བྷེལ་ཇམ་ཆུ་སྒང་སྐབས་༡༡པའི་རྒྱུན་ལས་ཐུན་མོང་ནས་ཐུགས་གསོའི་འཚམས་འཕྲིན།
༄༅། །འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་མདོ་ཁམས་མི་མང་དང་དད་ལྡན་འབྲེལ་ཡོད་ཡོངས་ལ་ཆེད་ཞུ།
སྙིགས་མའི་རྒུད་ཚོགས་ཆེས་ཆེར་བདོ་ཞིང་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བའི་དུས་སུ།སྤྱིར་བོད་ཀྱི་ཆོས་དང་རིག་གནས།དམིགས་བསལ་མེ་ཏོག་གངས་ལ་ཕོག་པའི་ལྷ་བསྐལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་འགྲན་ཟླ་བྲལ་ཅིང་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོགརྒྱལ་སྲས་གཡུང་དྲུང་སེམས་དཔའི་སྐུར་བཞེངས་ཏེ་སྐུ་ཚེ་གང་པོར་བསྟན་འགྲོའི་དོན་ཆེན་འཁུར་དུ་བཞེས་ནས་དགུང་གྲངས་བརྒྱ་ཕྲག་བར་བཞུགས་པའི་སྐལ་བཟང་མངོན་དུ་གྱུར་ཀྱང་།བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་༡༦སྤྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་སྔ་དྲོ་ཆུ་ཚོད་༧དང་སྐར་མ་༤༥ཐོག་བལ་ཡུལ་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས།གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞིང་འདིའི་མཛད་པ་མཐའ་མ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་པའི་བློ་ཕམ་གྱི་གནས་ཚུལ་བྱུང་བར།བྷེལ་ཇམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་ལས་རྣམས་དང་།མདོ་ཁམས་རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་དད་པའི་ལག་སོར་སྙིང་དབུས་སུ་ཟུམ་བཞིན་མྱ་ངན་གུས་འདུད་དང་།མགོན་པོ་གང་གི་ཡང་སྲིད་སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་ཤིང་།རླབས་ཆེན་བསྟན་འགྲོའི་བཞེད་དོན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་མོས་གུས་བློ་རྩེ་གཅིག་བསྒྲིལ་གྱིས་རྗེས་འཛིན་གསོལ་འདེབས་སྨོན་ལམ་གང་ཐུབ་ཞུ་བཞིན་ཡོད།
བྷེལ་ཇམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་༡༡པའི་རྒྱུན་ལས་ཐུན་མོང་ནས།
སྤྱི་ལོ་༢༠༢༥ ཟླ་༦ ཚེས་༡༤ ཉིན།