ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་བོད་མེ་རྟ་ལོའི་མཉམ་མེད་དུས་ཆེན་སྲུང་བརྩི་ཞུས་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྲིད་གསུམ་འགྲོ་བའི་མགོན་པོ་རྗེ་མཁས་གྲུབ་སྤྱན་གཅིག་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་མདོ་ཁམས་རྒྱལ་མོ་རོང་གི་ས་ཡི་ཆར་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད་ནས་མི་ལོ་ ༦༧༡ འཁོར་བའི་དུས་ཆེན་དང་བསྟུན། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་དུས་ཆེན་ཁྱད་པར་ཅན་དེ་ཉིད་སྲུང་བརྩི་ཟབ་རྒྱས་ཞུས།

ཕྱི་ལོ་ ༢༠༢༦ བོད་མེ་རྟ་ལོའི་ཧོར་ཟླ་ ༡ པོའི་ཚེས་ ༣ ཉིན་གཙུག་ལག་ཁང་དུ་མཆོད་རྫས་བཤམ་བཀོད་རིམ་པ་གྲུབ་པར་བྱས། བོད་ཚེས་ ༤ ཉིན་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་སློབ་དཔོན་བཅས་དབུ་བཞུགས་ཐོག་འདུས་མང་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲངས་ཤིང་། བདེ་བར་གཤེགས་པ་སྟོང་གི་མཚན་དབྱངས་སུ་གྱེར།

བོད་ཚེས་ ༥ ཉིན་གྱི་ཕྱག་ཚོད༩་པར་ལྷ་སྡེ་མི་མང་མཉམ་འཛོམས་ཐོག་མཉམ་མེད་སྐུ་བརྙན་རིན་པོ་ཆེ་གདན་དྲངས་ནས་སེར་ཕྲེང་ཕེབས་པ་དང་། བླ་བྲང་གསར་པ་ཕུན་ཚོགས་དགོས་འདོད་འབྱུང་གནས་དབུ་རྩེ་ཁང་གི་མདུན་དུ་བླ་མ་མཆོད་པ་དང་། རྣམ་དག་འདུལ་བའི་གསོ་སྦྱོང་གྱེར་ནས་མཆོད་རྔ་ཆེན་མོ་བརྡུངས། དེ་རྗེས་དགོན་པའི་དར་ཆེན་ཡར་བསྒྲེངས་ནས་དེར་སེར་སྐྱ་མི་མང་ཡོངས་ནས་བསང་གསོལ་ཀླུང་རྟ་བསྒྲོན་ཏེ་བཀྲ་ཤིས་ཕྱེ་མར་མཆོད། འཆད་རྩོད་ཀྱི་བོན་དབྱངས་བསྒྲགས་ནས་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར། གསོལ་ཚིགས་ཀྱི་བར་གསེང་དུ་རྗེ་རིན་པོ་ཆེའི་རྣམ་ཐར་བཀླགས་ཏེ་ངོ་མཚར་གྱི་མཛད་པ་རྗེས་དྲན་ཞུས། ཕྱག་ཚོད་༣་པར་སྨན་རིའི་ལུགས་འཚོགས་འདོན་གསུངས་ནས་བྱིན་རླབས་གོང་མའི་ཕྱག་སྲོལ་ཐུགས་དམ་བཅའ་ཡིག་རིན་པོ་ཆེ་བསྒྲགས། ཕྱི་དྲོ་ཕྱག་ཚོད་༤པའི་ཐོག་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་དབྱངས་སུ་གྱེར་ནས་བརྒྱུད་པའི་བླ་མའི་བྱིན་རླབས་སེམས་ལ་བསྟིམས། ཉིན་འདིར་སྒྲུབ་ཁང་ནང་དུ་མཉམ་མེད་ནང་སྒྲུབ་ཀྱི་ཚོགས་མཆོད་ཕུལ། དགོང་མོར་འཚོགས་ཁང་དུ་བླ་མ་མཆོད་པ་གྱེར་ནས་མཆོད་རྔ་བརྒྱ་རྩ་ཚར་གཅིག་ཕུལ། དེ་ནས་བླ་བྲང་མདུན་དུ་མཆོད་རྔ་ཚར་གཅིག དེ་ནས་འཆད་རར་མཆོད་རྔ་ཚར་གཅིག་བཅས་བརྡུང་ནས་རྔ་གཤང་རོལ་མོ་དང་། དྲི་ཞིམ་སྤོས་ཀྱི་མཆོད་པས་ཁོར་ཡུག་ཕྱོགས་ཀུན་ཁྱབ་པར་བྱས། མཉམ་མེད་སྐུ་བརྙན་རིན་པོ་ཆེ་ལ་སྐྱ་སེར་ཡོངས་ཀྱིས་མཇལ་དར་ཕུལ་ནས་ལུས་ཀྱི་བསྐོར་ཕྱག་དང་། ངག་གི་བཟླས་བརྗོད། ཡིད་ཀྱི་དད་མོས་བསྐྱེད་དེ་སྒོ་གསུམ་གྱི་འཇུག་སྒོ་བོན་ལ་བསྲེས། སྣང་གསལ་མར་མེའི་མཆོད་པས་གཙུག་ལག་ཁང་གི་ཕྱི་ནང་ཡོངས་སུ་བལྟམས་པར་བྱས་ཏེ་དུས་ཆེན་ཁྱད་པར་དེ་ཉིད་སྲུང་བརྩི་ཞུས་པ་བཅས་ཀྱི་གནས་བསྡུས་སུ་གཙོ་སྒྲུབ་པས་བཀོད།

པར་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 90 དེ་རིང་། 90)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྨྲ་བ་འགག་…
error: རྩོམ་འདི་བདག་དབང་ཅན་ཡིན།