་སྔགས་རྫོགས་ཉམས་ལེན་ཅི་ལྕོགས་རེ་བྱེད་ཀྱིན་ཡོད་པ་ནི།  གང་ཟག་གི་བློ་དང་འཚམས་ཤིང་སངས་རྒྱས་ཀྱི་ལུང་དང་ཡང་མཐུན་པ་མ་ཟད་མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་སྲོག་ཤིང་གཙོ་བོ་རྩ་བའི་གྲྭ་སའི་བསྟན་འཛིན་རྣམ་པས་བཟུང་ཡོད་པའི་བཀའ་དྲིན་ཤེས་ན་བཟང་།  མཚན་ཉིད་རྩོད་པ་མི་འགྲིག་ཟེར་མི་འོས་ཏེ་དེས་རིག་པའི་གདར་ཤ་བཅད་ནས་ཤེས་རབ་རྒྱུད་ལ་སྐྱེད་པར་བྱེད་ཅིང་།  སངས་རྒྱས་ཀྱི་བསྟན་པར་རྒོལ་བ་བྱེད་མཁན་ལུང་དང་རིགས་པས་ཚར་གཅོད་མ་བྱས་ན་བསྟན་པ་འཇིག་པའི་ཉེན་ཁ་ཡོད་པ་དེ་ལས་གྱོང་གུན་ཆེ་བ་ཅི་ཞིག་ཡོད།  འོ་ན་གྲོང་འདབས་ཀྱི་དགོན་པ་དག་གིས་བསྟན་པ་འཛིན་སྐྱོང་བྱེད་ཚུལ་མ་ལེགས་པ་ཡིན་ནམ་སྙམ་ན།  སྔར་ཡིན་ན་དགོན་པ་ཆེ་གྲས་སྒྲིག་ལམ་ཡོད་ས་འགའ་རེ་མ་གཏོགས་དགོན་པ་ཆུང་གྲས་མང་མང་ས་ཆ་སོ་སོའི་ཡུལ་ལུགས་དང་གོམས་སྲོལ་ཁོར་ཡུག་སོགས་ཀྱི་དབང་གིས། ཐ་ན་དག་སུམ་ཙམ་བལྟ་སའི་གཞི་ཙམ་ཡང་ཚུགས་མ་ཐུབ་པས་འཆད་ཉན་ལས་གྲོང་ཆོག་གཙོ་བོར་བྱེད་པ་དང་། བསླབ་པ་ཉམས་ལེན་ལས་དཀོར་ནོར་གཉེར་རྒྱུ་གཙོ་བོར་འཛིན་པ་ནི་ཁས་མ་བླངས་རང་ལེན་ཡིན།  དེང་སང་ཅུང་དགའ་འོས་པ་ཞིག་ནི། དགོན་པ་ལ་ལས་མཚན་ཉིད་རྩོད་གྲྭ་རེ་དང་ལ་ལས་སྒྲུབ་གྲྭ་རེ་བཙུགས་ཏེ་གྲྭ་པ་དགོན་པར་བཞུགས་ནས། འཆད་ཉན་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་བྱེད་བཞིན་ཡོད་མོད། དེ་ཡང་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཚང་དཀའ་བས་འཁྲུངས་ལ་མ་སྨིན་པའི་ཚུལ་གྱིས་ཀུན་ལ་ངོམ་དུ་རི་བ་ཞིག་ཐོན་དཀའ།  ཁོ་བོ་གྲྭ་སར་དག་སྣང་ཡོད་པ་ཁོ་ནས་མིན་ལ་གྲྭ་སའི་དགེ་མཚན་ནམ་ཡོན་ཏན་ངོ་ཤེས་པའི་ཆེད་དང་གྲྭ་ས་དང་གྲོང་དགོན་བར་ལ་མཐུན་སྒྲིལ་ཡོང་བའི་ཆེད་དུ་ཡིན།  དེ་བཞིན་དུ་གྲྭ་ས་བས་ཀྱང་གྲོང་འདབས་ཀྱི་དགོན་པའི་གྲྭ་པ་བརྒྱ་ཆ་བརྒྱ་གྲོང་ཆོག་པ་དང་དཀོར་གཉེར་བ་མིན་པ་དེའང་ཤེས་ན་འགྲིག  མདོ་ལས།  རང་གི་སྐྱེ་ས་ཕ་ཡུལ་གང་ཡིན་དེ།  ཆགས་སྡང་ཉོན་མོངས་སྐྱེ་བའི་ལྡུམ་ར་ཡིན།  ཞེས་པ་ལྟར་དུས་རྟག་ཏུ་ཆགས་སྡང་རྩོད་པའི་འཁོར་ལོ་ཅི་དགར་སྐོར་བའི་མྱ་ངན་ངུ་སྒྲ་རྣ་རྒྱབ་ཀྱི་རླུང་དུ་བསྐུར་ཞིང་། ང་བདེན་ཁྱོད་རྫུན་དང་ང་བཟང་ཁྱོད་ངན་གྱི་སྡང་སྡིགས་ཁྲོས་པའི་ངོམ་ནག་སྤྱན་གྱི་ཟུར་དུ་འཕངས་ཏེ།  