བཀའ་དྲིན་རྗེས་སུ་དྲན་པ།
རྩོམ་པ་པོ། གཅོ་གྱིམ་བུ།
སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་རིན་པོ་ཆེ་དམ་པ་མཆོག་ནི་སྙིགས་མའི་བསྐལ་ཁུག་གམ་དུས་ཀྱི་དཀྱོག་མཚམས་སུ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་དང་འགྲོ་བ་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་མགོན་པོ་རུ་བསམ་བཞིན་དུ་བྱོན་པའི་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་འཆང་བ་ཞིག་ཡིན་པས་ན། བསྟན་འགྲོའི་དོན་མཛད་གང་ཡིན་རྣམས་ཐུགས་རྗེ་ཆེན་པོ་བཞི་ཡི་སྒོ་ནས། “ནམ་མཁའ་ལྟ་བུའི་རྒྱ་ཆེ་བ།” བདག་གི་བློས་དཔག་ཏུ་མི་གཏུབ་པའི་འཛམ་གླིང་ཤར་ནུབ་ཀྱི་གདུལ་བྱ་དུ་མ་སྐྱབས་འོག་ཏུ་བཙུད་པ། “ས་གཞི་ལྟ་བུའི་ཀུན་འབྱུང་བ།” བདག་ཅག་གིས་ཁྱེད་མདུན་བཅར་ཞིང་སྦྱངས་ན་ཚེ་རབས་དུ་མར་སྦྱངས་ཀྱང་འཛད་པར་མི་མངའ་བའི། བསྟན་པའི་བོན་དང་རིག་པའི་གནས་ཀུན་ཀ་སྤེལ་ནས་གང་ལ་གང་དགོས་བསྐང་བ། “ཆུ་བོ་ལྟ་བུའི་རྒྱུན་རིང་བ། ”བདག་ཅག་སུ་ཞིག་གིས་དུས་ནམ་ཞིག་ཏུ་ཁྱེད་ཞལ་མཇལ་ཀྱང་རྒྱུན་མི་ཆད་པའི་རང་བྱུང་རིག་པའི་འཛུམ་བག་ལས་མ་གཡོས་པ། ཡེ་རིག་གཉུག་མའི་གྲོལ་ལམ་གྱི་རྩི་གཙོ་བོར་བསྟན་ནས་ཉོན་མོངས་པའི་ནད་ཀྱི་གདུང་བ་རྣམས་གསོས་པ། “ཉི་མ་ལྟ་བུའི་ཀུན་གསལ་བ།” བོན་གྱི་མདོ་སྔགས་གཞུང་ལུགས་ལྟ་གྲུབ་ཀྱི་འཛིན་མཚམས་དང་། བཟོ་རིག་དཀྱིལ་སྒོའི་ཐིག་རྩ་ཡན་ཞིབ་མོ་རྣམ་འཐག་གི་དཔྱད་རྩོམ་མཛད་ནས་གནད་ཀུན་གསལ་བར་མཛད་ཅིང་། མི་ལོ་ཧྲིལ་པོ་བརྒྱ་སྟེ་དུས་རབས་གཅིག་ཏུ་བཞུགས་པ་ནི་ངོ་མཚར་ཆེ་ཞིང་འགྲོ་དོན་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པའི་བརྡ་རུ་གྲུབ།
མདོ་ཁམས་ཁྱུང་ཡུལ་མཐིལ་དུ་སྐུ་མཆོག་འཁྲུངས། །དབུས་གཙང་གདན་སའི་ཁྲི་རུ་སློབ་དཔོན་བཞེངས། །འཛམ་གླིང་ཡུལ་གྲུ་དུ་མར་བོན་བསྟན་སྤེལ། །སྨྲ་དབང་འཛམ་གླིང་རྒྱན་ལ་གསོལ་བ་འདེབས། ཞེས་བྲིས་ན་འུད་གཏམ་རྡུལ་ཙམ་ཡང་མ་འགོས་པ། བསྔགས་འོས་དོན་དང་ལྡན་པའི་རིན་པོ་ཆེ་དམ་པ་མཆོག་ནི། སྤྱིར་ན་འཛམ་གླིང་དང་། སྒོས་སུ་བོད་གངས་ཅན་པ། ཡང་སྒོས་སུ་བོན་དང་བོན་འབངས་ཡོངས་ལ་བཀའ་དྲིན་ཆེ་བ་ནི་བཤད་དུ་ག་ལ་དགོས།
