ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་སྟོན་འཁོར་རྣམ་པ་ཉེ་ཆར་ཌོར་ཐང་དུ་ཕེབས་པའི་མཛད་འཕྲིན།

 

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་མཆོག་ནས་ཌོར་ཐང་ངམ་ཌོར་པ་ཏྲན་གྱི་གཞིས་ཆགས་འདིའི་སྡེ་དགོན་གྱི་ཤི་གསོན་གཉིས་ཀྱི་ཆེད་དུ་ས་གནས་འདི་རང་དུ་སྦྱིན་བསྲེགས་ཀྱི་ཆོ་ག་རྒྱས་པ་ཞིག་བསྒྲུབ་རྒྱུའི་ཐུགས་འདུན་སྔར་ནས་ཡོད་པ་བཞིན། ད་ལན་ས་གནས་འདིར་སྨན་རི་མཁན་ཆེན་ཤེས་རབ་བློ་གྲོས་རིན་པོ་ཆེ་མཆོག་དང་ཚུལ་ཁྲིམས་ཉི་མ་རིན་པོ་ཆེ་ཟུང་གིས་ཕྱག་བཏབ་གནང་བའི་གདན་ས་བྱིན་ཆེན་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་དགོན་འདིར་སྡེ་དགོན་གཉིས་ཀྱི་ཆེད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་བསྲེགས་ཆ་ཚང་ཞིག་གནང་རྒྱུའི་དགོངས་བཞེས་གནང་སྟེ། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ཉིད་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས། དགེ་བཤེས་བསྟན་འཛིན་བློ་གྲོས། དགེ་བཤེས་སྐལ་བཟང་བློ་གསལ། དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས། དགེ་བཤེས་གཙུག་ཕུད་རབ་གསལ། ཕྲན་ཚུལ་ཁྲིམས་དྲི་མེད་བཅས་ངེད་སྟོན་འཁོར་བཅུ་པོ་ཕྱི་ལོ་༢༠༢༡ ཟླ་བ་ ༠༣ ཚེས་ ༡༤ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ཐོན་ཏེ་བལ་པོའི་རྒྱལ་ས་ཀ་ཐ་མན་གྲུ་ནས་ཌོར་ཐང་ཕྱོགས་སུ་ཆས། ལམ་བར་གྱི་གྲོང་ཁྱེར་པོ་ཁ་རར་འབྱོར་བ་དང་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་དང་། དགེ་བཤེས་སྐལ་བཟང་བློ་གསལ། དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས། དགེ་བཤེས་གཙུག་ཕུད་རབ་གསལ། ཕྲན་དང་བཅས་ངེད་ཚོ་ལྔ་སྦྱིན་སྲེག་གི་གྲ་སྒྲིག་ཆེད་ཕྱི་ཚེས་༡༥ཉིན་སྔ་འབྱོར་བྱས་ཤིང་། 

ཕྱི་ཚེས་༡༦ཉིན་གྱི་སྔ་དྲོར་ངེད་གྲྭ་བཙུན་རྣམས་དང་དགོན་དུ་རྒྱུན་བཞུགས་གནང་མཁན་སྨན་པ་བཀྲ་ཤིས་འབྲུག་གྲགས་ལགས་བཅས་ཀྱིས་དགོན་གྱི་འཚོགས་ཁང་ནང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་སྲེག་བཅའ་བཟོ་དང་མཆོད་པ་བཤམས་བདལ་སོགས་ཀྱི་གྲ་སྒྲིག་བྱས་པ་དང་། དེ་བཞིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་གཙོས་གྲྭ་བཙུན་རྣམས་དང་། གཞིས་ཆགས་ཀྱི་དད་ལྡན་མི་མང་རྣམས་ཀྱང་དགོན་པར་འདུ་འཛོམས་བྱུང་བར་ལྷན་དུ་མཁན་རིན་པོ་ཆེ་སྟོན་འཁོར་རྣམ་པ་ཕེབས་བསུའི་གྲ་སྒྲིག་བྱས། ཉིན་གུང་ཙམ་ལ་རིན་པོ་ཆེ་སྟོན་འཁོར་རྣམས་ཕེབས་འབྱོར་བྱུང་བ་དང་ངེད་གྲྭ་བཙུན་རྣམས་དང་དད་ལྡན་མང་ཚོགས་བཅས་འཚོགས་ཁང་མདུན་ནས་གྲལ་བསྒྲིགས་ཏེ་སྤོས་མེ་དང་དུང་རྒྱའི་རོལ་མོས་སྣ་དྲངས་ཤིང་། དྲི་བཟང་ཤུགས་བསང་གི་དུད་སྤྲིན་གྱིས་བར་སྣང་བཀང་། བཀྲ་ཤིས་ཁ་ཐག་གི་བསུ་མ་ཕྲེང་དུ་བསྟར་ནས་རིན་པོ་ཆེ་རྣམ་པ་འཚོགས་ཁང་དུ་གདན་དྲངས་པ་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་བཞུགས་མཎྜལ་འདེག་འབུལ་དང་བཅས་མི་མང་རྣམས་ནས་མཇལ་ཁ་ཞུས། དེ་ནས་ཕྱི་དྲོ་མུ་མཐུད་དེ་གཞིས་མི་རྣམས་དང་ལྷན་སྦྱིན་བསྲེག་གི་མཆོད་པ་བཤམ་བདལ་ཡོངས་སུ་གྲུབ་པར་བྱས། ཕྱི་ཚེས་༡༧ཉིན་སྐྱབས་རྗེ་མཁན་སློབ་རྣམ་པ་གཉིས་དང་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་དབུ་བཞུགས་ཐོག་བླ་གྲྭ་རྣམས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྦྱིན་སྲེག་གི་ཆོ་ག་དབུ་འཛུག་གནང་བ་དང་། དད་ལྡན་མི་མང་རྣམས་ནས་སྦྱིན་སྲེག་གི་དཀྱིལ་འཁོར་དང་མཆོད་པ་རྣམས་མཇལ་ཞུ་དང་ཕྱག་མཆོད་ལེགས་པར་ཞུས་གྲུབ་རྗེས་འཚོགས་ཁང་གི་མདུན་དུ་དཀྱིལ་འཁོར་བརྩེགས་ཏེ་སྦྱིན་སྲེག་གི་མེ་སྤར་མཛད། མེ་སྤར་གྱི་སྐབས་སུ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་མི་མང་རྣམས་ལ་སྦྱིན་སྲེག་གི་ཕན་ཡོན་དང་དགོས་པ། དེ་བཞིན་སྦྱིན་སྲེག་གི་རིང་སོ་སོའི་ངོས་ནས་ཕྱག་དང་མཆོད་པ་སྐོར་བ་སོགས་གང་ཐུབ་དང་། དགེ་བའི་ཚོགས་ཀྱི་ཀུན་སློང་འཆང་དགོས་ཚུལ་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད་པས། དད་ལྡན་མི་མང་རྣམས་ནས་ཀྱང་དེ་བཞིན་དུ་སྦྱིན་སྲེག་ཉིན་གཉིས་ཀྱི་རིང་ཕྱག་སྐོར་སྒྲིབ་སྦྱོང་དང་མར་མེ་མཆོད་འབུལ་སོགས་བསོད་ནམས་ཚོགས་ཀྱི་དགེ་བའི་ཚོགས་ཅི་འབྱོར་རྒྱུན་ཆད་མེད་པར་གནང་བ་ནི་བླ་མའི་བྱིན་རླབས་དང་འགྲོ་དོན་གནད་དུ་སྨིན་པར་གྱུར། ཕྱི་ཚེས་༡༨ཉིན་མུ་མཐུད་ཀློང་རྒྱས་སྦྱིན་སྲེག་གི་གཞུང་བསྲངས་ཤིང་སྔ་དྲོར་སྦྱིན་སྲེག་གི་མཆོད་པ་རྣམས་ཚར་ནས་དྲི་མཆོད་སྨོན་ལམ་གྱི་བར་སྐབས་སུ་སྔར་བཞིན་མཁན་སློབ་རྣམ་དབུ་བཞུགས་ཐོག་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་ཆོ་གའི་གཞུང་ཚར་གཅིག་གི་སྒོ་ནས་མཆོད་སྦྱིན་གང་ལེགས་གནང་བ་དང་། དེའི་བར་མི་མང་རྣམས་ནས་དགོན་པའི་གཡས་གཡོན་དུ་དར་ལྕོག་དང་རླུང་རྟ་སྒྲོན་འཛུག་གནང་སྟེ་བླ་གྲྭ་དང་མི་མང་ཡོངས་འཚོགས་ཁང་གི་མདུན་དུ་འཛོམས་ཏེ་བསང་མཆོད་རྒྱས་པར་བསྐུལ་གྲུབ་རྗེས་འཚོགས་ཁང་གི་མདུན་དུ་ཕྱེ་མར་མཆོད་ཅིང་ཀི་བསྭོའི་ལྷ་རྒྱལ་འཐེན། དེ་ནས་དྲི་མཆོད་སྨོན་ལམ་སྐབས་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ཚོས་ཕུལ་བའི་འབྲེལ་ཡོད་ཚེ་འདས་རྣམས་ཀྱི་མིང་བྱང་སྒྲོག་སྦྱང་གནང་སྟེ་བླ་གྲྭ་རྣམས་པས་བསྔོ་སྨོན་རྣམ་པར་དག་པས་འཚམ་སྦྱོར་ལེགས་པར་གནང་། དེ་ནས་བླ་གྲྭ་དང་མི་མང་རྣམས་འཚོགས་ཁང་དུ་འཛོམས་ནས་འབྲུ་དང་མེ་ཏོག་མཆོད་དེ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་སྲེག་གི་ཆོ་ག་ཡོངས་སུ་གྲུབ་པའི་མཇུག་བསྡུའི་བཀྲ་ཤིས་གསོལ་རྗེས་གསོ་རིག་འབུམ་བཞི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་ད་ལན་གྱི་ཌྲོར་ཐང་གི་ཡུལ་མིའི་སྡེ་དགོན་གཉིས་དང་ཤི་གསོན་གཉིས་ཀྱི་ཆེད་སྐྱབས་རྗེ་མཁན་རིན་པོ་ཆེའི་དགོངས་བཞེད་ལྟར་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་སྦྱིན་སྲེག་རྒྱས་འབུལ་གྱི་དགེ་སྦྱོར་འདི་དང་འབྲེལ་མཆོད་འབྲེལ་ཞལ་འདེབས་བྱུང་བ་རྣམས་སྒྲོགས་སྦྱང་དང་བསྟུན། ད་ལན་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་རིམ་འདི་ལ་མཉམ་འཛོམས་གནང་སྟེ་མཆོད་འབྲེལ་དང་ཞབས་ཞུ་རོགས་རམས་གནང་མཁན་གྱི་མི་མང་ཡོངས་དང་། ལྷག་པར་དུ་གསོ་རིགས་འབུམ་བཞིའི་སློབ་གྲྭའི་དགེ་སློབ་ལྷན་རྒྱས་ལོ་ལྟར་རེ་བཞིན་དབྱར་དུས་སུ་སྨན་རྩ་ངོས་འཛིན་སོགས་ཀྱི་ཆེད་ས་གནས་འདིར་ཡོང་ནས་ཟླ་བ་གསུམ་ཙམ་རིང་གནས་སྡོད་སྐབས་སུ་ཡུལ་སྡེ་མི་མང་རྣམས་ནས་རོགས་རམ་གནང་དང་གནོང་བཞིན་པ་བཅས་ལ་གོ་སྐབས་འདིའི་རྒྱུད་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་རྗེས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