འདམ་རྫོབ་ཁྲོད་ཀྱི་མེ་ཏོག་ལྟར་ཆོས་ལ་ཆོས་བཞིན་སྤྱོད་པའི་སྐྱེས་བུ་དམ་པ་མང་པོ་བྱུང་དང་འབྱུང་མུས་ཡིན་པ་མ་ཟད། ཆུ་ཕུགས་གངས་ལ་ཐུག་པ་ལྟར་གྲྭ་སའི་གྲྭ་པ་རྣམས་ཀྱང་གྲོང་དགོན་ནས་འབྱུང་དགོས་པ་ལས་གྲོང་དགོན་མེད་ན་གྲྭ་སར་གྲྭ་པ་འཚོགས་མི་སྲིད།  དེའང་གྲོང་པ་དག་གི་བྱིས་པ་ཚོ་ཐོག་མར་གྲོང་དགོན་དུ་ཞུགས་ནས་དགེ་ཚུལ་གྱི་རྟགས་བླངས།  ཀ་ཁ་ནས་སློབ་གཉེར་གྱི་དབུ་བཟུང་སྟེ་ཡུན་ངེས་མེད་ཅིག་ལ་གསོ་སྦྱོང་བྱས་ནས་རིག་གནས་ཀྱི་རྨང་གཞི་མི་དམན་པ་ཞིག་ཆགས་རྗེས།  ད་གཟོད་གྲྭ་སར་ཕེབས་པ་ཡིན་པས་གྲྭ་ས་བས་ཀྱང་གྲོང་དགོན་དག་གི་གནས་ཚུལ་ཤེས་རྒྱུ་གལ་ཆེ་ལ། གྲྭ་སར་སློབ་གཉེར་ཡུན་རིང་གནང་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་ཚེ་རང་དགོན་དུ་ཕྱིར་ཕེབས་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་དབུ་ཁྲིད་མཛད་པ་སོགས། སྔར་ལོ་རྒྱུས་ཐོག་ཤིན་ཏུ་མང་ལ་ད་ལྟའང་དེ་མུས་སུ་བྱེད་ཀྱིན་ཡོད་པ་འདིའོ།།

བཞི། 

བོན་གསར་རྙིང་བར་ལ་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེ་སྟེ། བོན་གསར་རྙིང་གཉིས་ཀ་སྟོན་པ་གཤེན་རབ་ཀྱི་བཀའ་ཡིན་པས་མཐུན་སྒྲིལ་མི་འབྱུང་དགོས་པའི་རྒྱུ་མཚན་ཡང་མེད།  རྒྱལ་སྲས་སྤྲུལ་སྐུ་རྣམ་བཞི་སོགས་གསར་ལུགས་རིམ་པར་དར་བ་ནས་བཟུང་བཀག་འགོག་རྒྱུན་ཆད་མེད་པར་བྱས་ཀྱང་།  བོན་པོའི་ནང་ཁུལ་མཐུན་སྒྲིལ་ལ་གནོད་པ་བྱུང་བ་མ་གཏོགས་གཅིག་གྱུར་ལ་ཕན་པ་ཅི་ཡང་བྱུང་མ་ཐུབ།  གསར་བོན་ལ་བན་དེའི་ཤན་ཞུགས་ཡོད་པ་བདེན་ན་ཡང་སྤྲུལ་སྐུ་རྣམ་བཞི་སོགས་ནི།  གཏེར་སྟོན་དང་མཁས་གྲུབ་གཉིས་ལྡན་ལུང་ཟིན་གྱི་སྐྱེས་བུ་རྒྱལ་སྲས་སེམས་དཔའི་རྣམ་སྤྲུལ་ཤ་སྟག་ཡིན་པས།  དེ་དག་གི་སློབ་རྒྱུད་ཚོས་མཐའ་གཅིག་ཏུ་དད་པ་དང་རྒྱུན་འཛིན་བྱ་རྒྱུ་ལས་འདོར་མི་ཐུབ་པ་ཁག་ཅི་ཡོད། རང་སྡེའི་མཁས་པ་སྐོར་ཞིག་གིས་བན་དེར་དགག་ལེན་ནམ་བོན་ཆོས་ངོ་སྤྲོད་གནང་སྐབས། བན་བོན་གཉིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ།  ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ། སྡིག་བཅུ་སྤང་ཞིང་དགེ་བཅུ་སྤྱོད་པ།  