ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

<<བགྲེས་པོའི་འབེལ་གཏམ་>>ལོ་དེབ་ཉི་ཤུ་པ་གསར་དུ་ཐོན་པ།

སྔོན་གླེང་བགྲེས་པོའི་མྱོང་སྐད།

དཔྱོད་སྒོ་ཡངས་པོར་འཇུག་སའི་གོ་སྐབས་བཟང་ཞིང་ཤར་ནུབ་མི་རིགས་རྣམས་ཀྱི་རིག་གནས་སྤེལ་རེས་དང་། འགྲིམ་འགྲུལ་གྱི་ཁ་ཐག་ཤིན་ཏུ་ཉེ་བའི་སྒང་འདིར་ཆེས་གཅེས་པར་འོས་པ་ནི། གངས་ལྗོངས་མེས་པོའི་གནའ་རབས་ཀྱི་ཤེས་རིག་གམ་རིག་གཞུང་བཀྲུས་ན་མ་དག་པ་གཡུང་དྲུང་བོན་གྱི་ཆོས་ལུགས་ཏེ། འདི་ནི་ཡུལ་དབུས་ཞང་ཞུང་གི་ཆབ་དཔལ་རིག་གསུམ་གྱི་རླབས་ཤུགས་ཁ་འབབ་ཆུ་བཞིའི་བཞུར་རྒྱུན་དང་འགྲོགས་ཤིང་། གཤེན་གྱི་འཕྲིན་ལས་ས་ཆེན་པོའི་གཙུག་ཏོར་དུ་འགྱིངས་ནས་གངས་རིའི་རིག་རླབས་ཕྱོགས་ཀུན་ཏུ་འཕྲོས། གྱེར་དང་གཤེན་གྱི་རྣམ་དཔྱོད་ལས་འཁྲུངས་པའི་སྒོ་བཞི་མཛོད་ལྔའི་གཤེན་དབྱངས་ནི་བྱམས་བརྩེའི་འབོད་སྒྲ་ཐོག་མ་དེ་ཡིན་ལ། རིམ་དགུ་ཐེག་པའི་སྐས་ཐེམ་ནས་དཔྱོད་ལྡན་གྱི་རྡོག་སྒྲ་མཚམས་མ་ཆད་པར་ཡོད། དྲུང་མུའི་རྐང་ལམ་དུ་མི་རིགས་ལོ་རྒྱུས་ཡོད་ལ་ཕ་མེས་ཀྱི་ཚེ་སྲོག་ཡོད། སྨར་ཆེན་སྨར་ཆུང་གིས་མགྲིན་མདུད་བཀྲོལ་ཞིང་གཟབ་གཤར་དཀར་ནག་གིས་སྨྲ་སྒོ་ཕྱེས། གཏོ་དཔྱད་རིག་གནས་ཀྱི་རིམ་འགྲོ་བྱས་ཤིང་རང་རིགས་རིག་གནས་ལ་བརྩེ་བས་བསྐྱངས། འདས་པའི་རྐང་ལམ་ཀྱག་ཀྱོག་གི་ཁྲོད་དུ་གངས་གྲོང་ལ་ཇི་ཙམ་གོད་ཆག་རྒོད་རུང་དྲུང་མུའི་གོམ་སྟབས་ནི་མཚམས་མ་ཆད་པར་རང་རིགས་ཁོ་ནའི་དོན་དུ་བསྒྱུར། དེའངབསྒྱེལ་ས་ནས་བསླངས། ཆད་ས་ནས་མཐུདཅེས་པའི་དཔེ་བཞིན། སྔོན་བྱོན་རིགས་འཛིན་གོང་མའི་ཐུགས་སྟོབས་ཀྱིས་བསྐྱངས་པ་ལྟར། ཉེ་དུས་སུའང་ཞྭ་དཀར་བསྟན་པའི་སྲོལ་འཛིན་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་བསྟན་འཛིན་སྐྱེས་བུ་རྣམ་པའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ནས་རྒྱལ་གཤེན་བསྟན་པ་ལུང་རྟོགས་གཉིས་བསྡུས་ཀྱི་བོན་མདོ་སྔགས་སེམས་གསུམ་རིག་གནས་དང བཅས་པ་འཐུས་སྒོ་ཡོངས་སུ་ཚང་ལ་མ་ནོར་བ་གཅེས་སྐྱོང་གནང་བ་བཞིན།