ཁྱད་པར་ཡུལ་ལུང་འདི་རུ་མཚོན་ན་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཆེ་བ་སྟེ།
མཆོག་ནི་བསམ་བཞིན་བྱོན་པའི་སྤྲུལ་པའི་སྐུ་ཞིག་ཡིན་སྟབས་ཡུལ་གང་དུ་སྐྱེ་བཞེས་མཛད་པ་རང་དབང་ཆེ་ན་ཡང་། འཁྲུངས་པའི་གཟིགས་པ་འདི་རུ་མཛད་པ་ནི་ཐོག་མའི་བཀའ་དྲིན་ཆེ་བ་དང་། བར་དུ་ཡུལ་སྲིད་ཀྱི་འཕོ་འགྱུར་འོག་ཏུ་གཉུག་མའི་ཆོས་རིག་གི་སྣང་བ་འགྲིབ་ཅིང་སླར་ལ་སོས་པའི་གཅིག་དགུ་གྱ་དྲུག་ལོའི་སྐབས་མཚམས་སུ། རིན་པོ་ཆེ་མཆོག་ཉིད་འཕགས་པའི་ཡུལ་ནས་གངས་ཅན་ཡུལ་འདིར་ཞབས་སོར་བཀོད་ཅིང་བོན་གྱི་སྡེ་དགོན་སྤྱི་ལ་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད།བསྟན་པའི་སྲོག་ཤིང་འདུལ་བའི་སྡོམ་རྒྱུན་བསྩལ་ཏེ། བོད་གངས་ཅན་པའི་གཤེན་བསྟན་རིན་པོ་ཆེ་སྤྱིའི་དབུགས་རྒྱུན་གསོས་པ་དང་། ཁྱད་པར་གནའ་རབས་ལོ་རྒྱུས་ཅན་གྱི་ཁྱུང་པོ་སྟེང་ཆེན་དགོན་པ་ཉམས་གསོ་བགྱི་བའི་བཀའ་སློབ་གནང་ཞིང་བསྟན་བདག་ཆེ་མཐོང་གནང་བའི་བཀའ་དྲིན་ཆེ་བ།
སླར་ཡང་གཅིག་དགུ་གོ་དགུ་ལོར་གངས་ལྗོངས་སུ་ཕེབས་ཐེངས་གསུམ་པ་གནང་ཞིང་། སྡེ་དགོན་གང་དུ་ཆིབས་བསྒྱུར་གནང་བར་དེ་དང་དེ་རུ་བསྟན་པའི་སྲུང་མ་དང་བསྟན་འཛིན་སྐྱེས་བུའི་སྡོང་དང་བཅས་ཏེ། མདོ་སྔགས་སེམས་གསུམ་གྱི་དབང་ལུང་སྡོམ་བརྒྱུད་རྣམས་བསྲེ་བསྣན་གྱི་མཛད་པ་སྤེལ་བ་དང་། ཡང་ཁྱད་ཁྱུང་པོ་སྟེང་ཆེན་དགོན་འདིར་ཕེབས་ནས་དབང་ལུང་ཟབ་གདམས་གནང་ཞིང་། སྒོམ་སྒྲུབ་གཞི་ཚུགས་ལ་བསྔགས་བརྗོད་དང་། དགོངས་གཞི་དགོས་པ་རྒྱ་ཆེན་གྱི་ཐུགས་བསྐྱེེད་སྨོན་ལམ་མཐར་བཙན་གནང་སྟེ། མཚན་ཉིད་བཤད་གྲྭ་འཛུགས་པའི་བཀའ་སློབ་དང་བཅས་སློབ་མ་རྣམས་ལ་མགུལ་དར་བསྩལ་ཞིང་། དགོན་གནས་འདིར་རྒྱལ་བ་སྨན་རིའི་ལུགས་སྲོལ་བཞིན།མདོ་སྔགས་སེམས་གསུམ་རིག་གནས་བཅས་ཐོས་བསམ་སློབ་སྦྱོང་དབུ་བཙུགས་པའི་བཀའ་དྲིན་ཆེ་བ་བཅས་ནི་དེ་རིང་ཕྱིར་དྲན་ཞུ་འོས་སུ་ལགས།
དེས་ཀྱང་ག་ལ་ཚད། གཞན་ལའང་དེ་བཞིན་ནོ།།
མདོར་ན། གཞན་རྣམས་མ་བྱོན་ན་ཡང་རུང་། ཁྱེད་ཉིད་ཁོ་ནའི་བཀའ་དྲིན་ལས། བོན་ལ་ཉི་ཟླ་ཟུང་གཅིག་ཤར། རང་མདངས་འཛམ་གླིང་ཡོངས་ལ་འཕྲོས། ཇི་སྲིད་བསྐལ་པའི་མཐའ་ཀླས་སུ། བོན་གྱི་འོད་ཟེར་མི་ཉམས་ཤིང་། བདག་བློར་མ་རིག་མི་འཐིབ་པར། ཉིད་ཀྱི་ཐུགས་རྗེས་འཛིན་གྱུར་ཅིག །
གཅོ་གྱིམ་བུ་ནས།
