ཐེ་ལེན་ཌྲིའི་ཀུན་སྒྲོལ་བདེ་ཆེན་གླིང་ནས་ཐུགས་གསོའི་འཚམས་འཕྲིན།
༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན། དད་ལྡན་གདུལ་བྱ་ཡོངས་ཀྱི་སྐྱབས་མགོན། འཛམ་གླིང་ཕྱོགས་བཅུ་ཀུན་ཏུ་བསྟན་འགྲོའི་འཕྲིན་བཟང་གི་འོད་སྣང་སྤེལ་བའི་མཁས་པའི་དབང་པོ། བསྟན་འཛིན་གྱི་སྐྱེས་ཆེན་དང་སློབ་ཚོགས་གསོ་སྐྱོང་གནང་བའི་ངེས་པ་དོན་གྱི་ཡོངས་འཛིན་ཆེན་པོ། གངས་ཅན་མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་ཟབ་མོ་རྫོགས་པ་ཆེན་པོའི་བསྟན་པའི་རྒྱལ་མཚན་སྲིད་ན་བསྒྲེངས་བའི་མཁས་ཤིང་གྲུབ་པའི་བདག་ཉིད། དུས་འདིར་སྲིད་ན་དཀོན་པའི་རྩ་བའི་དཔོན་གསས་དམ་པ། ཀློང་སྒོམ་མངོན་པར་རྫོགས་ཤིང་ཐོད་བརྒལ་སྣང་བཞི་ཟད་སར་བསྐྱེལ་བའི་རྫོགས་པ་ཆེན་པོའི་རྣལ་འབྱོར་བ། སྐྱབས་རྗེ་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་གྲངས་བརྒྱ་ལྷག་འཚོ་བཞུགས་གནང་ནས་རེ་ཞིག་ངལ་གསོ་ཚུལ་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ཐོས་འཕྲལ་རེ་ཞིག་ཡིད་རེ་མུག
སླར་ཡང་དུས་ཀྱི་བསྟན་འགྲོའི་དོན་ལ་བརྩེ་ཆེན་ཐུགས་རྗེས་གཟིགས་རོགས་ཞེས་གསོལ་འདེབས་སྙིང་ལ་བཅིང་མཚམས། གདན་ས་ཆེན་པོ་བལ་ཡུལ་དཔལ་ལྡན་ཁྲི་བརྟན་ནོ་བུ་རྩེའི་མཁན་རིན་པོ་ཆེ་གཙོའི་དགོན་སྤྱི་ནས་དད་ལྡན་སློབ་ཚོགས་ཀུན་གྱིས་གདུང་མཆོད་དགེ་བསྔོ་དང་ཚོགས་མཆོད་ཅི་ནུས་དགོས་པ་སོགས་གལ་ཆེན་བཀའ་སློབ་ཡོངས་ལ་གནང་བ་བཞིན། དེ་མ་ཐག་ངེད་ཅག་ཐེ་ལེན་ཌྲིའི་ཀུན་སྒྲོལ་བདེ་ཆེན་གླིང་དུ་མ་རྒྱུད་གྲུབ་ཆེན་ཚོགས་མཆོད་ཕུལ་བ་སོགས་ལེགས་འགྲུབ་བཅས་ཀྱི་གདུང་སེམས་ཞུའོ། །
ཐེ་ལེན་ཌྲིའི་ཀུན་སྒྲོལ་བདེ་ཆེན་གླིང་ནས་སྐྱབས་རྗེ་དཔོན་སློབ་ཡོངས་འཛིན་རིན་པོ་ཆེ་ལ་དད་དམ་གྱི་འབྲེལ་བའི་སློབ་བུ་ལྷ་ལྕམ་བསྐལ་བཟང་ཟླ་བ་དང་། རྨེའུ་ཡོན་ཏན་མཐོང་གྲོལ་ཟུང་དང་སློབ་ཚོགས་ཡོངས་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་༢༠༢༥/༠༦/༡༥ཕུལ་བའོ།