ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞང་ཚུལ་མིའི་དཔེ་དེབ་འགྲེམས་བརྡ། ལོ་རྒྱུས།

འགོ་བརྗོད།

མཁས་དབང་ཐུབ་བསྟན་ཕུན་ཚོགས།

བོད་མི་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་གནའ་བོའི་དུས་ནས་རིག་གནས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་མྱོང་བའི་མི་རིགས་ཤིག་རེད། དེ་ལས་གསོ་བ་རིག་པའི་ཡིག་ཚང་ནི་ལོ་ངོ་སྟོང་ཕྲག་བཞི་ལ་ཉེ་བའི་ལོ་རྒྱུས་ཡོད་པ་ཞིག་རེད། ད་ལན་བོད་ཀྱི་གཞོན་སྐྱེས་ལོ་རྒྱུས་སྨྲ་བ་ཞང་ཞུང་ཚུལ་ཁྲིམས་རབ་བརྟན་གྱིས་<<ཞང་བོད་གསོ་བ་རིག་པའི་ལོ་རྒྱུས་ཏི་སེའི་མགུལ་རྒྱན>>ཞེས་པ་འདི་འབྲི་གནང་ཡོད་པ་ནི་བོད་རིགས་ལྷ་རྗེ་རྣམས་ལ་བོད་ཀྱི་གསོ་རིག་གི་འབྱུང་ཁུངས་སྟོན་པའི་སྒྲོན་མེ་ཞིག་ཡིན་པ་མ་ཟད། རྒྱལ་ཕྱི་ནང་གི་བོད་ཀྱི་གནའ་བོའི་ཤེས་རིག་གི་དཔལ་ཡོན་ལ་ཞིབ་འཇུག་བྱེད་མཁན་རྣམས་ལའང་ལམ་སྟོན་གྱི་དཔེ་དེབ་ཞིག་ཆགས་ཡོད་འདུག  །

  བོད་རིགས་ནི་གནའ་བོའི་མི་རིགས་རྙིང་པ་ཞིག་ཡིན་སྟབས་རིག་གནས་ཀྱི་ལོ་རྒྱུས་ནང་དུ་ལྷ་སྒྲུང་གི་རིགས་གང་འཚམས་ཤིག་འདྲེས་ཡོད་ནའང་དཔལ་ཡོན་ལྡན་པའི་རིག་གཞུང་རྙིང་པ་དེ་དག་གི་འཕེལ་རིམ་ཁྲོད་དུ་ཚན་རིག་གི་རང་བཞིན་ལྡན་པའི་ལོ་རྒྱུས་མང་པོ་ཞིག་འཁོད་ཡོད་པའང་བཤད་མ་དགོས་པ་རེད།  ལོ་རྒྱུས་ཞིབ་འཇུག་གི་རྩ་བའི་མཛུབ་སྟོན་གྱི་ལམ་ཕྱོགས་དེ་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་ལ་གཞི་འཛིན་དགོས་པ་དང་། ཞིབ་འཇུག་གི་རྩ་བའི་བདེན་དཔང་ནི་ཡིག་ཚང་གི་བདེན་དཔང་དང་། རིག་དངོས་ཀྱི་བདེན་དཔང་གཉིས་ཡིན། མི་རིགས་གང་དེའི་རིག་གནས་ཀྱི་འབྱུང་ཁུངས་ལ་དཔྱད་པའི་ཚེ་འགྲོ་བ་མི་རིགས་རིག་པའི་(Cultural Anthropology)ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས། ད་ལྟའི་མི་དམངས་ཀྱི་འཚོ་བའི་ཡོ་བྱད་དང་། ཁོ་ཚོའི་མེས་པོའི་ངག་རྒྱུན་རྣམས་འཚོལ་ཞིབ་དང་བསྡུ་རུག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དཔེར་ན། གནའ་བོའི་གསོ་རིག་གི་བྱུང་ཁུངས་ཞིབ་འཇུག་བྱེད་པའི་སྐབས་སུ། ངག་རྒྱུན་བཤད་སྲོལ་གྱི་གསོ་རིག་དང་། ལྷ་སྒྲུང་དང་འདྲེས་པའི་གསོ་རིག  །ཆོས་ལུགས་ཀྱི་ལྟ་བ་དང་འདྲེས་པའི་གསོ་རིག ། རང་རང་ཉམས་མྱོང་གི་གསོ་རིག ། ཚན་རིག་གི་རྨང་གཞི་ཅན་གྱི་གསོ་རིག་བཅས་ཀྱི་འཕེལ་རིམ་དེ་དག་ཡག་ཧ་གོ་བར་བྱ་དགོས།

ཞང་ཞུང་ཚུལ་ཁྲིམས་རབ་བརྩན་གྱིས་གསོ་རིག་ལོ་རྒྱུས་ཞིབ་འཇུག་བྱེད་པའི་སྐབ་སུ་ཞིབ་འཇུག་གི་ཐབས་ལམ་དེ་དེང་རབས་ཅན་དང་འབྲེལ་བ། ལྟ་བ་དངོས་གཙོ་སྨྲ་བ་དང་འབྲེལ་བ། སྒྲོམ་གཞི་ལོ་རྒྱུས་འཕེལ་རིམ་དང་མཐུན་པ་སོགས་རིན་ཐང་ལྡན་པའི་ཁྱད་ཆོས་མང་པོ་ཡོད་པ་ཞིག་རེད། བོད་ཀྱི་གནའ་བོའི་རིག་གནས་ཀྱི་འབྱུང་ཁུངས་ནི་གངས་ཏི་སིའི་ཞོལ། མཚོ་མ་ཕམ་པའི་འགྲམ།   ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེང་དུས་མངའ་རིས་ཀྱི་ཡུལ་འདི་ཡིན་ཞིང་། བོད་ཀྱི་གསོ་རིག་དེ་ཞང་ཞུང་ནས་བོད་ཁམས་ཡོངས་ལ་དར་ཁྱབ་བྱུང་བའི་གོ་རིམ་དང་། ལྷ་སྒྲུང་ནས་ལོ་རྒྱུས་འཕེལ་བའི་གོ་རིམ། ཆོས་ལུགས་དང་རིག་གཞུང་འབྲེལ་བའི་གོ་རིམ། གནའ་རབས་ནས་དེང་རབས་བར་གྱི་གསོ་རིག་ལག་ལེན་བྱེད་མཁན་གྱི་མི་སྣ་བཅས་ཆ་ཡོངས་སུ་ཚང་བའི་གསོ་རིག་ལོ་རྒྱུས་ཞིབ་འཇུག་གི་རྨང་གཞི་ལེགས་པོ་ཞིག་བཏིང་འདུག།།

ཅེས་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས།  སྤྱི་ལོ་༢༠༢༣ལོའི་ཟླ་བ་༡༡པའི་ཚེས་༢༠ཉིན།

(སྤྱིའི་གཟིགས་གྲངས། 130 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།