ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་བཅའ་ཡིག

གཤེན་སྡེ་འདུས་པའི་བཀའ་ཡིག་རིན་ཆེན་དབང་གི་རྒྱལ་པོ་གཡུང་དྲུང་འབར་བའི་གཟི་བྱིན་ཞེས་བྱ་བ་བཞུགས་སོ། །

ན་མོ་དམུ་ར་ཝེར་རོ་སྤུངས་སོ་ཧྲུན། མཚུངས་མེད་དཔོན་གསས་བླ་མ་དམ་པ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་རྗེས་འཇུག་ཡང་སློབ་དང་བཅས་པ་དུས་དང་རྣམ་པ་ཐམས་ཅད་དུ་ཐུགས་རྗེས་བསྐྱང་དུ་གསོལ་ལོ། །

བོད་གངས་ཅན་གྱི་ལྗོངས་འདིར་འཕྲུལ་ངག་གཡུང་དྲུང་བོན་གྱི་བཀའ་འོག་ཏུ་བདེ་བས་འདུས་པའི་གཤེན་སྡེའི་ཚོགས་རྣམས་ལ་ཟློ་བ། འདིར་གདུལ་བྱ་འཇིག་རྟེན་གྱི་བདེ་སྐྱིད་ནི་རྒྱལ་བའི་བསྟན་པ་ལ་ལྟོས་ཤིང་རྒྱལ་བསྟན་གཤེན་སྡེ་འདུས་པས་འཛིན་དགོས་པས་དགེ་འདུན་པ་མཐའ་དག་བསྟན་པའི་གཞུང་ལམ་ན་བཞུགས་པའི་བཅའ་སྒྲིགས་ཀྱི་བཀའ་འོག་ཏུ་ཚུད་དགོས། དེ་ལ་གནས་སྡེ་གཅིག་ཏུ་ལས་འཕྲོ་དང་དད་པས་འདུས་ནས་གླིང་ཁ་གང་བབས་རྒྱན་ཤར་བསྟུན་བཀའ་བཀོད་བློས་བླངས་མགོ་བཏུད་ཀྱིས། གཏང་ལེན་དགེ་རྒན་དང་གནས་ཀྱི་མཁན་པོ་གང་རུང་བསྟེན་པ་དང་། འདུལ་ཆས་དངོས་གཙང་གྲྭ་བསྒྲིགས་ནས་བྱ་བ་ཅི་བྱེད་མགོ་འོག་ལུས་ཚུད་ཀྱིས་འདུས་པ་གོང་འོག་ཀུན་ནས་མིག་མདས་མ་ཕོག་པར་བྱ་བ་དང་།

ལེགས་ཚོགས་ཀྱི་གཞི་མ་བྲིས་ཀློག་དང་སྒྲིགས་འདོན་གྱི་བོན་སྤྱོད་སྐབས་སུ་བབས་པ་བློ་འཛིན་དག་ཐོན་དགོས་པ་དང་། ཁྲོ་ཕུར་ཞང་གསུམ། རྣམ་ཀློང་རྒྱལ་གསུམ་སོགས་ཀུན་ཏུ་དགོས་པའི་སྒྲུབ་ཕྲིན་དང་། སྒྲུབ་མཆོད་བཅུ་གཉིས་སོགས་སྐབས་ཀྱི་ཆོ་གའི་རིགས་འཛིན་ཀློག་བློ་ངོར་མ་ཤོར་བར་འདྲིས་པར་བྱ་བ་དང་། དུང་ཚིགས་བརྡ་གཏོང་བ་དང་བསྟུན་ནས་ཚོགས་སུ་འཇུག་ངོས་ཆེ་མགོ་སྒྲིགས་གསུམ་གྱི་གྲལ་རིམ་ཕན་ཚུན་མ་འཛིང་བར་སྲོལ་དོད་ལུགས་བཞིན་གནས་པ་དང་། ཆོ་གའི་གཞུང་གི་སྦྱོར་དངོས་རྗེས་གསུམ་གདངས་འདུར་གང་བབས་སྐད་སྒྲིགས་སྙན་ལ་བརྗིད་ཆགས་སུ་གཏོན་བ་དང་། ལས་ཚན་སྐོས་ཐོབ་རྣམས་ཀྱིས་རོལ་མོ་ཐོག་མཐའ་གང་བབས་དེ་མཐུན་ལས་ལང་ཤོར་ཅི་བདེར་མ་སོང་བར་སྐབས་དང་འབྱོར་བར་བྱ་བ་དང་། ལས་གཉེར་ཁྲིམས་གསུམ་སོ་སོ་ནས་ཚོགས་ཀྱི་རྙེད་པ་ཇི་སྙེད་དམིགས་སུ་འགྲོ་ངེས་པའི་མཐུན་སྦྱོར་གྱི་འགན་ཁུར་མིང་ཙམ་དུ་མ་སོང་བའི་རྒྱུ་འབྲས་ཐུབ་ངེས་སུ་བྱ་བ་དང་། ཚོགས་པ་བྱིང་ནས་ཚོགས་བསགས་མདོ་ཆོག་རིགས་ཚོགས་ཁང་དང་དམ་གཙང་བསལ་བཏུད་ཀྱིས་སྔགས་ཆོག་རྣམས་སྒྲུབ་ཁང་དུ་གཞི་བཟུང་འཆོལ་མེད་སོ་སོར་བསྐྱང་བར་བྱ་བ་དང་།