ད་ལན་དམིགས་བསལ་དུ་འདིར་སྦྱིན་བསྲེག་གི་མཆོད་སྦྱིན་འདི་ལྟར་བསྒྲུབ་གནང་བ་འདི་ནི་གཞིས་ཆགས་འདིའི་སྡེ་དགོན་གཉིས་དང་ཤི་གསོན་གཉིས་ཀྱི་ཆེད་དུ་ཡིན་པ་སོགས་ཀྱི་ཁོང་གི་ཐུགས་བཞེད་དང་། ད་ལན་ཞབས་རིམ་འདི་ཁོང་གི་ཐུགས་བཞེད་ཇི་བཞིན་སེར་སྐྱ་མང་ཚོགས་ཀྱིས་སྔོན་དངོས་རྗེས་གསུམ་སྒོ་ཀུན་ནས་ལེགས་པར་བསྒྲུབ་གནང་སོང་བར་བཀའ་དྲིན་ལེགས་གསོལ་དང་འབྲེལ། དེ་བཞིན་མི་མང་རྣམས་ནས་ཀྱང་རྒྱུན་དུ་སེམས་པ་གུ་ཡངས་དང་ཚེ་འདི་ཕྱི་གཉིས་ལ་ཕན་པའི་ཁ་འདོན་དགེ་སྦྱོར་གང་འགྲུབ་དགོས་གལ་ཆེ་བ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ་གནང་མཛད་པ་མ་ཟད། མ་འོངས་པར་དགོན་འདིར་སྡེ་དགོན་གཉིས་ཀྱི་ཆེད་སྤྱི་ཡི་རིམ་གྲོ་སྔར་སྲོལ་གང་ཡོད་མ་ཆགས་པར་གནང་རྒྱུའི་ནན་བསྐུལ་དང་། དེའི་ཆེད་གཞིས་མི་བསོད་ནམས་འཕྲིན་ལས་དང་། བསོད་ནམ་གྲགས་པ། བསོད་ནམས་བསྟན་འཛིན་གསུམ་མཁན་རིན་པོ་ཆེ་རང་ནས་འདིར་ཞབས་རིམ་གྱི་འགན་འཁུར་མཁན་དུ་བསྐོ་བཞག་གནང་སྟེ་ད་ལན་སྦྱིན་སྲེག་རྒྱས་འབུལ་འདི་དང་འབྲེལ་མཆོད་འབྲེལ་ཞལ་འདེབས་བྱུང་བ་ཁྱོན་བསྡོམས་བལ་སྒོར་༡༥༢༡༠༠བྱུང་འདུག་པ་རྣམས་འགྲོ་གྲོན་ཆེད་དུ་བསྟན་རྩ་རུ་བསྩལ་གནང་མཛད་པས་མི་མང་རྣམས་དགའ་དད་སྤྲོ་གསུམ་གྱིས་ཁེངས་པ་བྱུང་། དེ་ལྟར་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་སྲེག་དང་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་ཆོ་གའི་མཆོད་སྦྱིན་གྱི་མཇུག་ཡོངས་སུ་གྲུབ་རྗེས་ཕྱི་དྲོར་དགོན་པའི་གཤམ་དུ་སྡེ་དགོན་གཉིས་དང་ཡུལ་ལུང་འདིའི་བར་ཆེད་རྐྱེན་ཟློག་ཆེད་མཆོད་རྟེན་ཞིག་བཞེངས་རྒྱུའི་ཐུགས་འདུན་སྔར་ནས་ཡོད་པ་བཞིན། ད་ལན་འདིར་དངོས་སུ་ཕེབས་པ་དང་བསྟུན་མཆོད་རྟེན་བཞེང་སའི་ས་གནས་གཟིགས་ཞིབ་དང་གཏན་འཁེལ་གནང་། དགོང་མོར་ཕྱི་ལོག་ཏུ་བསུར་མཆོད་དང་ལུས་སྦྱིན་མཁའ་འགྲོ་གད་རྒྱངས་ཀྱི་གཅོད་གསུང་གནང་བ་དང་མཁན་རིན་པོ་ཆེ་མཆོག་ནས་མི་མང་རྣམས་ལ་བསུར་མཆོད་གྱི་ཕན་ཡོན་དང་བསུར་མཆོད་བྱ་ཚུལ་བཅས་ངོ་སྤྲོད་དང་བཀའ་སློབ་བསྩལ་གནང་བཅས་མཛད། སྤྱིར་ན་རིན་པོ་ཆེ་རྣམ་པ་འདིར་བཞུགས་རིང་ཉིན་ལྟར་ཞོགས་པར་བསང་མཆོད་དང་དགོངས་མོ་བསུར་དང་ལུས་སྦྱིན་