ཚད་མེད་བཞི་ལ་བློ་སྦྱང་བ། ཐབས་ཕར་ཕྱིན་བཅུ་ལ་བསླབ་པ། ལྟ་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཤེས་རབ་སྟོང་པ་ཉིད་ལ་མཉམ་པར་འཇོག་པ།  མཐར་ཐུག་གི་འཐོབ་བྱ་ཁམས་གསུམ་ལས་འདས་པའི་རྣམ་མཁྱེན་སངས་རྒྱས་ཡིན་པ་སོགས།  བན་བོན་གཉིས་ཀའི་གཞི་ལམ་འབྲས་གསུམ་གང་ལ་ཡང་ཁྱད་པར་སྤུ་ཙམ་མེད་ཚུལ་གསུང་གི་ཡོད་ན།  བོན་གསར་རྙིང་བར་གྱི་བརྡ་ཆད་དང་ཚིག་རིས་མི་འདྲ་བ་ཙམ་ནི་དེ་ལས་ཀྱང་གླེང་རིན་མེད་པ་ཞིག་ཅི་ལ་མིན། དེས་ན་ཁོང་རྣམ་པས་རྒྱལ་བ་གཤེན་རབ་ཀྱི་བཀའ་ལ་བརྟེན་ནས་དུས་དང་བསྟུན་པའི་བསྟན་པ་སྤེལ་ཚུལ་ཐུན་མོང་མ་ཡིན་པའི་རང་ལུགས་རེ་གསར་བཏོད་གནང་བ་འདི་ལ། ང་ཚོས་དག་སྣང་དང་ཡི་རངས་ཕུལ་ནས་བོན་པོ་སྤྱིའི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་ཐུགས་ཁུར་བཞེས་རྒྱུ་ཅི་ནས་ཀྱང་གལ་ཆེ།  ཡང་ཀུན་མཁྱེན་ཤར་རྫ་བའི་བཀའ་བརྟེན་ལ་མཁས་པ་ལ་ལས་བོན་གསར་ཞད་ཡོད་ཚུལ་དང་། ལ་ལས་བོན་རྙིང་མའི་ལུགས་རྣལ་མ་གཙོ་བོ་ཡིན་ཚུལ་དང་རྒྱལ་བ་སྨན་རི་བའི་རྗེས་འབྲང་ངོ་མ་ཡིན་ཚུལ་སོགས་དོན་མེད་ཀྱི་གླེང་གཞི་འདི་སྔར་ནས་ཡོད་ལ་ད་ལྟའང་མཚམས་བཞག་མེད། གསར་རྙིང་གང་གི་ཞད་ཡོད་མེད་གང་ལྟར་ཡང་ཀུན་མཁྱེན་ཤར་རྫ་བ་ལྟ་བུ་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག   ང་ཚོ་བོན་པོ་ཚང་ལ་མཚོན་ན་དེ་སྔ་བྱོན་པ་ཤིན་ཏུ་ཉུང་ཞིང་ཕྱིན་ཆད་ཀྱང་འབྱོན་པ་རབ་ཏུ་དཀའ། ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཁོང་གི་དངོས་སློབ་ཡང་སློབ་དག་གིས་གངས་ཅན་སྟོད་སྨད་བར་གསུམ་མམ་ལྷག་པར་དུ་ཁམས་དང་མདོ་སྨད་ལྷོ་བྱང་སོགས་སུ་བསྟན་པ་རྒྱ་ཆེར་སྤེལ་བའི་དབང་གིས། ད་ལྟ་ག་ས་གང་དུ་ཁོང་རིན་པོ་ཆེའི་བཀའ་བརྟེན་ལམ་རིམ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་མཁན་ཤིན་ཏུ་མང་། དེ་དག་ལ་ཤར་རྫ་བའི་བསྟན་པ་ཡང་དག་པ་ཞིག་མ་རེད་ཅེས་སྨྲས་ནས་ཤེས་མི་ཤེས་གཉིས་ཀར་ཕོག་ཐུག་བཟོས་ན། སྨྲ་མཁན་ཀུན་སློང་གཙང་ཞིང་ལྷག་བསམ་ཅན་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་རང་གི་ཆེ་བ་ཉམས་བྱེད་དང་།  གཞན་རྒྱུད་ལ་ལོག་ལྟ་སློང་བྱེད་བོན་པོའི་ནང་ཁུལ་དཀྲུག་བྱེད་ཙམ་ལས་ཅི་ཡང་མི་འབྱུང་ངེས། དེའང་ལོས་ཡིན་ཀུན་མཁྱེན་ཤར་རྫ་བ་ཁོང་གི་བཀའ་བརྟེན་རྣམས་ནི་མདོ་སྔགས་རྫོགས་གསུམ་གྱི་ཟབ་གནད་མ་ལུས་པར་ཡོངས་སུ་འདུས་ཤིང་།  ཚིག་གསལ་ལ་དོན་གོ་བདེ་བ་དབང་པོ་རབ་འབྲིང་ཐ་གསུམ་ཀུན་གྱིས་འཆད་ཉན་དང་ཉམས་ལེན་ལ་ཕན་པའི་བཀའ་བརྟེན་གཅེས་བསྡུས་འདི་ལྟ་བུ་ནི། ང་ཚོར་སྔར་ཡོད་མ་མྱོང་བའི་ལམ་རིམ་ཤིན་ཏུ་གལ་ཆེན་ཞིག་ཡིན་ཕྱིར་ང་ཚོས་ཉམས་ལེན་ལའང་མཁོ་གལ་ཤིན་ཏུ་ཆེ་བ་ཞིག་མ་ཡིན་ནམ། དེས་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བོན་གསར་རྙིང་གི་དབྱེ་བ་མི་གླེང་བར་ཕན་ཚུན་དག་སྣང་དང་མཐུན་སྒྲིལ་བྱ་རྒྱུ་ལས་གལ་ཆེ་བ་ཞིག་གང་དུ་ཡོད་དམ། དུས་རབས་ཉེར་གཅིག་པ་ཆ་འཕྲིན་གྱི་དུས་རབས་ཞེས་གོ་ལ་ཧྲིལ་པོ་དབང་དུ་འགུག་པའི་ཚན་རིག་དང་གདོང་ཐུག་རྒྱབ་ནས། ནང་བསྟན་རྒྱུད་འཛིན་པའི་མདུན་ལམ་ཇེ་དོག་ནས་ཇེ་དོག་ཏུ་འགྲོ་བཞིན་ཡོད་པ་དང་། ཚན་རྩལ་འཕྲུལ་གྱིས་བསྐྲུན་པའི་སྲིད་པའི་ཕུན་ཚོགས་སྟོན་མོར་བཤམས་ནས། དབེན་དགོན་གྱི་རབ་བྱུང་བ་འདོད་ཡོན་སྒེག་མོས་མགྲོན་དུ་བསུ་བཞིན་ཡོད་པ། ཉམས་ལེན་བསྐྱུར་ནས་རྩོད་གླེང་ལ་དགའ་བའི་ང་ཚོས་རང་ལྟ་མཆོག་འཛིན་གྱི་གཉིད་ལས་སད་རན་པ། མདོར་ན་ང་ཚོ་རབ་བྱུང་བའི་གཞིས་ཁྱིམ་ཕྱི་ལྷོད་ནང་ལྷོད་དང་ཆེ་ལྷོད་ཆུང་ལྷོད་དུ་འགྱུར་བཞིན་ཡོད་པ་འདི་ལ་སྙིང་ན་ནས་སྐ་རགས་ཡང་སྡོམ་ཞིག་བྱེད་རན་པས་མི་ཚོད་འཕྱིས་ཡོད་པ་འདི་ལ་ཐུགས་བསམ་བཞེས་རྒྱུ་ཅི་ནས་ཀྱང་གལ་ཆེ།  ཡང་གཅིག་བཤད་ན་བོན་གསར་རྙིང་གང་ཡིན་ཡང་ཆོག་ང་ཚོ་ཆོས་ལུགས་པ་ཡིན་པས་ཆོས་ཉམས་ལེན་བྱ་རྒྱུ་གཙོ་བོར་འཛིན་པ་ལས་ཆོས་ལ་ཞིབ་འཇུག་བྱས་ནས་དོག་སློང་བྱ་རྒྱུ་གཙོ་བོ་མ་རེད། ང་ཚོས་ཕྱོགས་རིས་དང་ཆགས་སྡང་གི་མགོ་བོ་ཅི་གནོན་བྱ་རྒྱུ་གཙོ་བོ་བྱེད་པ་ལས་ཆགས་སྡང་སློང་བྱེད་ཀྱི་སྐད་ཆ་བཤད་རྒྱུར་འཛེམ་དགོས་སོ།།

ལྔ།

དགོན་པ་སོ་སོའི་ནང་ཁུལ་དུ་མཐུན་སྒྲིལ་ཡོད་རྒྱུ་གལ་ཆེ་བ་སྨྲ་མ་དགོས་ཏེ། སྤྱིར་དགོན་པ་ཞེས་པ་མི་རེ་རེ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་ལ་མི་རེ་རེར་མོས་པ་མི་འདྲ་བ་སྣ་ཚོགས་ཡོད་པ་བཞིན་སོ་སོའི་མོས་པ་དང་འཚམས་པའི་སྒྲིག་ལམ་ཞིག་ཀྱང་ཡོད་དགོས།  སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་བསྟུན་ནས་བོན་གསུངས་པ་ལྟར་ང་ཚོས་ཀྱང་སོ་སོའི་མོས་པ་དང་བསྟུན་ནས་སྒྲིག་ལམ་འཇོག་ཤེས་ན་བཟང་།  