ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་མཇུག་གྲུབ་པའི་གནས་བསྡུས།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་མཇུག་གྲུབ་པའི་གནས་བསྡུས། 

གསང་གསུམ་བོན་གྱི་མཛོད་འཛིན་སྨྲ་དབང་༸ཡོངས་འཛིན་བླ་མས་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྡེ་ཕྱག་བཏབ་སྟེ་བཤད་སྒྲུབ་འདུས་སྡེ་གསར་དུ་དབུ་བརྙེས་པ་ནས་བཟུང་། ད་བར་ཧི་མ་ལ་ཡའི་རི་རྒྱུད་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ཐོས་བསམ་འཆད་ཉན་གྱི་བཀའ་དྲིན་བསྩལ་གནང་མཛད་པར་བརྟེན། མཚན་དོན་མཚུངས་པའི་དགེ་བའི་བཤེས་གཉེན་དང་གཤེན་གྱི་རྣལ་འབྱོར་པ་ཇི་སྙེད་ཅིག་བསྐྱེད་བསྲིང་བྱུང་སྟེ། བསྟན་འགྲོར་ཕན་བདེའི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་། འདི་ལོར་ཡང་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༠ ཉིན་དངོས་སུ་དབུ་འཛུགས་གནང་སྟེ། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག གནད་ཡོད་སྐུ་མགྲོན་རྣམ་པ་དང་ས་གནས་ཀྱི་ལྷ་སྡེ་མི་མང་ལྷན་འཛོམས་ཐོག བཀའ་རམས་པ་བབ་གཟི་དྲང་སྲོང་སྦྱིན་པ་མཆོག་སྒྲུབ་རྒྱལ་མཚན། བཀའ་རམས་པ་ར་སངས་དྲང་སྲོང་ཚུལ་ཁྲིམས་བློ་གྲོས་ཐོག་མེད་རྒྱ་མཚོ། བཀའ་རམས་པ་མགོན་ཤུལ་དྲང་སྲོང་བསམ་གཏན་གཡུང་དྲུང་རྒྱལ་མཚན། བཀའ་རམས་པ་ར་ནག་དྲང་སྲོང་ཤེས་རབ་གཡུང་ཉི་མ། བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། བཀའ་རམས་པ་རྒྱ་སྟོད་དྲང་སྲོང་དགེ་ལེགས་ཡོན་ཏན་དཔལ་འབྱོར། བཀའ་རམས་པ་རྨ་རི་དྲང་སྲོང་ཡེ་ཤེས་རྒྱ་མཚོ་མཐའ་ཡས། བཀའ་རམས་པ་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན། བཀའ་རམས་པ་སྨན་པ་དྲང་སྲོང་འོད་ཟེར་མི་ནུབ་རྒྱལ་མཚན། བཀའ་རམས་པ་སྟག་ཚ་དྲང་སྲོང་ལུང་རྟོགས་རྒྱ་མཚོ། བཀའ་རམས་པ་ཁུ་དགུའི་དྲང་སྲོང་བློ་གྲོས་འོད་གསལ་རྒྱལ་མཚན། བཀའ་རམས་པ་སྒར་གཞི་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་མཆོག་རྒྱལ། བཀའ་རམས་པ་ཁུ་དགུའི་དྲང་སྲོང་ཤེས་རབ་གཙུག་ཕུད་མཆོག་རྒྱལ། བཀའ་རམས་པ་དྲེ་བོ་དྲང་སྲོང་སྐལ་བཟང་གཡུང་དྲུང་བློ་གསལ། བཀའ་རམས་པ་མེ་སྟོན་དྲང་སྲོང་ལུང་རྟོགས་ཀུན་གསལ་ཉི་མ་བཅས་བཀའ་རམས་པ་རྣམ་པས་ཉིན་ལྔའི་རིང་སྔོན་འགྲོའི་བཤད་པ་ཕུལ་ཏེ་དགེ་བཤེས་གཏོང་སྒོ་ཆེན་མོ་བཏང་བ་དང་། ༢༠༡༩ ཟླ་བ་ ༠༢ ཚེས་ ༡༦ ནས་བཟུང་ཉིན་བཞི་ཡི་རིང་ལ་དངོས་གཞིའི་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བརྒལ་རྟགས་རིགས་པའི་རྩོད་གླེང་བྱས། ༢༠༡༩ ཟླ་བ་ ༠༢ ཚེས་ ༢༠ ཉིན་བཀྲ་ཤིས་ཀྱི་མཛད་སྒོ་དང་འབྲེལ། ཞོགས་པ་ཆུ་ཚོད་ ༠༩ པ་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུས་པའི་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ནས་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ། བོན་གྱི་སྤྱི་འཐུས་སྐུ་ངོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་རྣམ་པ་མཉམ་འཛོམས་ཐོག་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུས་རྗེས་བཀྲ་ཤིས་དམ་བཅའ་བཞུགས། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་ཆེན་མོ་བཏང་བ་དང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་དང་སྐྱ་སེར་མི་དམངས་ཡོངས་ལ་གསོལ་ཇ་འདེགས་འབུལ་ཞུས། བཀའ་རམས་པ་རྣམས་ལ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་དགེ་བཤེས་ཀྱི་མཚན་རྟགས་སྩལ་གནང་མཛད་རྗེས་བཀའ་རམས་པ་རྣམས་ཀྱིས་མཆོད་ཚིག་གསུངས། དེ་མཚམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་བ་དང་། ཆོས་རིག་ལས་ཁུང་གི་སྐུ་ཚབ་ཀྱིས་དགེ་བཤེས་རྣམས་ལ་མཇལ་དར་ཕུལ་ནས་དགེ་བཤེས་རྣམ་པས་ཚིག་བཀྲ་གསུངས་ཤིང་འབྲུ་དང་མེ་ཏོག་གིས་ཁྱབ་པར་མཛད། དེ་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་རྗེས་གཙུག་ལག་ཁང་གི་མདུན་དུ་མི་མང་ལ་ཁྲུས་བྱས་ཏེ་བདུད་བཟློག་སྨོན་ལམ་གསུངས་པ་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་ “བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་” ཞེས་འགག་མེད་ཚངས་པའི་དབྱངས་ཀྱིས་རྟེན་འབྲེལ་ཤིས་ཚིག་གིས་སྣ་དྲངས་ཏེ་འདུས་མང་ཡོངས་ཀྱི་སྐལ་བཟང་ཤིས་སྨོན་འུར་འུར་སྒྲོག་བཞིན་དགེ་བཤེས་རྣམ་པ་མཇལ་ཁ་ཞུས་ནས་ཕན་ཐོགས་ཕུལ་ཏེ་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས། ༢༠༡༩ ཟླ་ ༠༢ ཚེས་ ༢༠ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 1,505 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།