ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

<<བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས་>>གསར་ཐོན་བྱུང་བ།

བསྐྱར་བསྐྲུན་སྔོན་གླེང་དུས་ཀྱི་ལམ་སྒྲོན།

ཞང་བོད་གནའ་རབས་ཀྱི་མེས་པོའི་རྣམ་དཔྱོད་ཀྱིས་སྦྲུམ་པའི་རིག་གཞུང་སྟེ། དྲུང་མུ་གྱེར་གྱི་བསྟན་པ་འདི་ཤི་མ་གསོན་གྱི་གཉན་འཕྲང་བྱེ་བའི་ཁྲོད་དུ་མེས་པོ་རྣམས་ཀྱིས་རུལ་ལ་ཁད་དོང་ནས་སྤྲུག སྲེག་ལ་ཁད་རྣམས་མེ་འོབས་ནས་དྲངས། དེའི་མ་ཚད་ལ་ལ་ནི་ས་འོག་ལ་གཏེར་དུ་སྦས། ལ་ལ་ནི་ཁྱིམ་ཕུགས་ཀྱི་གཟེབ་ཏུ་བཅུག མདོར་ན་དཀའ་སྡུག་དང་རྔུལ་ཆུའི་ཁྲོད་ནས་ལྷང་ངེར་འགྱིང་སྟེ། ཕྱི་མིས་སྡང་ཟུག ནང་མིས་བརྙས་བཅོས། རྟོག་སྒྲུང་དང་ཕྱི་ཆོས་སོགས་ཇི་ལྟར་སྙད་ནའང་། དེང་གི་བོད་རིག་པའི་མཁས་དབང་དང་གསར་སྐྱེས་ཀྱི་གཞོན་ནུ་ཚོ་དེ་ལས་ལྡོག་སྟེ་མགྲིན་གཅིག་ཏུ་རང་མི་རིགས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཞེས་ཕྱོགས་ཡོངས་ནས་དཔྱད་གཞིའི་རིན་ཐང་། ལོ་རྒྱུས་ཀྱི་བདེན་དཔང་། མི་རིགས་ཀྱི་སྲོག་རྩ། རིག་གཞུང་གི་ཕྱི་མོ་འཚོལ་བའི་སྐབས་མཚམས་འདིར་མེས་པོའི་རྣམ་དཔྱོད་ཀྱི་རུ་དར་མཁའ་ལ་བསྒྲེངས་ཤིང་། ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ངོ་གནོང་མི་དགོས་པར་ཡང་མེས་ཀྱིས་བཞེངས་པའི་ཀ་མད་སུམ་ཅུའི་ཀློང་རུམ་དུ་ཚུད་པའི་དམར་དམར་སྣག་སྣག་དག་གཏན་ནས་ནུབ་མེད་པ་དེ་ཤེས་པར་བྱོས།

དེར་མ་ཟད་ཞུམ་མེད་ཀྱི་སྤོབས་སེམས་སྐྱེ་འོས་པ་ཞིག་ནི་བཀའ་གཏེར་སྙན་གསུམ་གྱི་གདམས་པའི་བྱིན་མ་ཡལ། དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པའི་ཟམ་མ་ཆད། འཆད་རྩོད་རྩོམ་གསུམ་གྱི་རིག་པའི་འཕང་མ་དམའ། ཐོས་བསམ་སྒོམ་གསུམ་གྱི་བསྟན་པའི་རྒྱ་མ་ཞིག་པར་བཀའ་དྲིན་གསེར་གྱིས་མི་ཁུགས་པའི་ཡང་དར་བསྟན་པའི་གཉེར་དཔོན་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཟུང་གིས་ཕ་ནོར་བུ་ལ་བཞག་པའི་ཚུལ་འདི་ལུས་ངག་ཡིད་གསུམ་གྱི་བཟུང་བ་སྟོང་གིས་མི་ལྷོད་པར་དམ་དུ་འཆང་དགོས་པ་ནི་རང་རེ་སྐྱབས་འོག་པ་རྣམས་ཀྱིས་འཕྲག་ནས་འཕོག་མི་ཉན་པའི་དངོས་པོ་ངོ་མ་དེ་ཡིན།