སྤྱིར་སྟོན་པ་སངས་རྒྱས་ཀྱིས་གྲྭ་པ་སྤུས་གཙང་ཡོང་རྒྱུ་གཅིག་བུར་དགོངས་ནས་འདུལ་བའི་བཅས་ཁྲིམས་མཛད་ཡོད་ཀྱང་། རྗེས་རབས་རྒྱུད་འཛིན་པས་སྟོན་པའི་གསུངས་ཇི་བཞིན་ལག་ལེན་དུ་བསྟར་མ་ཐུབ་པར་གྲྭ་པ་མང་རྒྱུར་ཤུགས་རྒྱབ་ཡོད་པ་འདི་ད་ལྟ་ང་ཚོར་མཚོན་ན་རྒྱུན་ལྡན་གྱི་ལམ་ལུགས་ལྟ་བུར་ཆགས་ཡོད།  འོན་ཀྱང་དགོན་པ་ཐུགས་མཐུན་ཁྲིམས་གཙང་ཡོད་དགོས་ཞེས་པ་འདི་ཁ་ནས་བཤད་རྒྱུ་གཅིག་བུར་ལུས་ན་དགོན་པ་ཞིག་གི་རྣམ་པ་ལྡན་མི་ཐུབ་པས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། དེས་ན་ཐུགས་མཐུན་ཞེས་པ་རྣམ་ཡེངས་བག་ཕེབས་ཀྱི་ངང་དུ་ཉི་མ་ཕུད་ནས་སྐྱིད་པོ་བྱ་རྒྱུར་ཐུགས་མཐུན་པ་དེ་མིན་ལ། རྒྱུ་ནོར་འཚོལ་བསྒྲུབ་དང་འདོད་ཡོན་ལ་བག་མེད་དུ་ལོངས་སུ་སྤྱད་རྒྱུར་ཐུགས་མཐུན་པ་དེའང་མིན། གོ་སླ་བར་བརྗོད་ན་ཁྱིམ་སྤང་རབ་བྱུང་བའི་ལས་རྒྱུའི་བྱ་བའམ་སྡེ་སྣོད་གསུམ་ལ་འཆད་ཉན་དང་བསླབ་པ་གསུམ་ཉམས་ལེན་བྱ་རྒྱུར་ཐུགས་མཐུན་པར་བྱ་རྒྱུ་དེ་ཡིན། ཁྲིམས་གཙང་ཞེས་པ་རང་གིས་མཁན་སློབ་ཀྱི་དྲུང་ནས་དམ་བཅས་པའི་སྡོམ་ཁྲིམས་མ་ཉམས་པར་གཙང་མར་བསྲུང་དགོས་པ་གོ་སླ།  དེས་ན་འདུལ་བའི་དགོངས་དོན་གཞིར་བཞག་ནས་དམ་ལྷོད་རན་པའི་སྒྲིག་ལམ་གང་ཞིག་མི་སོ་སོས་རང་འགུལ་གྱིས་འཁུར་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ།

ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་འདུ་བའི་དཔེ་ལྟར་མི་རེ་རེའི་མོས་པར་མི་འཚམ་པའི་སྒྲིག་ལམ་ཞིག་གིས།   བཙན་སྐུལ་ལྟ་བུས་མི་འདོད་བཞིན་དུ་འཁུར་དགོས་འབྱུང་ཚེ་དགོན་པའི་ནང་ཁུལ་འགལ་བ་སློང་བྱེད་ཀྱི་རྒྱུ་ལས་མཐུན་སྒྲིལ་བཟང་པོ་ཡོང་དཀའ། དེ་བའི་དབང་གིས་སྒྲིག་ལམ་གང་ཞིག་ཐོག་མ་ནས་གྲྭ་པ་སོ་སོར་འདོད་མོས་དང་བློ་སྟོབས་ཆེ་ཆུང་མི་འདྲ་བ་ཡོད་པར་འཚམ་རྒྱུ་གལ་ཆེ་བ་དེ་ཤེས་དགོས། དེ་ཡང་གྲྭ་པ་ལ་ལ་ངེས་འབྱུང་གིས་བསྐུལ་ནས་རབ་ཏུ་བྱུང་བ་དང་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས། སྒོ་གསུམ་ཉེས་སྤྱོད་ཕྲ་རགས་ཐམས་ཅད་རང་གཅུན་གྱི་ངང་ནས་ཕྱི་ཚུལ་ནང་ཁྲིམས་ཚུལ་བཞིན་སྲུང་མཁན་དགེ་སློང་ཡང་དག་ཉུང་ཤས་ས་ཆ་གང་གི་དགོན་པ་སོ་སོར་ཡོད་ངེས་ཤིང་། དེ་དག་ཆགས་སྡང་སློང་རྐྱེན་མང་སའི་ཁོར་ཡུག་ལྟ་བུར་ལས་བསྐོས་མི་བྱེད་པ་གལ་ཆེ་བ་མ་ཟད། ཁོང་དག་གི་རྨད་བྱུང་མཛད་བཟང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་ཞིང་ཡི་རངས་དབུལ་རྒྱུ་ཅི་ནས་ཀྱང་གལ་ཆེ། དེང་སང་ས་ཆ་ལ་ལར་ཚུལ་ཁྲིམས་གཙང་མར་སྲུང་མཁན་རེ་བྱུང་ན་དེ་ལ་ཕྲག་དོག་གིས་འདིས་ཤ་མི་ཟ་འདིར་ཁོང་ཁྲོ་ཡང་ལང་རྒྱུ་མེད་ཅེས་ཉིན་མོའི་འུག་རྒན་ལྟར་ཀུན་གྱིས་ཁ་རུབ་རྒྱག་གིན་ཡོད་ཚུལ་ཐོས།  ཁོང་རྣམ་པར་ལས་དང་སྐལ་པ་བཟང་པོ་ཞིག་ལྡན་པས་འདུལ་ཁྲིམས་ཚུལ་བཞིན་སྲུང་འདོད་ཡོད་པ་དེ་ཁོང་རྣམ་པའི་བསོད་ནམས་ཡིན་ལ། ཁོང་རྣམ་པ་བསླབ་བྱར་ཚུལ་བཞིན་གནས་པ་དེས་ང་ཚོར་ཅི་ཡང་གནོད་མི་སྲིད་པས། ང་ཚོས་དེ་ལྟར་སྲུང་མི་ཐུབ་ཀྱང་ཁོང་རྣམ་པར་ཚིག་ངན་སྨོས་ནས་ཅི་བྱེད། དེ་བཞིན་དུ་ཨ་རྫོགས་སྙན་གསུམ་གྱི་དགོངས་དོན་ཇི་བཞིན་ཉམས་ལེན་བྱེད་འདོད་ཡོད་པའི་དབང་པོ་ཡང་རབ་བམ།  དད་པ་དང་ངེས་འབྱུང་ཅན་སྔོན་གྱི་ལས་འཕྲོ་སད་པའི་སྐྱེས་བུ་དམ་པ་རེ་ཟུང་སྔར་ཡང་གྲངས་མེད་བྱུང་ཞིང་ཕྱིན་ཆད་ཀྱང་འབྱུང་སྲིད་པས།  དེ་ལ་མདོ་ལས།  རྒྱ་མཚོའི་གླིང་དུ་མེ་མི་འབར།  འདུ་འཛིའི་གླིང་དུ་སེམས་མི་ཟིན། ཞེས་པ་ལྟར་དེ་དག་ནི་གཡའ་རི་གངས་བྲག་དང་མཚོ་གླིང་དུར་ཁྲོད་གནས་རི་བྱིན་ཅན་དག་ཏུ་གནས་ནས།  བླ་མེད་རྫོགས་པ་ཆེན་པོའི་རིག་སྟོང་རྐྱང་འདེད་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ་ནི་སྔོན་བྱོན་རིག་འཛིན་གྲུབ་ཐོབ་གོང་མ་རྣམས་དང་། དམ་པ་རི་ཁྲོད་པ་ཡབ་སྲས་སོགས་ཀྱི་ཕྱག་ལེན་འཁྲུལ་མེད་ཡིན་ཕྱིར་རྣམ་གཡེང་དང་འདུ་འཛི་ཆེ་བའི་དགོན་པའི་སྒྲིག་འོག་ནས་གུ་ཡངས་གཏོང་རྒྱུ་གལ་ཆེ། མི་ལ་ལས་རང་གིས་མཚམས་སྒྲུབ་པ་དང་ཤེས་རབ་སྟོང་པ་ཉིད་ལ་བློ་སྦྱོང་འདོད་མེད་པ་དེ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ། གཞན་མཚམས་ལ་འདུག་མི་རེ་བྱུང་ན་ཐུགས་ལ་མི་འགྲོ་བས་རྒྱུན་དུ་བཀག་འགོག་ཁོ་ན་བྱེད་དེ།  