ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱོ་གདུང་སེམས་ཀྱི་མིག་ཆུ།

རྩོམ་པ་པོ། དགེ་བཤེས་བློ་གྲོས་འོད་གསལ།

 

ཡོངས་འཛིན་སྟོང་གི་རི་བདུན་དབུས་ན་ཡོངས་ཀྱི་བཤེས་གཉེན་རི་རབ་མཆོག

བསྟན་འཛིན་སྐྱེས་བུ་སྐར་བརྒྱའི་དབུས་ན་བསྟན་པའི་གསལ་བྱེད་བདུད་རྩི་འོད།།

རྣམ་དག་གཤེན་གྱི་འདུས་སྡེའི་དབུས་ན་རྣམ་འདྲེན་མི་ཡི་སེང་ཆེན་མཆོག

གསང་གསུམ་གཡུང་དྲུང་བོན་གྱི་མཛོད་འཛིན་གསང་ཆེན་བསྟན་པའི་མངའ་བདག་རྒྱལ།།

 

རྒྱལ་བསྟན་སྙིང་པོ་མདོ་སྔགས་སེམས་གསུམ་ཡོངས་རྫོགས་བསྟན་པའི་མངའ་བདག་ཡིན།།

བཤད་དང་སྒྲུབ་པའི་པད་ཚལ་བཞད་པའི་ངེས་དོན་སྲིད་པའི་སྒྲོན་མེ་ཡིན།།

ལུང་རིག་སྨྲ་བའི་སྐྱེས་ཆེན་འབུམ་གྱི་སྤྱི་གཙུག་མཛེས་པའི་ནོར་བུ་ཡིན།།

སངས་རྒྱས་མི་ཡི་གཟུགས་སུ་བྱོན་པའི་ཡོངས་འཛིན་ལྷ་ཡི་བླ་མ་ཡིན།།

 

རྣམ་དཔྱོད་ཤེས་རབ་མེ་ལས་ཚ་ཞིང་མཐོང་རྒྱ་ནམ་མཁའི་མཐའ་ལས་ཡངས།།

ཐུགས་གཤིས་དྲི་མེད་དར་ལས་འཇམ་ཞིང་ལྷག་བསམ་གངས་རི་ལས་ཀྱང་དཀར།།

རྫུན་དང་གཡོ་མེད་མདའ་ལྟར་དྲང་ཞིང་བདེན་པ་བཙོ་མ་གསེར་ལས་ལྷག

གཞན་ཕན་བྱམས་སྙིང་རི་ལས་ཆེ་ཞིང་ཀུན་ཕན་འདོད་འབྱུང་ནོར་བུ་མཚུངས།།

 

དུས་འགྱུར་མུན་པའི་བསྐལ་ཁུག་ཁྲོད་ན་བསྟན་སྲུང་ནང་ནས་མཐུ་ཆེན་ཡིན།།

བླ་ན་མེད་པའི་བླ་མའི་ཁྲོད་ན་གངས་རིའི་ཚིག་མཛོད་ཆེན་མོ་ཡིན།།

ནུབ་གླིང་ཡུལ་དུ་བོན་བསྟན་སྤེལ་པའི་ལོ་ཙྰ་ཐོག་མ་ཁྱེད་རང་ཡིན།།

ལས་སྐལ་བཟང་པོའི་སློབ་ཚོགས་སྟོང་གི་བྱམས་པའི་དྲིན་ཆེན་ཕ་མ་ཡིན།།

 

དབུ་སྐྲ་དཀར་པོའི་ཉག་མ་རེ་ལ་སངས་རྒྱས་སྟོང་གི་བྱིན་རླབས་ཡོད།།

ཚེམས་དཀར་ཐགས་བཟང་བཞི་བཅུའི་བར་ན་བཀའ་ལུང་འབུམ་གྱི་སྙིང་བཅུད་ཡོད།།

ལྗགས་བཟང་གློག་དམར་འཁྱུག་ཐེངས་རེ་ལ་ཐར་པར་ཁྲིད་པའི་ཐབས་མཆོག་ཡོད།།

ལྷད་མེད་ཞལ་གྱི་འཛུམ་ཀོང་རེ་ལ་སློབ་ཚོགས་སྟོང་གི་མདུན་ལམ་ཡོད།།

 

