ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མེ་ལོང་ཡེ་ཤེས་ཀྱི་མཚོན་དོན།

(མེ་ལོང་ཡེ་ཤེས་)དྲ་རྒྱའི་མཚོན་དོན་ངོ་སྤྲོད་གནད་བསྡུས།

མེ་ལོང་ནི་གཟུགས་བརྙན་ཐམས་ཅད་འཆར་བའི་གཞི་ཡིན་པས་འདི་སྣང་གི་མཚན་མ་ཐམས་ཅད་འབྱུང་བ་དང་། འཇིག་པ། ཆགས་པ་དང་གནས་པ་ཐམས་ཅད་འཆར་བའི་གཞི་བྱེད། ཡེ་ཤེས་ནི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་རྩི་ཡིན་ཕྱིར་བཟང་ངན་གྱི་རྣམ་པ་སོ་སོར་མ་འདྲེས་པར་དྭངས་སྙིགས་འབྱེད་པའི་ནུས་པ་དང་ཤེས་རབ་ཀྱི་རྣོ་ངར་དང་ལྡན་པའོ། །

དཔེ་ཡིས་མཚོན་ཏེ་བཤད་པ།

༡) མེ་ལོང་ནི་གཡའ་དག་གི་ནམ་མཁའ་ལྟ་བུ་ཡིན་པས་དྭངས་བ་དང་། གཙང་བ། ཡངས་པའི་རང་བཞིན་དུ་གནས། ཡེ་ཤེས་ནི་སེམས་ཀྱི་ཉི་མ་ཡིན་པས་གསལ་བ་དང་། ཁྱབ་པ། བདལ་བ་གསུམ་གྱིས་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་སྙོམས་པའི་གནས་ལུགས་ཀྱི་འོད་སྣང་རེ་འབྱིན་པར་བྱེད།

༢) མེ་ལོང་ནི་བགྲོད་དུ་མེད་པའི་ཐང་ཆེན་ལྟ་བུ་ཡིན་པས་ས་ཡི་རིམ་པ་དང་གནས་ལ་མཐོ་དམན་འཇལ་དུ་མེད། ཡེ་ཤེས་ནི་གཡོ་མེད་དག་པ་སེམས་ཀྱི་བོན་སྐུ་ཡིན་ཕྱིར་འཕོ་འགྱུར་མེད་པར་རང་སར་རྒྱུན་དུ་གནས།

༣) མེ་ལོང་ནི་སྐྱེད་དུ་མེད་པར་སྨིན་པའི་འབྲས་བུ་ལྟ་བུ་ཡིན་པས་ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞི་རུ་ཆགས་པ་དང་། ཡེ་ཤེས་ནི་རྟོག་དཔྱོད་དགག་སྒྲུབ་བྲལ་བའི་འོད་ཡིན་ཕྱིར་ཕྱི་ནང་མུན་པའི་ཚོགས་རྣམས་གསལ་བར་བྱེད།

༤) མེ་ལོང་ནི་མཁའ་ལ་ལྡིང་བའི་ཁྱུང་གཤོག་ལྟ་བུ་ཡིན་པས་འདི་སྣང་གི་མཚན་མ་ཐམས་ཅད་རླབས་ཀྱིས་གཅོད་ནས་ཡོད། ཡེ་ཤེས་ནི་རྩལ་དང་སྟོབས་ཤུགས་ཡིན་ཕྱིར་དགག་པ་དང་སྒྲུབ་པའི་གོལ་ས་ཡེ་ནས་བྲལ།

༥) མེ་ལོང་ནི་ཆུ་ནང་གི་ཟླ་གཟུགས་ལྟ་བུ་ཡིན་པས་ལྟ་རུ་ཡོད་ལ་འཛིན་དུ་མེད། ཡེ་ཤེས་ནི་འོད་ཀྱིས་ཁེངས་པའི་གུར་ཁྱིམ་ཡིན་ཕྱིར་ཐུག་རེག་དང་མཚན་མའི་ཡུལ་ལས་འདས།

༦) མེ་ལོང་ནི་བྱད་དང་ཡེ་ཤེས་ནི་གཟུགས་ཡིན། དོན་དམ་དུ་བྱད་དང་གཟུགས་གཉིས་དབྱེ་རུ་མེད་པ་ལྟར། མེ་ལོང་དང་ཡེ་ཤེས་གཉིས་ལོགས་སུ་དགར་དུ་མེད། ཚིག་གི་སྤྲོས་པ་མང་ཡང་མཐའ་ཐམས་ཅད་ཀྱི་འདུས་སོ་དོན་གྱི་ཉག་མ་གཅིག་ཏུ་བབ་པ་ནི་མེ་ལོང་ཡེ་ཤེས་ཀྱི་ངེས་དོན་ཡིན་ནོ། །

