གདན་ས་ཁྲི་བརྟན་ནོར་རྩེའི་ཚེས་བརྒྱད་གཤེན་གྱི་གར་འཆམ་ཆེན་མོ།
ལོ་ལྟར་ཧོར་ཟླ་དང་པོའི་ཚེས་ ༨ ཉིན་གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་བའི་དུས་ཚོད་ཡིན་ཞིང་། སྤྱིར་བཏང་ཧོར་ཟླ་ ༡༢ པའི་ཚེས་ ༢ ནས་བཟུང་རོལ་ཆ་དང་། གར་འཆམ་སྦྱོང་བརྡར་ཚགས་ཚུད་གནང་ནས་ཚེས་༢༥ཉིན་མཁན་སློབ་རྣམས་དང་འདུས་མང་མཉམ་འཛོམ་ཐོག་འཆམ་རྒྱུགས་ལེན་སྲོལ་ཡོད།
དགོན་འདིར་འཆམ་བྱ་གཙོ་བོ་ནི། གཟེ་མ་དགུ་འཆམ་དང་། གཤེན་རབ་དགུ་འཆམ། དུས་དྲུག་གི་འཆམ། རྣམ་བརྒྱད་ཀྱི་འཆམ་དང་། མ་རྒྱུད་ཀྱི་ཚོགས་འཆམ། ཕུར་འཆམ། བསྒྲལ་བསྟབས་ཀྱི་འཆམ། ཡེ་ཤེས་དབལ་མོའི་གར་འཆམ་བཅས་འཆམ་ཆེན་དང་ཤྭ་འཆམ་སེང་འཆམ། གཡག་འཆམ་བཅས་རྩེད་འཆམ་རིགས་ཀྱང་འཆམ་སྲོལ་ཡོད།
འདི་ལོ་ཡང་ཧོར་ཟླ་ ༡ པོའི་ཚེས་ ༨ ཉིན་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་གིས་གཙོས་དགེ་བཤེས་དང་། སྒྲུབ་ཐོན་པ་འདུས་མང་ལྷ་སྡེ་ལྷན་འཛོམ་ཐོག སྔ་དྲོ་ཕྱག་ཚོད་༩པ་ནས་མགོ་བཙུག་སྟེ་ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག རྣམ་བརྒྱད། མ་རྒྱུད། ཤྭ་འཆམ། གཤེན་རབ་དགུ་འཆམ། སེང་འཆམ། བཅས་གྲུབ། ཉིན་གུང་ཞལ་ལག་རྗེས་ཕྱག་ཚོད་༡ནས་གཡག་འཆམ་དང་། གཟེ་མ་དགུ་འཆམ་གཉིས་བཅས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་གཟིགས་འབུལ་ཞུས། འདི་ལོར་དམིགས་བསལ་དུ་གཡག་རྫིའི་རྩེད་འཆམ་སོགས་མེད་པར་བྱས་ནས་ཕྱི་དྲོའི་ཕྱག་ཚོད་ ༠༢ དང་ཕྱེད་ཀའི་ཐོག་གར་འཆམ་ཡོངས་སུ་མཇུག་གྲུབ་པའི་གནས་བསྡུས་སུ་གཙོ་སྒྲུབ་པས་བཀོད།
པར་པ། ཁྱུང་ཐོག་རྒོད།
