ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་བསྡོམས་འཚོགས་འདུ།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་བསྡོམས་འཚོགས་འདུ།

མདོ་སྔགས་བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ ༢༤ པ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ་བཅས་དགོན་འདིའི་ལོ་གཅིག་གི་སློབ་གཉེར་ལས་རིམ་ཡོངས་སུ་གྲུབ་མཚམས་ཀྱི་མཇུག་བསྡོམས་འཚོགས་ཆེན་ཉིན་གཉིས་རིང་གི་གནས་ཚུལ།

ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ པའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་བཞི་པར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་གཙོས་མཁན་སློབ་རྣམས་དང་། གྲྭ་ཚང་བླ་མ། རྩ་འཛིན་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམ་པ། གྲྭ་ཚང་གི་ལས་བྱེད་རྣམ་པ། སྐབས་ཉེར་བཞི་པ་དང་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་འགན་འཛིན་གསར་རྙིང་རྣམ་པ་དང་གྲྭ་མང་བཅས་གཙུག་ལག་ཁང་དུ་ཡོངས་སུ་འཛོམས་རྗེས་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་གཙུག་ཕུད་རབ་གསལ་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་མཚམས་འདྲི་དང་བཅས་མཛད་རིམ་ངོ་སྤྲོད་གནང་། དེ་ནས་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་གཙུག་ཕུད་རབ་གསལ་ལགས་ཀྱིས་འཚོགས་འདུ་སྟངས་འཛིན་འོག་མཛད་རིམ་ལྟར་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྲི་ལྡེ་ཚུལ་ཁྲིམས་ལགས་དང་། སྐབས་ཉེར་བཞི་པའི་སྒྲུབ་གྲྭའི་དགེ་སྐོས་ཁྲི་གཙུག་ལྷུན་གྲུབ་རྣམ་པ་གཉིས་ནས་རིམ་པ་བཞིན་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམ་པའི་ལོ་གཅིག་རིང་འཚོགས་དང་འཆད་ར། དམ་བཅའ། བགྲོ་གླེང་། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་དང་། དེ་བཞིན་སྒྲུབ་གྲྭ་བ་རྣམ་པའི་ལོ་གཅིག་རིང་གི་ཐུན་དང་བསགས་སྦྱོང་། དཔེ་ཁྲིད་བཅས་ལ་སྒེར་ཆད་དང་སྤྱི་ཆད་བྱུང་བ་རྣམས་སྒྲོག་སྦྱངས་གནང་། དེ་རྗེས་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་དང་། གྲྭ་ཚང་སྤྱི་གཉེར་ཆེན་མོའི་ངོ་ཚབ་དགེ་བཤེས་སངས་རྒྱས་ཡེ་ཤེས། གྲྭ་ཚང་དགེ་བསྐོས་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ། དེ་བཞིན་སྐབས་ཉེར་བཞི་པ་དང་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་དགེ་སྐོས་གསར་རྙིང་བཅས་ནས་གྲྭ་ཚང་གི་སྒྲིག་ལམ་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་།

དེ་རྗེས་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་བཅས་ནས་བཀའ་སློབ་ཟབ་རྒྱས་གནང་། མཐར་དགོང་མོའི་ཕྱག་ཚོད་དགུ་པ་མ་ཟིན་ཙམ་ནས་ཚོགས་འདུ་སྟངས་འཛིན་པ་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་གཙུག་ཕུད་རབ་གསལ་གྱིས་མཇུག་བསྡུའི་གཏམ་བཤད་གནང་སྟེ་ཉིན་འདི་ཡི་ཚོགས་འདུའི་མཛད་རིམ་གྲུབ། ཉིན་གཉིས་པར་གཙོ་བོ་ལོ་འཁོར་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་གཟེངས་རྟགས་འབུལ་རྒྱུ་དང་། ལོ་ལྟར་བཞིན་བཤད་སྒྲུབ་འདུས་སྡེའི་ལས་བྱེད་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་རྒྱུའི་མཛད་སྒོ་བཅས་ཡིན། དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་གཙོས་མཁན་སློབ་རྣམས་དང་། ༸གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་དང་། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་མཆོག་དང་སྨན་དགེ་གནམ་སྲས་གཙོས་དགེ་རྒན་རྣམས་དང་སློབ་ཕྲུག་རྣམ་པ། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་དང་རྒན་དོན་གྲུབ་གཙོས་དགེ་རྒན་རྣམས་དང་མ་མ་སྨན་ཞབས་སློབ་ཕྲུག་ལྷན་རྒྱས་བཅས་ཚོགས་ཁང་དུ་ཡོངས་སུ་འདུ་འཛོམས་གནང་རྗེས། སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་གཙུག་ཕུད་རབ་གསལ་ལགས་ཀྱིས་དབུ་འཛུགས་ཀྱི་འཚམས་འདྲི་དང་བཅས་ཏེ་མཛད་རིམ་གསལ་བསྒྲགས་གནང་། དེ་རྗེས་མཛད་རིམ་ལྟར་ཐོག་མར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པ་དང་སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམས་ལ་མཚམས་འདྲིའི་ཁ་བཏགས་སྒྲོན་ཞིང་ལས་བྱེད་གསར་རྙིང་བརྗེ་ལེན་གནང་། དེའི་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་མཚམས་འདྲི་དང་བཅས་ངོ་སྤྲོད་གནང་རིམ་བཞིན་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་ལེན་གྱི་ཁ་བཏགས་སྒྲོན། དེའི་རྗེས་སུ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་ཁྲོད་ནས་ལོ་གཅིག་ནས་ལོ་བཅུ་གཉིས་བར་བཤད་སྒྲུབ་འདུས་སྡེའི་འཚོགས་དང་འཆད་ར་དཔེ་ཁྲིད་རིག་གནས་དཔེར་བརྗོད་སོགས་གང་ཡང་མ་ཆད་པ་བྱུང་བ་རྣམས་དང་། སྐབས་ཉེར་བཞི་པའི་རིང་རྒྱུད་བུ་ཆུང་བཅུ་གཉིས། སྒྲོན་མ་དྲུག ཐེག་འགྲེལ་གྱི་རྫོགས་ཆེན། ཐེག་འགྲེལ་གྱི་སྔགས། མེ་སྟོན་དབུ་མའི་རང་འགྲེལ། མཚོན་བྱེད་ཞེ་ལྔ། རྟགས་ཀྱི་རིག་པའི་རྣམ་བཤད། རྟགས་རིག་ཚད་མའི་གཞུང་འཇུག སུམ་ལྡན་བསྡུས་གྲྭའི་རྣམ་བཤད། རིག་ལམ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་བློ་གསལ་འཇུག་སྒོ་བཅས་དམིགས་བསལ་གཞུང་ཆེན་ཁག་ངག་རྒྱུགས་འཕར་མ་འབུལ་མཁན་རྣམས་དང་། རིག་ལམ་སྔོན་འགྲོའི་འཆད་རྒྱུགས། དེ་རྗེས་འཛིན་གྲྭ་སོ་སོའི་བྲིས་རྒྱུགས་དང་རྩོད་རྒྱུགས། འདི་ལོའི་ངག་རྒྱུགས། རིག་གནས་རྒྱུགས་སྤྲོད། སྤྱི་ཡོངས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས། དམིགས་བསལ་སྔགས་རྫོགས་གཞུང་ཆེན་ཆེད་སྦྱོང་གི་འཆད་རྒྱུགས་སོགས་རྒྱུགས་སྤྲོད་ཁག་གི་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དམིགས་བསལ་གཟེངས་རྟགས་བསྩལ་གནང་མཛད།