དེང་དུས་རབས་ཉེར་གཅིག་པ་ཞེས་ཚན་རིག་གི་འཕེལ་ཁ་མགྱོགས། རྟོག་ཚོགས་ཀྱི་གྱ་གྱུ་རྒོད། གསར་གཏོད་ཀྱི་བང་ཁ་འགྲན་པའི་མོད་ལ། ངེད་བགྲེས་པོ་ཚང་གིས་འདས་སོང་གི་བྱུང་རབས། ད་ལྟའི་གནས་སྟངས། འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་གཞིག་སྟེ་རིག་གཞུང་དང་ལོ་རྒྱུས་ཀྱི་བེའུ་བུམ་ལོ་དེབ་བགྲེས་པོའི་འབེལ་གཏམ་འགྲེམ་སྤེལ་ཞུས་དང་ཞུ་མུས་ལ་བསྔགས་བརྗོད་དང་སྦྲགས་ཏེ་ཕྱོགས་སོ་སོའི་ཤེས་ལྡན་པ་ཆེས་མང་པོ་ཞིག་གིས་ལོ་དེབ་ཆ་ཚང་བ་རེ་དགོས་འདུན་ཡང་ཡང་བྱུང་བ་ལ་བརྟེན་ནས་འདི་ལོར་སློབ་གཉེར་གྱི་བྲེལ་ཟིང་དང་ཚ་གྲང་དཀའ་སྡུག་གང་ལ་མ་འཛེམས་པར་ངེད་བགྲེས་པོའི་འབེལ་གཏམ་རྩོམ་ཚོགས་ཀྱིས་མ་དཔེ་ཡིག་གཏག་མེད་པ་རྣམས་སླར་གསོ་དང་། ཡོད་པ་དག་བསྐྱར་བསྒྲིགས་བྱས་ཏེ། ཁྱོན་དེབ་ཕྲེང་ཉི་ཤུ་ཡོད་པ་དེ་ལོ་དེབ་བཞི་བཞིར་ཚོ་གཅིག་ཏུ་སྦམས་ནས༼བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས༽ཞེས་དེབ་ཆེན་ལྔའི་བདག་ཉིད་ཅན་དུ་སྤུས་ཚད་གང་ལེགས་ཀྱིས་བསྐྱར་བསྐྲུན་ཞུས་ཡོད།

དཔེ་སྐྲུན་གྱི་བརྒྱུད་རིམ་དེའི་ཁྲོད་ནས་ཐ་སྙད་གཅིག་གྱུར་མ་བྱུང་བ་ཁག་གཅིག་དུས་རིམ་གྱི་དབང་གིས་འདོགས་སྟངས་ལ་གཞིག་སྟེ། རང་སོར་བཞག་ཡོད། གཞན་ཡང་བོན་གྱི་ཐུན་མིན་འབྲི་སྲོལ་འགའ་ཞིག་དཔེར་ན། ཡིད་རངས་དང། ཡིད་དམ། ཡང་རྩེ་སོགས་མེས་པོའི་གཅེས་ནོར་དུ་བསམ་ནས་གཅིག་གྱུར་དུ་བཀོལ་སྤྱོད་བྱས་ཡོད། མདོར་ན་ཤེས་རིག་ལ་དུང་བའི་མཁྱེན་ལྡན་རྣམ་པའི་ཐུགས་རེ་སྐོང་ཐུབ་པའི་སྨོན་འདུན་ཞུ་བ་དང་སྦྲགས་ཏེ། མི་རབས་མི་རྒྱུད། བུ་རབས་ཚ་རྒྱུད་དང་བཅས་པ་རང་མི་རིགས་ཀྱི་རྨད་བྱུང་ཤེས་རིག་རྒྱུན་ཐག་ལ་བརྟེན་ནས་རྣམ་དཔྱོད་ཟབ་མོའི་སྒྱུ་རྩལ་གྱིས་གུ་ཡངས་ཀྱི་འཇིག་རྟེན་ཁམས་འདིར་འཚོ་ཐབས་བྱེད་པ་ནི་འོས་ཤིང་འཚམས་པའི་ལས་ཤིག་ཡིན་པས། ཅིས་ཀྱང་ཁྱབ་སྤེལ་སྤྱོད་གསུམ་ལ་བྲེལ་ཅིག་ཅེས་ཞུ་བ་དང་བཅས་ཏེ།

གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོས།

(སྤྱིའི་གཟིགས་གྲངས། 787 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།