ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐུ་གཤེགས་ཀྱང་མཛད་པ་མ་ནུབ།

རྩོམ་པ་པོ། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ།

དུས་ཀྱི་འཁོར་ལོ་ནི་གློག་གི་ཞགས་པ་བཞིན་མྱུར་བར་བརྒྱུད་ཀྱང་། སྙིང་གི་དྲན་གདུང་ལ་ནི་མྱུར་དལ་གྱི་ཁྱད་མེད། གཡུང་དྲུང་བོན་གྱི་བསྟན་པའི་བླ་རེ་དང་། ཤེས་རབ་ཀྱི་སྒྲོན་མེ་ཆེན་པོ། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཞི་བའི་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་ཟིན་པའི་ཉིན་མོ་འདིར། ལྷད་མེད་དྭངས་གཙང་གི་སེམས་ཀྱི་མཁའ་དབྱིངས་ནས་དྲན་གདུང་གི་སྨག་རུམ་གློ་བུར་དུ་འཁྲིགས་ཤིང་། རླབས་ཆེན་ནམ་མཁའི་མཐར་ལྷུང་བ་བཞིན་སེམས་ལ་ལྷང་ལྷང་དུ་ཕོག་པར་གྱུར། དེ་ནི་བསྟན་པའི་སྲོག་ཤིང་ལ་མེ་རྒོལ། གསེར་གྱི་ཡུ་བ་ཆག་པའི་ཉིན་མོ་དེ་ནས་བཟུང་། ང་ཚོའི་སྙིང་གི་ཟབ་ས་ནས་ཁྱེད་ཀྱི་མཚན་འདི་ཉིད་ལྷང་ལྷང་དུ་འབོད་ཅིང་། མིག་ཆུའི་ཐིགས་པ་རེ་རེའི་ཁྲོད་དུ་ཁྱེད་ཀྱི་བརྩེ་བས་ཁེངས་པའི་ཞལ་རས་དང་། ཞི་འཇམ་གྱི་བཀའ་སློབ་རྣམས་ཡིད་ངོར་མེ་ལོང་གི་གཟུགས་བརྙན་བཞིན་གསལ་ལྷང་ལྷང་དུ་འཆར་བཞིན་ཡོད། ཁྱེད་ནི་མུན་ཀློང་གི་གླིང་འདིར་ལམ་སྟོན་མཛད་པའི་སྐར་ཆེན་ཁྱད་པར་བ་ཞིག་ཡིན་པར་ཐེ་ཚོམ་མེད།

ཁྱེད་ཀྱི་སྐུ་ཚེའི་བགྲོད་ལམ་ལ་ཕྱིར་མིག་ཅིག་བལྟས་ན། དེ་ནི་བོན་གྱི་བསྟན་པ་སྲུང་སྐྱོབ་དང་བསྐྱར་གསོ་གནང་བའི་ལོ་རྒྱུས་ཀྱི་རྡོ་རིང་མཐོན་པོ་ཞིག་ཅི་ཕྱིར་མིན། ཕྱི་ལོ་༡༩༥༩ ལོའི་དུས་འགྱུར་ཆེན་པོའི་ཀློང་ནས་ཁྱིམ་མེད་གར་འགྲོ་མི་ཤེས་པའི་རླུང་གིས་བཏབ་ཅིང་། ཁྱེད་ཀྱིས་དཀའ་ངལ་བརྒྱ་ཕྲག་ལས་བརྒལ་ཏེ་སྐུ་རྒྱབ་ཏུ་ཁུར་བའི་གསེར་གྱི་པོ་ཏི་རྣམས་ནི། ཤོག་བུ་ཙམ་མ་ཡིན་པར་ཞང་བོད་རིག་གནས་ཀྱི་སྲོག་རྩ་ཉག་གཅིག་ཡིན། བར་ཤུལ་གྱི་ཚ་གདུང་ལ་མ་གཡེལ་བར། འཕགས་ཡུལ་དུ་ཁྱེད་ཀྱིས་སྨན་རིའི་གླིང་གི་རྨང་གཞི་རྡོ་ལྟར་བརྟན་པར་བཏིང་ཞིང་། བལ་ཡུལ་གླང་རི་ལུང་བསྟན་གྱི་གནས་རིར་ཁྲི་བརྟན་ནོར་བུ་རྩེའི་གཤེན་སྡེ་གསར་དུ་བཙུགས། ཁྱེད་ཀྱི་ཕྱག་ལས་རེ་རེ་ནི་དུས་ཀྱི་རྡུལ་གྱིས་གཡོགས་མི་ཐུབ་པའི་ཤུལ་བཟང་དུ་བཞག་ཅིང་། ཞལ་གྱི་གསུང་དབྱངས་རེ་རེ་ནི་འཇིག་རྟེན་གྱི་རླུང་འཚུབ་ཀྱིས་བཤིག་མི་ཐུབ་པའི་ལུང་གི་བདེན་པར་གྱུར། སེམས་ཀྱི་བརྩེ་བ་དང་སྙིང་སྟོབས་གཅིག་པུས།  ཉམས་རྒུད་དུ་སོང་བའི་བོན་གྱི་བསྟན་པ་འདི་ཉིད་ལང་ཚོ་དར་ལ་བབས་པའི་གཞོན་ནུ་ལྟར་སླར་ཡང་གསོན་པོར་བཞེངས། སྐུ་ཚེ་གང་པོར་གཞན་ཕན་ཁོ་ན་ལ་དམིགས་ཏེ། བསྟན་པ་དང་འགྲོ་བའི་དོན་དུ་བླ་མ་མེད་པའི་མཛད་རྗེས་རྣམས་ནི། ཡིག་ཐོག་ཏུ་ཡོད་པ་ཙམ་མ་ཡིན་པར། འགྲོ་བ་མང་པོའི་སེམས་ཀྱི་ཞིང་ས་ལ་དད་པ་དང་ཤེས་རབ་ཀྱི་ས་བོན་བཏབ་པའི་ཚུལ་དུ་གསལ་ཐིང་ཐིང་དུ་བཞུགས་ཡོད།