དེ་རྗེས་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་གཞི་རིམ་སྔོན་འགྲོའི་རྒྱུགས་སྤྲོད་སྐོར་ངོ་སྤྲོད་གནང་སྟེ། བོད་ཡིག་ཡིག་གཟུགས། དེ་བཞིན་དབྱིན་སྐད། སྤྱི་ཚོགས་ཚན་རིག བོད་ཀྱི་སྐད་ཡིག བལ་པོའི་སྐད་ཡིག བོད་ཡིག་དག་ཀློག རི་མོའི་འགྲན་བསྡུར་སོགས་རྒྱུགས་སྤྲོད་དང་འགྲན་བསྡུར་ཁག་ནས་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་དང་། བཟང་སྤྱོད་ལེགས་འདེམས་བྱུང་བའི་སློབ་མ་རྣམས་ལ་གཟེངས་རྟགས་བསྩལ་གནང་མཛད། དེའི་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་རྒྱུགས་སྤྲོད་སྐོར་གསལ་བཤད་གནང་རིམ་བཞིན་གསོ་བ་རིག་པའི་བྲིས་རྒྱུགས། སྨན་གྱི་ངག་རྒྱུགས། བརྡ་སྤྲོད་དང་སྙན་ངག་གི་བྲིས་རྒྱུགས། ཡ་ཐོག་སྨན་གྱི་རྒྱལ་རབས་ཀྱི་བྲིས་རྒྱུགས། བལ་པོའི་སྐད་ཡིག་བྲིས་རྒྱུགས། དབྱིན་ཇིའི་སྐད་ཡིག་བྲིས་རྒྱུགས། གཞོགས་འདེགས་བྲིས་རྒྱུགས་བཅས་ཀྱི་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་དང་། བཟང་སྤྱོད་ལེགས་འདེམས་ཀྱི་སློབ་མ་རྣམས་ལ་དམིགས་བསལ་གྱི་གཟེངས་རྟགས་བསྩལ་གནང་མཛད། དེའི་རྗེས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ། དགེ་རྒན་དང་ལས་བྱེད་སོགས་སྤྱི་ཡོངས་ལ་༸གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གསང་གསུམ་གྱི་མཛད་པ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གྱི་བཀའ་དྲིན་བསྩལ་གནང་མཛད། དེའི་རྗེས་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་གྲུབ་རྗེས་འདི་ལོའི་ལས་བྱེད་གསར་རྙིང་དང་སློབ་གཉེར་བའི་ཁྲོད་ནས་དམིགས་བསལ་གཟེངས་རྟགས་ཐོབ་མཁན་བཅས་སྐྱབས་རྗེ་མཁན་སློབ་རྣམ་པའི་མདུན་དུ་མཉམ་འཛོམས་ཀྱི་བརྙན་པར་བསྒྲོན་ནས་འདི་ལོའི་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམས་ཀྱི་འཚོགས་འདུ་ཆེན་མོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་༢༠༡༩ ཟླ་བ་ ༠༡ པའི་ཚེས་ ༢༥ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 830 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།