ལོ་བསྟར་གྱི་དབྱར་སོས་དང་ཡར་ངོ་རྣམས་ལ་གཞུང་དང་གདམས་ངག་གི་ཁྲིད་ལ་འཆད་ཉན་དང་དགུན་དཔྱིད་དང་མར་ངོ་རྣམས་ལ་གསང་སྔགས་ཕྱི་ནང་གི་བསྙེན་སྒྲུབ་ལ་འབད་པས་བརྩོན་པ་དང་། ཟླ་རེ་བཞིན་ཡར་མར་གྱི་གསོ་སྦྱོང་གཙོས་པའི་དུས་དང་རྒྱུན་གྱི་མཆོད་པའི་བཤམས་བདར་བྱི་དོར་སྒྲོས་ཐོན་བཅས་བསགས་སྦྱོང་གི་བྱ་བ་ལ་ཆེད་གཏད་ཀྱིས་འཇུག་པ་དང་། ཟླ་དུས་སུ་དངོས་གྲུབ་ཀྱི་ཆེད་དུ་ཞི་བ་ཀུན་བཟང་གཙོས་པའི་སྒྲུབ་མཆོད་བཅུ་གཉིས་དང་བསྟན་རིམ་གྱི་ཆེད་དུ་ཁྲོ་ཕུར་ཞང་གསུམ་གྱི་འབེན་ཟློག་རྣམས་གུས་སྦྱོར་རྟག་འགྲུས་ཀྱི་སྒོ་ནས་འབད་པ་དང་། ཕྲིན་ལས་ཀྱི་ལག་ལེན་སྤྱི་དང་ཐིག་ཚོན་གཏོར་བཟོ་གདངས་རོལ་གར་གསུམ་སོགས་རང་བཟོ་མེད་པར་ཁུངས་ལྡན་དང་ཚད་ལྡན་ཉིས་ཚོགས་སུ་བྱ་བ་དང་། སྤྱི་རིམ་དང་གསོན་གཤིན་གྱི་སྐུ་ཡོན་འདོན་སྒྲུབ་ཡོན་བདག་གི་བློ་མཐུན་སོ་སོར་དམིགས་ཕྱེད་པར་བྱ་བ་དང་། ལྟ་བ་ཡས་ཕུབ་དང་། སྤྱོད་པ་མས་འཛེགས་ཀྱི་བཀའ་སྲོལ་མདོ་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་ལ་བསླབ་ནས་ཕྱི་ནང་གི་བྱ་བཞག་གོ་ལྡོག་ཏུ་མ་སོང་བར་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་བྱ་བ་དང་།