མཚམས་ལ་འདུག་དགོས་ན་དགོན་པའི་ནང་དུ་སྡོད་ན་ལོས་ཆོག་དེ་ཚོར་ཉམས་རྟོགས་ཀྱི་ཡོན་ཏན་ཡོད་མེད་ཅི་ཤེས། ཞེས་སྨྲ་མཁན་ཡོད་པ་དེ་དག་གིས་ལམ་གྱི་གོ་རིམ་བགྲོད་ཚུལ་དང་ཨ་རྫོགས་སྙན་གསུམ་གྱི་མན་ངག་ཉམས་ལེན་བྱེད་པ་ལ། ཕར་ཕྱིན་ལྔ་པའི་བསམ་གཏན་གྱི་སྔོན་འགྲོའི་ཡན་ལག་དྲུག་དགོས་ཚུལ་སོགས་ཀྱི་གོ་བ་མ་ལོན་པ་ཡིན་ཞིང་། སྔོན་བྱོན་རིག་འཛིན་གྲུབ་ཐོབ་གོང་མ་དེ་ཚོར་དགོན་པ་མ་ཡོད་པས་མིན་ལ་ཁོང་རྣམ་པས་དགོན་པར་མཐོང་ཆུང་བྱས་པ་དེ་བས་ཀྱང་ག་ལ་ཡིན། ཡང་རྩེ་བླ་མེད་ཐེག་པའི་ལམ་ལ་ཞུགས་པའི་མན་ངག་ཉམས་ལེན་མཁན་གྱིས་མ་བསྟེན་ཐབས་མེད་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་དེ་ཤེས་དགོས། ཡང་ཆོས་བཤད་པ་སླ་ཡང་བསྒྲུབ་པ་དཀའ། ཞེས་པ་ལྟར་ཉམས་རྟོགས་ཀྱི་ཡོན་ཏན་ཡོད་རྒྱུ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན་ཕྱིར་ཁོང་ཚོའི་རྒྱུད་ལ་ཡོད་མེད་མི་ཤེས་པ་བདེན་ན་ཡང་། གལ་ཏེ་ཡོད་པའི་དབང་དུ་བཏང་ན་དུས་རྟག་ཏུ་དབེན་པའི་རི་ཁྲོད་བསྟེན་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཐུབ་མཁན་ཞིག་ལ་ཡོད་འོས་པ་ལས། ལྟ་བ་ཁ་ལ་ཁྱེར་ཞིང་དཔེ་ཆ་ལག་འཆང་གི་རྟོགས་ལྡན་ཡར་རྒྱུག་མར་འདུར་བྱེད་མཁན་དག་གི་རྒྱུད་ལ་ཡོད་མི་སྲིད། མི་དེ་དག་གིས། སྒོམ་སྒྲུབ་བཀག་ནས་ཚིག་རིས་འབད།། ཉམས་ལེན་བཀག་ནས་ཚུལ་འཆོས་གཟབ།། དབེན་པ་བཀག་ནས་འཚོགས་འདུ་བརྩམས།། བསྟན་འཛིན་དེ་ནི་ང་ཡི་བདུད།། ཅེས་པའི་དོན་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེ། ཡང་གཅིག་བཤད་ན་རི་ཁྲོད་པའང་ཡང་དག་ཡིན་མིན་གཉིས་ཀ་ཡོད་པས་ལེགས་ཉེས་འབྱེད་ཤེས་དགོས་ཏེ། ཡང་དག་ལ་གུ་ཡངས་དང་དགོན་པ་གང་དེའི་མཛེས་རྒྱན་དུ་བསམ་ནས་སྲུང་སྐྱོབ་བྱེད་ཅིང་། ངེས་འབྱུང་སོགས་ཀྱིས་བསྐུལ་བ་མ་ཡིན་པར་གཞན་ལ་འགྲན་འཚོལ་བའམ་རྙེད་དང་བཀུར་བསྟི་ཁེ་དྲག་སོགས་འདོད་པ་ཡིན་ན། རི་ཁྲོད་དུ་བསྡད་པ་ལས་དགོན་པའི་སྒྲིག་འོག་ཏུ་གནས་ན་རང་གཞན་གཉིས་ཀར་ཕན་པ་ཆེ་བ་ཤེས་དགོས།  ཡང་རྩོད་གྲྭའམ་ཡང་ན་སྒྲུབ་གྲྭ་ཙམ་ཡང་ཚུགས་མི་ཐུབ་པའི་དགོན་པ་ཆུང་གྲས་དག་གིས་གྲྭ་ཆུང་ཚོ་ཅི་མི་སྙམ་པར་བཏང་སྙོམས་སུ་མི་འཇོག་པར། nམཚན་ཉིད་རྩོད་གྲྭའམ་སྒྲུབ་གྲྭ་ཡོད་སའི་དགོན་པ་གཞན་དག་ཏུ་མངག་རྒྱུ་མ་ཟད་ཁོ་ཚོའི་སློབ་གཉེར་མཐར་མ་ཕྱིན་བར་དུ་གནང་བ་སྟེར་རྒྱུ་གལ་ཆེ།   དེ་དག་གང་ཡང་མི་ནུས་པའི་གྲྭ་པ་མང་ཕྱོགས་ཀྱིས་སོ་སོའི་ནུས་ཚད་དང་བསྟུན་ཏེ་དགོན་པའི་ལས་འགན་ཁུར་ནས།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བརྟེན་གཞི་ངོ་མ་དགོན་པ་ཡིན་པས་འདི་ཉིད་ཉམས་སུ་མི་འཇུག་པར་འཛིན་སྐྱོང་སྤེལ་གསུམ་བྱ་དགོས།  