༧སྐྱབས་རྗེ་བདེ་བར་གཤེགས་པའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཛད་རིམ་གསལ་བརྡ།
༄༅་། །འཛམ་གླིང་གང་སར་གནས་བཞུགས་གཡུང་དྲུང་བོན་གྱི་དད་ལྡན་རྣམས་དང་། འབྲེལ་ཐོགས་ཡོངས་ལ་ཆེད་ཞུ།
གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་གཞལ་ཟླ་བྲལ་ཅིང་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་བོད་ཤིང་སྦྲུལ་ལོའི་ཟླ་༦ ཚེས་༡༢དང་། སྤྱི་ཟླ་༨ ཕྱི་ཚེས་༦ ཉིན་ཞུགས་འབུལ་ཞུ་བའི་མཛད་རིམ་གཤམ་གསལ།
མཛད་རིམ་དང་པོ།
དབུ་རྩེ་བླ་བྲང་གཟིམ་ཆུང་ནས་སྐུ་གདུང་རིན་པོ་ཆེ་༼རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་༽དུ་གདན་འདྲེན་ཞུས་རྗེས་ཞོགས་པ་ཕྱག་ཚོད་༦དང་སྐར་མ་༣༠ཐོག་སེར་སྐྱ་ཡོངས་ནས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུ།
མཛད་རིམ་གཉིས་པ།
སྐུ་གདུང་མཇལ་ཞུས་གྲུབ་རྗེས་སྔ་དྲོ་ཕྱག་ཚོད་༨པའི་ཐོག་སྐུ་གདུང་རིན་པོ་ཆེ་སེར་ཕྲེང་དུ་གདན་འདྲེན་ཞུས་ནས་གདུང་ཁང་དུ་གཤམ་རྒྱུ་དང་། དེ་ནས་གདུང་སྲེག་ཆོ་གའི་གཞུང་བསྲངས་ཏེ་ཞུགས་འབུལ་ཞུ་རྒྱུ།
མཛད་རིམ་གསུམ་པ།
གདུང་མཆོད་དང་འབྲེལ་བའི་བཀའ་སློབ་མདོར་བསྡུས་གསུང་རྒྱུ་དང་དེ་ནས་རིམ་བཞིན་བོད་ཟླ་༦པའི་ཚེས་༡༣་༡༤བཅས་ལ་སྦྱིན་སྲེག་གི་གཞུང་བསྲངས་ནས་མཐར་བོད་ཚེས་༡༥ ཕྱི་ཚེས་༩ ཉིན་གདུང་མཆོད་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་གའི་མཇུག་ཡོངས་སུ་གྲུབ་པར་བྱ་རྒྱུའི་གསལ་བསྒྲགས་སུ།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ཡིག་ཚང་ནས་
བོད་ཤིང་སྦྲུལ་ཟླ་༦ ཚེས་༤ ཕྱི་ལོ་༢༠༢༥ ཟླ་༨ ཚེས་༤ ཉིན།