སླད་ཀྱི་ཆར་བསྟན་པ་འཛིན་སྐྱོང་སྤེལ་བའི་རྣམ་བཞིའི་འཕྲིན་ལས་ཀྱི་འོད་ཞགས་རིང་དུ་བསྲིང་བར་ཐབས་ཆེན་སྒོ་ཡངས་གནད་ཀྱི་དོན་པོ་ཆེ་བསྟན་འགྲོ་སྤྱི་སྨན་གྱི་ལས་ལ་འབད་དེ། ཕྱི་ནང་གང་སར་བཞུགས་པའི་སྐྱ་སེར་གཉིས་ཀས་བྱ་བ་ཆེ་ཕྲ་ཀུན་ལ་ རང་ནུས་གང་ཡོད་ཀྱིས་ནུས་པ་མཉམ་སྤུང་གནང་སྟེ། དེང་འཛམ་གླིང་ཚན་རྩལ་རིག་པ་ཆེ་ཆེར་དར་བའི་དུས་སུའང་སྤྱི་སྒོས་རིག་ལམ་གྱི་གནད་དམིགས་གང་ལ་བརྟགས་ན་ངོམ་སོ་ཆོག་པའི་གནའ་བོའི་ཞང་བོད་ཤེས་རིག་གི་མ་ལག་ཡོངས་སུ་ཚང་བ་ཞིག་སྟེ། ལུས་ལ་ཕན་པ་སྨན་གྱི་སྡེ། ངག་རིག་སྨྲ་བ་ཡི་གེའི་སྡེ། སེམས་ལ་ཕན་པ་སྒོམ་པའི་སྡེ། མཁོ་རྒུའི་བཟོ་རྩལ་རིག་པའི་སྡེ། ཁོར་ཡུག་སྐྱོང་བ་འབྱུང་བ་འཕྲོད་སྦྱོར་གྱི་སྡེ་སོགས་ཤེས་རིག་ཕུན་སུམ་ཚོགས་པའི་ཁྱད་ཡོན་ལ་བསམས་ནས། ཁ་ཚ་དགོས་གཏུགས་རང་འགན་རང་གིས་ཁུར་ཏེ། ལས་ཀར་ཧུར་བརྩོན་དང་གྲུབ་འབྲས་ཐོན་པ་ཞིག་བྱ་དགོས་པ་དངོས་གཤིས་ལགས་ན། ངེད་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ནས་ཀྱང་ལོ་ལྟར་མེས་པོའི་མྱོང་གཏམ་མོལ་བའི་བགྲེས་པོའི་ཉམས་མྱོང་ཁ་ཏ། བྱུང་རབས་བདེན་དོན་གསལ་བའི་ལོ་རྒྱུས་གཟི་ཡི་ཐང་མ། ཤེས་རིག་ཉིང་བཅུད་བསགས་པའི་གཅེས་འོས་ནོར་བུའི་ལང་ཚོ། བཀའ་ལུང་ཀུན་གྱི་བབས་སོ་བགྲེས་པོའི་གནས་ལྔའི་བང་མཛོད། མཁྱེན་དཔྱོད་ཚངས་ཐིག་བཀྲ་བའི་དཔྱད་གཏམ་ལུང་རིགས་ཐུར་མ། སྙན་འཇེབས་བདུད་རྩི་མེར་བའི་སྙན་རྩོམ་རྣ་བའི་བཅུད་ལེན། ལུང་རིགས་དཔྱད་བསྡུར་མོད་པའི་བགྲོ་གླེང་གར་གྱི་སྟེགས་བུ། གསར་བུའི་བློ་གྲོས་རྒྱས་པའི་རྩོམ་རྒྱུགས་རིག་རྩལ་བང་ཁ། དུས་ཐོག་གནས་ཚུལ་མཁྱེན་པའི་གསར་གནས་དམར་མོ་མཛུབ་སྟོན་སོགས་རིམ་དགུའི་བདག་ཉིད་དུ་སྦྲུམ་པའི་ལོ་དེབ༼བགྲེས་པོའི་འབེལ་གཏམ༽འདི་བཞིན་འགྲེམ་སྤེལ་བྱས་དང་བྱེད་མུས་ལྟར་ལ།

དམིགས་བསལ་ད་ལོ་གདན་ས་འདིར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བར ༼ཉེར་ལྔའི་རྟེན་འབྲེལ་ཤིས་ཚིག༽ལེ་ཚན་ཞིག་བསྣན་ཡོད་པར་བརྟེན། དེས་ན་ཤིས་རྩོམ་འདི་དག་རྩོམ་གཤིས་བཟང་མིན་ལ་མ་ལྟོས་པར་རྟེན་མཚོན་གྱི་ལེགས་སྐྱེས་སུ་དམིགས་ཏེ་གུ་ཡངས་བྱས་ནས་བཀོད་ཡོད། ལྷག་ཏུ་བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉི་ཤུ་པ་འདི་ཉིད་མཁྱེན་ཡངས་རྩོམ་པ་པོ་རྣམ་པའི་མཐུན་འགྱུར་དང་ངེད་རྩོམ་སྒྲིག་ཚོགས་མི་ཡོངས་ཀྱི་ནུས་པ་མཉམ་སྤུང་གི་སྟོབས་ཤུགས་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་པ་བཅས་སོ།། གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༩ ཉིན།

(སྤྱིའི་གཟིགས་གྲངས། 864 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཀྲ༵་གསལ་ར…
error: རྩོམ་འདི་བདག་དབང་ཅན་ཡིན།