༧) ད་དུང་མེ་ལོང་ནི་དགོས་འབྱུང་གི་ནོར་བུ་ལྟ་བུ་ཡིན་པས་ཕུན་ཚོགས་དཔལ་ཡོན་ཐམས་ཅད་འབྱུང་བའི་གཞི་ཡིན། ཡེ་ཤེས་ནི་ཁ་དོག་རང་མདངས་ཡིན་པས་ཉེས་སྐྱོན་གྱི་དྲི་མ་ཐམས་ཅད་རང་ས་ནས་ཞི་བ་དང་དྭངས་བར་བྱེད། 

དྲ་རྒྱའི་ལས་རྟགས་མེ་ལོང་གི་ཕྱོགས་གསུམ་དུ་འབྲུ་ཐིག་གསུམ་རེ་སྟེ་འབྲུ་དགུ་ཡོད་པ་ནི།

ཐེག་པ་དགུ་ཡི་རིམ་པ་མ་འདྲེས་པར་གདུལ་བྱའི་བློ་ཡི་མཐོང་སྣང་གི་བདེན་པ་རེ་རེའི་མཚོན་དོན་ཡིན།

མེ་ལོང་གི་མཐའ་ཟུར་ཕྱི་ནང་ཐིག་གཉིས་ཡོད་པ་ནི།

བོན་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རང་བཞིན་དུ་གནས་པར་མཚོན།

མེ་ལོང་བདུན་ཡོད་པ་ནི།

༡) ལྟ་བ་སྙིང་གི་མེ་ལོང་། ༢) སྒོམ་པ་སྙིང་གི་མེ་ལོང་། ༣) འབྲས་བུ་སྙིང་གི་མེ་ལོང་། ༤) སྤྱོད་པ་སྙིང་གི་མེ་ལོང་། ༥) ཞིང་ཁམས་སྙིང་གི་མེ་ལོང་། ༦) ངོ་སྤྲོད་སྙིང་གི་མེ་ལོང་། ༧) ཡོན་ཏན་སྙིང་གི་མེ་ལོང་དང་བདུན་གྱི་མཚོན་དོན་ཡིན།

ཕན་ཚུན་སྦྲེལ་བ་ནི།

ཆོས་ལུགས་གྲུབ་མཐའ་དང་། མི་རིགས་རིག་གནས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་དུ་གྲུབ་པའི་དོན་མཚོན་པ་ཡིན།

ཕྱི་རིམ་འཇའ་ཚོན་གྱི་མུ་ཁྱུད་སྐོར་བ་ནི།

ཆོས་ལུགས་ཀྱི་སྙིང་དོན་དང་ལྡན་པ་སྟེ། བོན་ཐམས་ཅད་སྟོང་གཟུགས་སྒྱུ་མ་ལྟ་བུའམ། གཞའ་ཚོན་ལྟ་བུ་ཡིན་པ་དང་། དེ་ཡང་ལྟ་རུ་ཡོད་ལ་འཛིན་དུ་མེད་པར་ཐམས་ཅད་སེམས་ཀྱི་རང་རྩལ་རང་སྣང་ལས་བྱུང་བའི་གཟུགས་བརྙན་ཤ་སྟག་ཡིན་པར་གོ་བརྡ་སྤྲོད་པའི་དོན་མཚོན་པ་ཡིན་ནོ། །

འདི་ལྟར་བོན་རང་ལུགས་སུ་མེ་ལོང་དགུ་སྐོར་ཞེས་པ་དང་། མེ་ལོང་བདུན་པ་ཞེས་པ་སོགས་མེ་ལོང་དགུ་དང་བདུན་གྱི་མཚོན་དོན་ལྡན་པའི་བོན་སྡེ་དུ་མ་བཞུགས་ཡོད་པ་ལས་སྐབས་འདིར་རྫོགས་ཆེན་མེ་ལོང་བདུན་པོའི་མཚོན་དོན་གྱི་བཤད་པ་དང་སྦྲེལ་ནས་མེ་ལོང་ཡེ་ཤེས་དྲ་ཚིགས་འདིའི་མཚོན་རྟགས་ངོ་སྤྲོད་རག་བསྡུས་སུ་ཞུས་པ་ཡིན་ནོ། །

                                                 མེ་ལོང་ཡེ་ཤེས་གཙོ་སྒྲུབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན།།

79930cookie-checkམེ་ལོང་ཡེ་ཤེས་ཀྱི་མཚོན་དོན།
error: རྩོམ་འདི་བདག་དབང་ཅན་ཡིན།