བཅས་ཆགས་མེད་དུ་གནང་མཛད་དེ་སྲིད་ཞི་ཡོན་ཏན་ལན་ཆགས་ཀྱི་མགྲོན་རྣམས་མཉེས་ཤིས་ཚིམ་པར་མཛད། ཕྱི་ཚེས་༡༩ཉིན་ཞོགས་ཇ་གྲུབ་རྗེས་མི་མང་རྣམས་ནས་ཆིབས་རྟ་གྲ་སྒྲིག་གནང་སྟེ་མཁན་སློབ་རྣམ་པ་གཙོས་བླ་གྲྭ་ཡོངས་ཌོར་ཐང་གི་གཞིས་སར་གཟིགས་སྐོར་དུ་ཕེབས་བསུ་ཞུས་པ་དང་། ཆུ་ཚོད་གཉིས་ཙམ་རིང་ཆིབས་རྟར་ཞོན་ཏེ་ལུང་པའི་སྨད་གནམ་ཐང་བར་དུ་ཕེབས། དེ་ནས་ཡར་ཞབས་ཐང་དུ་གཞིས་ཆགས་འོག་མ་ཁང་པ་བཅུ་གསུམ་དང་། བར་པ་ཁང་པ་བཞི་པ། གོང་མ་ཁང་པ་བརྒྱད་པར་བཅས་ནས་རིམ་པར་ཕེབས་པ་དང་། གཞིས་ཆགས་དེ་དག་ནང་དུ་ཡོད་པའི་དད་ལྡན་ཡུལ་སྡེ་རྣམས་ནས་ཀྱང་བསང་དུད་ཀྱིས་བསུ་མ་དང་བཅས་བླ་གྲྭ་རྣམས་ཁྱིམ་ཕེབས་གདན་འདྲེན་ཞུས་ཤིང་། སྐྱབས་རྗེ་མཁན་རིན་པོ་ཆེ་དང་། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་རྣམ་པ་གཉིས་ནས་དུད་ཚང་དེ་དག་གིས་རེ་ཞུས་ལྟར་དུ་ཁྱིམ་ཕེབས་རབ་གནས་སོགས་གནང་། དེ་ལྟར་ད་ལན་ཕྲན་རང་ཉིད་ཀྱང་མཁན་སློབ་རྣམ་པ་གཙོས་སྟོན་འཁོར་དང་ལྷན་ཞབས་རིམ་གྱི་ཞོར་དུ་ས་གནས་འདིར་གནས་མཇལ་དང་ཡུལ་སྐོར་ཚུལ་དུ་འགྲོ་རྒྱུའི་གོ་སྐབས་བྱུང་བས། ཌོར་པ་ཏྲན་བོད་ཀྱི་གཞིས་ཆགས་འདི་ནི་༡༩༦༣ལོར་བཙུགས་པའི་བོད་པའི་གཞིས་ཆགས་ཆེས་སྔ་ཤོས་ཡིན་པར་མ་ཟད། སྐབས་དེར་ཕྱི་ནང་གི་མཐུན་རྐྱེན་སོགས་གང་ཐད་ནས་ཆ་རྐྱེན་ཕུན་སུམ་ཚོགས་ཤིང་། བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་དགོན་འདི་ནི་སྐབས་དེ་དུས་ཙམ་ནས་སྨན་རིའི་མཁན་ཆེན་ཤེས་རབ་བློ་གྲོས་དང་ཁྱུང་བླ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེ་རྣམ་པས་ཕྱག་བཏབ་པའི་གདན་ས་ཤིན་ཏུ་རྩ་ཆེ་བ་སོགས་ཐོས་མྱོང་བ་བཞིན་ད་ལན་འདིར་དངོས་སུ་འབྱོར་སྐབས་སུ་གཞིས་ས་སྟོད་སྨར་བར་གྱི་ས་ཁྱོན། དགོན་གནས་དང་སློབ་གྲྭའི་ཤུལ་སོགས་སྐབས་དེའི་འབྲེལ་ཡོད་ལས་བྱེད་དང་འགན་འཁུར་གནང་མཁན་རྣམས་པའི་རླབས་ཆེན་གྱི་མཛད་འཕྲིན་ཇི་ཙམ་བསྐྱངས་གནང་བའི་ཞབས་རྗེས་ཁྲ་ལམ་མེར་ལྷག་འདུག་པ་དང་། ཕྱིས་སུ་ཕྱི་ནང་གི་འགལ་རྐྱེན་མང་པོའི་འོག་ད་སྐབས་གཞིས་ཆགས་ནང་གྲོང་སྡེ་ཉུང་ཤས་ཙམ་ལས་ཕལ་ཆེ་བ་བདག་མེད་ཀྱི་ཁང་ཞིག་ཏུ་གྱུར་པའི་གཞིས་ས་ཆེན་མོ་འདི་མཐོང་དུས་སྔ་མའི་མཛད་རྗེས་དང་ཕྱིས་ཀྱི་ཉམས་གུད་གཉིས་ཀྱི་བར་ནས་སེམས་ལ་དགའ་སྐྱོ་འཁྲུག་པའི་ཚོར་བ་ཤུགས་དྲག་ཅིག་ངང་གིས་སྐྱེས་སོང་། དེ་ལྟར་ཉིན་འདིའི་གཟིགས་སྐོར་ཡོངས་སུ་གྲུབ་སྟེ་ཕྱི་དྲོ་ཙམ་ལ་ངེད་སྟོན་འཁོར་རྣམས་ཡར་དགོན་དུ་ཕེབས་འབྱོར་བྱུང་། ཕྱི་ཚེས་༢༠ཉིན་ཌོར་པ་ཏྲན་དུ་གནས་པའི་ཡུལ་མི་རྒན་པ་བལ་པོ་བ་བིཥྞུ༔་པ་དམ་ལགས་ཀྱིས་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་དགོན་པའི་ཉེ་འཁོར་དུ་གཡས་གཡོན་གྱི་ཡུལ་སྡེ་ཉམས་ཐག་རྣམས་ཀྱི་ཆེད་སྒེར་ངོས་ནས་གསར་འཛུག་བྱས་པའི་སློབ་གྲྭར་གདན་ཞུས་ལྟར་བླ་གྲྭ་རྣམས་ཕེབས་ནས་དེར་བིཥྞུ༔པ་དམ་གཙོས་དགེ་རྒན་དང་སློབ་ཕྲུག་ཡུལ་མི་བརྒྱ་མ་ཟིན་ཙམ་གྱིས་སློབ་གྲྭའི་མདུན་ནས་གྲལ་བསྒྲིགས་ཏེ་ལུང་པའི་ལུགས་སྲོལ་ལྟར་མེ་ཏོག་དང་ཤུག་ལོ་གཏོར་བཞིན་དགའ་བསུའི་ཐལ་སྒྲ་དང་བཅས་ཏེ་ཕེབས་བསུ་བྱས། བླ་གྲྭ་རྣམས་ནས་སློབ་གྲྭའི་སྒོ་ཁར་སྨོན་ལམ་དབྱངས་སུ་གྱེར་ཏེ་སྐྱབས་རྗེ་མཁན་རིན་པོ་ཆེ་དང་སློབ་དཔོན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་སློབ་ཁང་གསར་པ་དབུ་འབྱེད་གནང་། དེ་ནས་བིཥྞུཿཔ་དམ་ལགས་ཀྱིས་སློབ་ཆུང་འདི་གསར་འཛུག་དགོས་པའི་རྒྱུ་མཚན་དང་དེ་སྔོན་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སློབ་གྲྭ་འདིའི་ཆེད་དུ་རོགས་དངུལ་གནང་བ་སོགས་ཀྱི་བཀའ་དྲིན་ཆེ་ཚུལ་རྣམས་མི་མང་ལ་གསལ་བཤད་བྱས་པར་དེར་འདུས་མི་མང་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་དང་བཀའ་དྲིན་ཆེ་ཞུ་མཚོན་པར་བྱས། དེ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་མི་མང་རྣམས་ལ་བལ་སྐད་ཐོག་ནས་གསུང་བཤད་གནང་བ་མ་ཟད་སླར་ཡང་སློབ་གྲྭའི་ཆེད་རོགས་དངུལ་གནང་བར་མི་མང་རྣམ་པས་སར་ཡང་བཀའ་དྲིན་ཆེ་ཞུའི་དགའ་བསུའི་ཐལ་མོ་བྱས། དེ་ནས་ཆུ་ཚོད་༡༢མ་ཟིན་ཙམ་ལ་མཛད་སྒོ་གྲུབ་ནས་བིཥྞུ༔པ་དམ་ལགས་ཀྱིས་ཉིན་གུང་ཞལ་ལག་གདན་ཞུས་ལྟར་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཕྱི་ལོ་༢༠༢༡ ༣ ༢༣ཉིན་སྐྱ་ཀ་ཁྲ་བོས་བཀོད་པའོ། །

པར་པ་དགེ་བཤེས་བསྟན་འཛིན་བློ་གྲོས།

(སྤྱིའི་གཟིགས་གྲངས། 1,362 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།