སྒྲ་འོད་ཟེར་གསུམ་ཁྲོལ་གྱིས་གྲོལ་ཞིང་སྐུ་གསུང་ཐུགས་ཀྱི་རྩལ་རྫོགས་པའི།།

གྲུབ་པའི་དབང་པོ་ཡོངས་འཛིན་བླ་མས་གྲུབ་རྟགས་ཚ་བོ་ཚ་རྐྱང་ཞིག

མིག་དབང་ཉམས་པའི་དམུས་ལོང་མ་གཏོགས་མིག་ལྡན་ཀུན་གྱིས་མཐོང་སར་བཞག

མཁྱེན་བརྩེ་ནུས་པའི་དཔལ་གྱིས་ཕྱུག་པའི་མཁྱེན་རབ་གྲུབ་པའི་དབང་ཕྱུག་ཡིན།།

 

རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་ལ་རྒྱལ་བ་ཉིད་དང་གཉིས་སུ་མེད།།

མཁས་པའི་བྱ་བ་འཆད་རྩོད་རྩོམ་ལ་མཁས་པ་མི་བཞིར་འགྲན་ཡང་ནུས།།

སྣང་ཞེན་ཕྲ་རགས་འཛིན་པ་གྲོལ་ནས་སྣང་བཞི་ཟད་པའི་རྣལ་འབྱོར་ཏེ།།

མཁས་དང་གྲུབ་པའི་འདབ་བཟང་གཉིས་ལྡན་མཁས་གྲུབ་ཀུན་གྱི་ཡོངས་འཛིན་ཡིན།།

 

དཀའ་སྡུག་བརྩེགས་པའི་སྦྱོངས་སྟོབས་མེད་ཀྱང་མཁས་པའི་ལག་ཁྱེར་འདྲ་མིན་མང་།།

བསྒོམས་དང་བསྒྲུབས་པའི་འབད་བརྩོན་མེད་ཀྱང་ལྟ་བ་མཐོ་རློམ་གྲུབ་རྫུན་མོད།།

བླ་སྤྲུལ་ཕལ་ཆེ་ནོར་གྱིས་བསླུ་བའི་དུས་ངན་སྙིགས་པའི་དུས་མཐའ་འདིར།།

བསྟན་པ་འཛིན་པའི་སྐྱེད་ཆེན་ཁྱེད་འདྲ་ཉི་མོའི་སྐར་མ་ལས་ཀྱང་དཀོན།།

 

སྙིང་རྗེ་སྙན་པོ་ཁ་ནས་བཤད་ཀྱང་མི་གསོད་ཁྲག་གི་འཁོར་ལོ་སྐོར།།

ཚུལ་གོས་སེར་པོ་ཕྱི་ནས་མཛེས་ཀྱང་ནང་དུ་ཆགས་སྡང་དུག་ཆུ་ཁོལ།།

ལ་རྒྱ་ཤ་ཞེན་ཚིག་སྟོང་སྒྲོགས་ཅིང་སྒེར་གཅོད་རི་ལུང་གང་བའི་ཚེ།།

བརྩེ་ཆེན་ཐུགས་རྗེ་གཏེར་གྱི་བདག་ཉིད་བླ་མ་ཁྱེད་འདྲ་སྲིད་མཐའ་ཙམ།།

 

 

ཚད་མའི་སྐྱེས་བུས་ཚད་གསུམ་ལ་སོགས་ཚད་མའི་ཡན་ལག་སྡུད་རྟགས་བརྩམས།

བདེན་པའི་ལོ་རྒྱུས་བདེན་པར་བཤད་དེ་བདེན་གཏམ་ལུང་གི་སྙིང་པོ་འཆད།།

བཀའ་རྒྱུད་དགོངས་དོན་བཀའ་བཞིན་འགྲེལ་ཏེ་བཀའ་བརྟེན་གསེར་གྱི་གླེགས་བམ་མཐུག

རྫོགས་པ་ཆེན་པོར་རྫོགས་ལུགས་མཁྱེན་ཏེ་རྫོགས་ཆེན་རིག་པ་གཅེར་མཐོང་བསྟན།།

 