ལ་ལས་དགོན་པའི་ལས་བསྐོས་ནི་ཁྲལ་ལས་ཀྱི་འདུ་ཤེས་འཛིན་པ་ནི་རང་རྒྱུད་ན་ཆོས་ལ་དད་པ་དང་།  ཆོས་སྒྲུབ་འདོད་ཀྱི་བསམ་པ་རྣམ་དག་མེད་པའི་རྟགས་ཡིན་པས་ཤིན་ཏུ་མི་རུང་། གྲྭ་པ་ཚད་ལྡན་ཞིག་གི་མི་ཚེའི་བགྲོད་རིམ་ལྟར་ན་ཐོག་མར་དགོན་པར་ཞུགས་ནས་དགེ་ཚུལ་གྱི་རྟགས་བླངས་ཏེ་འཚོགས་འདོན་དང་དེའི་སྟེང་དུ་ལྕོགས་ན་དག་སུམ་སྙན་ངག་རྩིས་སོགས་སྦྱངས་ནས། རང་དགོན་དུ་རྩོད་གྲྭ་མེད་ན་གྲྭ་སར་ཕེབས་ཏེ་རབ་བྱུང་ཞུ་ཞིང་རྩོད་གྲྭར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་རྩོད་པ་མཐར་ཕྱིན་པར་བྱེད། དགོན་པའི་ལས་འགན་ཆེ་ཆུང་འགའ་རེའང་འཁུར་དགོས།  དེ་ནས་རབ་ཡིན་ན་ཡུལ་ངེས་མེད་ཀྱི་དབེན་པ་བསྟེན་ནས་ཤེས་རབ་སྟོང་པ་ཉིད་ཁོ་ནར་གོམས་པ་བསྐྱེདཅིང་སྐུ་ཚེ་མཐར་ཕྱིན། ཡང་ལ་ལ་མཚན་ཉིད་རྩོད་གྲྭར་མི་ཞུགས་པར་ཐོག་མ་ནས་སྒྲུབ་གྲྭར་ཞུགས་ཏེ་རྫོགས་པ་ཆེན་པོའི་སྔོན་དངོས་རྗེས་གསུམ་གྱི་སློབ་གཉེར་རམ་ཉམས་ལེན་མཐའ་དག་མཐར་ཕྱིན་རྗེས།  གཅིག་བུར་ཡུལ་ངེས་མེད་ཀྱི་རི་ཁྲོད་འགྲིམས་ནས་བླ་མེད་རྫོགས་པ་ཆེན་པོའི་རིག་སྟོང་རྐྱང་དེད་ལ་གོམས་པ་བསྐྱེད་ནས་སྐུ་ཚེ་མཐར་ཕྱིན། འདི་དག་ནི་གང་ཟག་དབང་པོ་ཡང་རབ་ཉུང་ཤས་ནང་གི་ཉུང་ཤས་ཙམ་མ་གཏོགས་མང་ཕྱོགས་ཀྱིས་མི་འཇོན་ཡང་ཁོང་རྣམ་པ་ཚོར་དད་པ་དང་ཡི་རངས་འབུལ་བའི་ཆེད་དུ་ཡིན། ང་ཚོ་དགོན་པ་ཞིག་ལ་མཚོན་ན་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་གསུངས་ཡོད། གོ་སླ་བར་སྨོས་ན་བཤད་ཅེས་པ་བཤད་གྲྭའམ་རྩོད་གྲྭ་དང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ལ་གོ་ཞིང་། སྒྲུབ་ཅེས་པ་སྒྲུབ་གྲྭ་དང་སྒོམ་གྲྭ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ལ་གོ་དགོས།  རྒྱུ་མཚན་དེའི་དབང་གིས་ང་ཚོས་ནམ་ཡིན་ཡང་བཤད་སྒྲུབ་གཉིས་ཟུང་འབྲེལ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་དེའོ།།

པར་རིས། དྲ་ལམ་ནས་བཏུས།

88220cookie-checkམཐུན་སྒྲིལ།
(སྤྱིའི་གཟིགས་གྲངས། 503 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བལ་ཡུལ་གནས…
error: རྩོམ་འདི་བདག་དབང་ཅན་ཡིན།