ཁྱེད་ཀྱི་མཁྱེན་རབ་ནི་གཏིང་དཔག་དཀའ་བའི་རྒྱ་མཚོ་དང་འདྲ་ལ། ཁྱེད་ཀྱི་བརྩེ་བ་ནི་མ་ཡུམ་གྱི་པང་པ་ལྟར་དྲོད་ཁོལ་གྱིས་ཕྱུག དབྱར་གསུམ་གྱི་ཆར་རྒྱུན་གྱིས་བསྐྲུན་པའི་མི་ཟད་པའི་མེ་ཏོག་གི་སྐྱེད་ཚལ་ལྟར། ཤར་ནུབ་ཡུལ་ལྗོངས་ཀྱི་ཞིང་ཁམས་ཀུན་ཏུ་དྲི་ཞིམ་གྱི་དཔལ་ཡོན་མངོན་སུམ་དུ་འཐུལ། 

ནུབ་ཕྱོགས་སུ་གཤེན་བསྟན་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ལམ་བཟང་སྤེལ་དུས། ཕྱོགས་རིས་ཀྱི་ས་མཚམས་ཀུན་ལས་བརྒལ་བའི་སྙན་གྲགས་ཀྱི་གཏམ་རྒྱུད་ཅིག་བསྐྲུན་ཏེ། འགྲོ་བ་ཀུན་གྱི་སེམས་རྒྱུད་ལ་ཞི་བདེའི་འོད་སྣང་གསར་པ་རེ་སྤྲོས།

རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ལ་གཞུང་གི་ཚིག་དོན་འགྲེལ་བཤད་མཛད་པ་ཙམ་མ་ཡིན་པར། མི་ཚེ་གང་འདྲ་ཞིག་སྐྱེལ་དགོས་པ་དང་། བཟང་པོའི་བསམ་བློ་གང་འདྲ་ཞིག་སྤེལ་དགོས་པའི་གནད་དོན་ཟབ་མོ་རྣམས་ལག་ལེན་གྱི་ཐོག་ནས་རྒྱུད་ལ་ཐིམ་པར་གསུངས་པ་མ་ཚད། འདོར་ན་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ལམ་གསལ་བར་བསྟན། ཁྱེད་ནི་ཤེས་རབ་ཀྱི་གསེར་གྱི་ཉི་མ་ཉིད་དུ་མ་ཟད། མི་ཚེའི་ལམ་མཁན་དང་། ཉམ་ཐག་པའི་སེམས་ཅན་ཀུན་གྱི་སྐྱབས་གནས་མ་ནོར་བ་ཞིག་ཡིན་པར་ཐེ་ཚོམ་གང་ཡང་མེད།

ཀྱེ་མ། ད་ལྟ་ནི་ཁྱེད་ཀྱི་གསར་ཞལ་དངོས་སུ་མཇལ་དུ་མེད་ལ། ཁྱེད་ཀྱི་གསུང་དབྱངས་སྙན་པོའང་ཐོས་སུ་མེད། འོན་ཀྱང་ཁྱེད་ཀྱིས་བཞག་པའི་གསུང་རབ་ཀྱི་པོད་སོ་སོའི་གསེབ་ཏུ། ཁྱེད་ཀྱི་ཐུགས་བསྐྱེད་དང་ཤེས་རབ་ཀྱི་འོད་ཟེར་། རྡོ་རྗེ་ཕ་ལམ་གྱིས་ཀྱང་བཅད་མི་ཐུབ་པར་ནམ་ཡང་འཚེར་བ་ལས་ནུབ་པ་མེད། ད་ལྟ་སྐུ་དངོས་སུ་མི་བཞུགས་ཀྱང་། ཁྱེད་ཀྱི་གསུང་དང་མཛད་པ། བསླབ་བྱ་དང་ཐུགས་རྗེའི་རྣམ་པ་རྣམས་ནི་ནམ་ཡང་ནུབ་པ་མེད་པའི་ཉི་འོད་བཞིན་འགྲོ་བའི་ལམ་དུ་གསལ་སྟོན་བྱེད་བཞིན་ཡོད།

མཁས་གྲུབ་བྱེ་བའི་གཙུག་རྒྱན། སངས་རྒྱས་བསྟན་པའི་སྲོག་ཤིང་། ཁྱེད་སྐུ་ཞི་བར་གཤེགས་པ་ནི་འཇིག་རྟེན་འདིར་གྱོང་གུད་ཆེ་ཤོས་ཤིག་ཏུ་གྱུར། ཉི་ཟླ་གཉིས་དུས་གཅིག་ཏུ་ནུབ་པ་ལྟར། ཉིན་མ་རེ་རེ་བཞིན་ཁྱེད་ཀྱི་སྐུ་དྲིན་དྲན་པའི་གདུང་བ་ནི་སྙིང་ལས་བསུབ་ཏུ་མེད། སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་དུས་དྲན་དམ་པ་འདིར། ང་ཚོས་མྱ་ངན་གྱི་མིག་ཆུ་འབབ་པ་ཙམ་མ་ཡིན་པར། ཁོང་གི་མཛད་རྗེས་དང་བསླབ་བྱ་རྣམས་ཡང་ཡང་དྲན་གསོ་བྱེད་དགོས་ཤིང་། སློབ་མ་དང་མོས་གུས་ཅན་ཀུན་གྱིས་ཁྱེད་ཀྱི་ཞལ་ཆེམས་ལྟ་བུའི་བཀའ་སློབ་སྙིང་ལ་བཅངས་ཏེ། ཞང་བོད་ཀྱི་རིག་གཞུང་དང་བོན་གྱི་བསྟན་པ་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་དང་། བྱམས་དང་སྙིང་རྗེ་ཆེན་པོའི་གཞི་བཟུང་ནས་འགྲོ་ལ་ཕན་བདེ་ཅི་ཐུབ་གང་ཐུབ་བསྒྲུབ་དང་སྒྲུབ་བཞིན་པ་ནི། ཁྱེད་ལ་ཕུལ་བའི་རྗེས་དྲན་གྱི་མཆོད་པ་བླ་ན་མེད་པར་ངེས།

མུན་སེལ་གྱི་སྒྲོན་མེ་ལགས། ང་ཚོའི་སྙིང་གི་དབུས་ནས་ཁྱེད་ནམ་ཡང་བརྗེད་པར་མི་སྲིད། དམ་པ་ཁྱེད་ཉིད་སྐུ་གཤེགས་ཀྱང་མཚན་སྙན་མ་གཤེགས། སྐུ་མི་བཞུགས་ཀྱང་བསླབ་བྱ་མ་ནུབ། ཁྱེད་ཀྱི་སྐུ་ཡི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་ནི་ཁྱེད་ཀྱིས་ང་ཚོ་ལ་བཞག་པའི་མཛད་ཆེན་ཞིག་ཡིན། དེ་ནི་ཉིད་ཀྱིས་བཀོད་པའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དེ་ཡིན། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་མཆོག་ནི་ང་ཚོའི་དུས་ནམ་ཡང་དད་དམ་གྱི་ཀློང་དུ་སྐྱབས་གནས་སླུ་མེད་ཅིག་ཡིན། དུས་རབས་ནས་དུས་རབས་སུ་ཁྱེད་ཀྱི་མཛད་རྗེས་ཀྱི་འོད་སྣང་དེ་སངས་རྒྱས་གཡུང་དྲུང་བོན་གྱི་མཁའ་དབྱིངས་སུ་རྟག་ཏུ་འཕྲོ་བར་ཤོག། ཁྱེད་ཀྱི་ཐུགས་རྗེའི་འོད་ཀྱིས་ང་ཚོ་ཀུན་ལ་ནམ་ཡང་སྐྱབས་དང་སྐྱོང་བར་མཛད་དུ་གསོལ།།

ཞེས་པ་འདི་ནི་ ༧ སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་གཤེགས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཀྱི་དུས་སུ ༧ སྐྱབས་རྗེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་བཞིན་དགེ་བཤེས་བློ་གྲོད་འོད་གསལ་གྱིས་བྲིས། 

(སྤྱིའི་གཟིགས་གྲངས། 161 དེ་རིང་། 161)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་མེ་རྟ་…
error: རྩོམ་འདི་བདག་དབང་ཅན་ཡིན།