ཨེར་སངས་ལྷ་མོའི་དགྱེས་ཞལ་གྲོལ་ཏེ་སྙན་རྩོམ་རྣ་བའི་བཅུད་དུ་ཟགས།།

རབ་འབྱམས་རྒྱ་མཚོའི་ལྷ་ཞལ་འཁུམས་ཏེ་བཟོ་རིག་མིག་གི་དགའ་སྟོན་སྦྱིན།།

ཚད་གསུམ་ཚད་མའི་སྲང་ལ་བཤར་ནས་སྟོན་པའི་འཁྲུངས་རྩིས་གཏན་ལ་ཕབ།།

གནས་ལྔ་རིག་པའི་དགོངས་དོན་ཟབ་མོ་སྐལ་བཟང་སློབ་ཚོགས་དཔལ་དུ་བསྐྲུན།།

 

སྡེ་གསུམ་སྐོར་བཞི་གབ་མཛོད་ས་གསུམ་ཕྱི་ནང་གསང་བའི་བོན་སྒོ་ཡི།།

དཀའ་གནད་གསལ་བྱེད་དགོངས་དོན་སྙིང་པོ་བོད་དབྱིན་ལ་སོགས་སྐད་ཡིག་ཐོག།།

རྩོམ་པའི་འཁོར་ལོ་གསེར་གྱི་པོད་ཆེན་གསེར་གྱི་རི་བྲག་གཏམ་པ་ལྟར།།

བསྐལ་པ་ཇི་སྲིད་མ་ཞིག་བར་དུ་བསྟན་འགྲོའི་དོན་དུ་རྗེས་བཞག་མཛད།།

 

བརྒྱ་སྟོན་དཔྱིད་ཀྱི་ལང་ཚོ་གཞོན་ནུས་རྫོགས་ལྡན་གསར་པ་མགྲོན་དུ་བསུས།།

མཚར་སྡུག་སྟོང་གི་ལང་ཚོ་སྨིན་པའི་དབྱར་གྱི་རྒྱལ་མོའི་ཁབ་ཏུ་བཞེས།།

དགའ་སྐྱིད་དཔལ་གྱིས་རབ་ཏུ་མྱོས་ཤིང་སྤྲོ་སེམས་མེ་ཏོག་མ་རྙིང་གོང་།།

བརྩེ་མེད་སྟོན་མཇུག་ལྷག་རླུང་འཚུབ་མས་བར་ཆད་འདི་ལ་ཡིད་མ་རངས།།

 

སྐྱེ་དགུ་གསོ་བའི་གངས་ཆབ་གཙང་མ་ལས་དང་རླབས་ཀྱིས་ཁ་བསྒྱུར་ན།།

བཤད་སྒྲུབ་བསྟན་པའི་སྐྱེད་ཚལ་བསྐམ་ན་གསོ་པའི་ཆབ་ཅིག་གང་ནས་འཚོལ།།

ང་འཛིན་འདྲེ་རྒོད་མགོ་འཕང་མཐོ་ན་འདུལ་པའི་ལྷ་ཞིག་གང་ན་ཡོད།།

གདམས་ངག་ཟབ་མོའི་ནོར་སྐལ་ཆད་ན་མཐུད་པའི་སློབ་དཔོན་གང་དུ་བཞུགས།།

 

ཀུན་བཟང་དགོངས་པའི་ཐུགས་ཀྱི་ཡང་བཅུད་མ་དང་མཁའ་འགྲོའི་སྙིང་གི་ཁྲག

ཐེག་པ་དགུ་ཡི་ཡང་རྩེའི་ལྟ་བ་འཕོ་ཆེན་ཉེར་བཞིའི་ཐུགས་དམ་མཐིལ།།

རྫོགས་པ་ཆེན་པོའི་གདམས་ངག་མཐའ་དག་གོང་ཐུགས་བུམ་པའི་བཅུད་བལྟམས་ནས།།

སྟོང་པས་སྟོང་པ་མཇལ་བའི་ངང་ནས་ཀུན་ཏུ་བཟང་པོའི་རྒྱལ་སྲིད་བཞེས།།

 