བཀའ་བབས་གོང་མ་ཆེ་བཞི་དང་གཙང་སྟོན་དམ་པ་རིམ་བྱོན་གྱི་བཀའ་རྒྱུད་ཁུང་ནས་བྱུང་བ་རྣམས་ལ་བཤད་སྒྲུབ་ཀྱི་ཁུར་གྱིས་ཐོས་བསམ་སྒོམ་སྒྲུབ་འཇུག་དགོས་པ་དང་། ཀུན་བཟང་རིགས་ཀྱི་ལམ་དབང་དང་། རིག་འཛིན་མཁའ་འགྲོའི་ཚོགས་མཆོད་དང་། སྙིང་པོ་རྣམ་གསུམ་གྱི་སྒོམ་བཟླས་རྣམས་ཆད་མེད་ལམ་སྲོལ་དུ་ཚུད་པ་ལ་བསླབ་པ་དང་། ཁྱད་པར་དབང་ཁྲིད་གདམས་པ་ཐོབ་རིམ་བཞིན་བསགས་སྦྱོང་སྔོན་སོང་གིས་བསྙེན་བཟླས་སྤྱི་དང་། ཉམས་ལེན་གྱི་ཐུགས་དམ་ལ་རྒྱུན་བཞུགས་གང་ནུས་ཆགས་མེད་བྱ་བ་དང་། མཆོད་སྦྱིན་སྣ་རེ་དང་སྲུང་མའི་གཏོར་བསྔོས་གང་དགོས་རྒྱུན་དུ་ཆད་མེད་གཏོང་བ་དང་། བརྒྱུད་པའི་ཁུངས་ཡོད་པའི་བཀའ་གཏེར་སྔ་དར་གྱི་བོན་སྡེ་རྣམས་གཙོ་བོར་བྱས་པས་གསར་ངས་ཀྱིས་བོན་སྡེ་འདྲ་མིན་སྣ་ཚོགས་བསྲེས་ནས་ལྷད་འཛུད་མི་ཆོག་པ་དང་། དེའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཐོན་པ་བྱུང་བ་རིགས་དང་མཐུན་པར་ཆེ་འདོན་མིང་བཏགས་དང་འབྲེལ་བར་བརྩི་བཀུར་བྱ་ངོ་ཤེས་པ་དང་། འཕྲལ་དུ་གྲ་ཇ་དང་ཁང་ཚན་མགོ་ཇ་སོགས་རྣམ་བཞག་གི་རིམ་པ་རྣམས་དགེ་རྒན་ཆེ་ཆུང་སོགས་སྔར་ལམ་བཞིན་བློ་མཐུན་གྱི་བཀས་བཅད་ནས་ཁྲིགས་སུ་བསྟར་བ་དང་། དེ་དག་ལ་ཧམ་པ་གྱེན་ལོག་གིས་སྒྲིགས་ལམ་ལད་རྐྱེན་སུས་བྱེད་ལ་དེ་མཚུངས་ཀྱི་ཆད་ལས་སོ་སོར་དབབ་དགོས་པ་བཅས་བཀོད་པ་གཙོ་བཏུས་སུ་བགྱིས་པ་སྟེ། ཡང་ན་གནས་བློས་བཏང་ནས་ཕན་ཚུན་མི་རེ་བར་རང་མགོ་འདོན་པའམ། ཡང་ན་འཕྲུལ་སྟེགས་བཞིན་ཕན་ཚུན་གྲ་འགྲིགས་ལ་གཡང་ཆགས་པའི་གནས་སྡེའི་སྤུ་གྲྭ་མ་ཉམས་པ་ཞིག་དགོས་པས་འདུས་པའི་སྡེ་བཟུང་ནས་བཀོད་འདོམས་འདི་བཞིན་གལ་ཆེ་བ་བཅས་མཆོག་དམན་ཀུན་ནས་ཡིད་ངེས་འདྲོང་ངོ་ཤེས་པར་གྱིས། འདི་ལ་འགལ་ཞིང་འཁུ་བའི་རིགས་ལ་དམ་ཅན་སྤྱི་དང་བཀའ་སྐྱོང་མ་བདུད་ལྕམ་དྲལ་གྱིས་བྱ་ར་གྱིས་ལ་བཀས་ཆད་པ་ཆོད། ཚུལ་འདི་བཞིན་ཉན་ཅིང་བསྒྲུབས་པ་རྣམས་ཀྱིས་བར་ཆད་སོལ་ལ་མཐུན་རྐྱེན་དང་དགེ་ལེགས་ཡིད་བཞིན་དུ་འགྲུབ་པའི་གྲོགས་གྱིས་ཤིག ས་མ་ཡ།

མདོ་སྔགས་བླ་མེད་འཕྲུལ་ངག་གཡུང་དྲུང་བོན། །བསྟན་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །

ཁྱད་པར་མ་བདུད་ལྕམ་དྲལ་འཁོར་བཅས་ཀྱིས། །བསྟན་པའི་བ་དན་ཕྱོགས་ཀུན་འདེགས་པར་མཛོད། །

ཅེས་པ་འདི་ནི་རང་གི་བཀའ་ལ་གཏོགས་པ་རྣམས་ལ་བཀོད་པ་ཆེད་གཏད་ཀྱིས་བྲིས་པ་ཡིན་པས་ཐ་ཚན་མུ་ཙུག་སྨར་རོ། །འདི་ནི་རྒྱལ་རིགས་བྲུའི་གདན་ས་གཡས་རུ་དབེན་སའི་བཅའ་ཡིག་འགྲོ་མགོན་བློ་གྲོས་ཀྱི་གསུང་ལས་བྱུང་བ་བཞིན་བྲིས་ཞེས་ཡིག་རྙིང་ལ་སྣང་ངོ་། །

(སྤྱིའི་གཟིགས་གྲངས། 900 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།