བལ་ཡུལ་ནང་པའི་ཚོགས་ཆེན་ནས་གདུང་སེམས་མཉམ་བསྐྱེད།
གདུང་སེམས་མཉམ་བསྐྱེད།
༄༅། །གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བདག་སོགས་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ ཉིན་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་ཕྲལ་འཛམ་གླིང་སྤྱི་དང་། བྱེ་བྲག་ཏུ་བལ་ཡུལ་བོན་གྱི་བསྟན་པ་འཛིན་པ་ཡོངས་ལ་གསུབ་ཏུ་མེད་པའི་གྱོང་གུན་ཕོག་ཡོད་པ་དང་། འབྲེལ་ཡོད་ལྟོས་བཅས་ཡོངས་བློ་ཕམ་དང་མྱ་ངན་གྱི་གནས་སུ་གྱུར་ཡོད།
༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་དམ་པ་གང་གི་སྐུ་འཁོར་དང་།ཁྲི་བརྟན་ནོར་བུ་རྩེ་བོན་པོའི་དགོན་པའི་མཁན་པོ།དགེ་བཤེས། དགེ་འདུན་ཡོངས་དང་། འཛམ་གླིང་གང་སར་བཞུགས་པའི་ཞལ་སློབ་ཡོངས་ལ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་མི་ཡོངས་ནས་ཐུགས་གསོའི་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། དམ་པ་གང་གི་ས་ལམ་གྱི་བར་ཆད་ཞི་ཞིང་། རླབས་ཆེན་བསྟན་འགྲོའི་ཐུགས་དགོངས་ཟབ་མོ་མཐའ་དག་འབད་མེད་མྱུར་དུ་འགྲུབ་པ་དང་། སླར་ཡང་བསྟན་འགྲོའི་དོན་དུ་འཁྲུལ་བྲལ་སྤྲུལ་བའི་ཟླ་ཞལ་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས།
བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ནས།
ཕྱི་ལོ་ ༢༠༢༥ ཟླ་ ༠༦ ཚེས་ ༢༢ ལ་ཕུལ།