འདི་ཕྱི་གཏན་གྱི་སྐྱབས་མཆོག་བསླུ་མེད་གསེར་གྱི་ཉི་མ་ནུབ་རིར་བསྒལ།།

བཤད་སྒྲུབ་བསྟན་པའི་གསལ་བྱེད་ཆེན་མོ་དངུལ་གྱི་ཟླ་བ་སྤྲིན་གྱིས་སྒྲིབ།།

ཁྱེད་ལ་འཕྲེང་བའི་སློབ་ཚོགས་འབུམ་ཕྲག་གཅོང་སྐད་འབྱིན་གྱིན་ཤུལ་དུ་ལུས།།

བརྩེ་ཆེན་བླ་མས་དག་པའི་ཞིང་ནས་བདག་ཅག་བརྩེ་བས་གཟུང་དུ་གསོལ།།

 

མགོན་པོ་ཁྱེད་ཀྱི་འཛུམ་ཞལ་དཀར་པོ་ཡིད་ཀྱི་ངོར་ལ་འཆར་ཐེངས་རེར།།

ཁྱེད་ཉིད་དྲན་པའི་སྐྱོ་གདུང་རེ་རེས་མིག་མཐའི་མཆི་མ་ཆད་ཐབས་བྲལ།།

རྫོགས་མཐའ་མེད་པའི་གདུང་འབོད་ཚིག་འཕྲེང་དབང་མེད་སྙིང་གི་སྲུབས་ནས་རྡོལ།

ཁྱེད་ནི་སངས་རྒྱས་རློན་པ་ཡིན་གྱི་ཁྱེད་ནི་སྙིང་གི་ནོར་བུ་ཡིན།།

 

གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཁྱབ་བདལ་སྟོང་པའི་རང་མདངས་ལས།།

འགག་མེད་ལྷུན་གྲུབ་ཆུ་ཟླའི་ཚུལ་དུ་ལོངས་སྤྱོད་རྫོགས་པའི་མཚན་དཔེ་གསལ།།

གཉིས་མེད་རྩལ་ལས་སྤྲུལ་པའི་སྐུ་མཆོག་འོད་སྟོང་འབར་བའི་ཉིན་བྱེད་དེ།།

བསྐལ་བཟང་ཞིང་གི་གདུལ་བྱའི་དཔལ་དུ་མུ་ནས་མུ་རུ་འཆར་ཞིག་ཀྱེ།།

 

ཁྱེད་སྐུ་དབྱིངས་ཉིད་གཡོ་མེད་ངང་ནས་དགོངས་རྒྱུད་རྟོགས་པ་འཕོ་བ་དང།།

ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེངས་ན་འཁོར་གྱི་གཡུང་དྲུང་སེམས་དཔའ་དང་།།

མ་ངེས་ལྔ་ལྡན་རོལ་གར་བསྒྱུར་ན་ང་ཡང་བསྟན་པའི་གཉེར་འཛིན་སོགས།།

ཁྱེད་ཉིད་གར་གཞུགས་དག་པའི་ཞིང་དུ་ང་ཡང་འཁོར་དུ་སྐྱེ་བར་སྨོན།།

 

       ཞེས་པའང་༧བསྟན་དང་འགྲོ་བའི་དོན་ཆེན་མཐའ་དག་ཡོངས་སུ་གྲུབ་ཅིང་རྒྱུ་བདེ་བའི་ལམ་ནས་འབྲས་བུ་བདེ་བའི་སར་གཤེགས་པའི་བདེ་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་ཞབས་རྡུལ་སྤྱི་བོས་རེག་པའི་སྙོམ་ལས་པ་དགེ་བཤེས་བློ་གྲོས་འོད་གསལ་གྱིས། རང་གནས་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་གདུང་མཆོད་ལ་གནས་པའི་ཐུན་གསེང་དུ་བགྱིས་པ་སྟེ། དགེ་བ་འདིས་ཀྱང་འགྲོ་ཀུན་ ༧ སྐྱབས་རྗེ་བདེ་བར་གཤེགས་པའི་དགོངས་པ་ཟབ་མོ་ལ་སྤྱོད་པའི་རྒྱུར་གྱུར་ཅིག དགེའོ། ༢༠༢༥།༠༨།༠༩།

 

(སྤྱིའི་གཟིགས་གྲངས། 873 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།