ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཞང་ཚུལ་མིའི་དཔེ་དེབ་འགྲེམས་བརྡ། གཞུང་ལུགས།

དཔེ་སྐྲུན་སྔོན་གླེང་།

དཔྱོད་ཤེས་ཀྱི་བློ་གྲོས་ཆེ་ཆུང་ལ་མ་ལྟོས་པར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བསམ་བློ་ནི་ཐ་ན་འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱི་སེམས་ཅན་ཀུན་ལ་གཅིག་མཚུངས་སུ་ཡོད་པ་དང་། རྣམ་དཔྱོད་ཆེ་ཆུང་གི་དབང་གིས་བདེ་བ་ངོས་འཛིན་སྟངས་ལའང་མི་འདྲ་བ་སྣ་ཚོགས་མཆིས་ཀྱང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རང་གཞན་གྱི་བདེ་སྐྱིད་སྒྲུབ་པའི་རྒྱུ་ངོ་མ་དེ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་འཛིན་སྐྱོང་སྤེལ་བ་ནི་འཛམ་གླིང་ཞི་བདེ་དང་། འགྲོ་བའི་བདེ་སྐྱིད་སྐྲུན་པའི་ཐབས་ལམ་རྨད་བྱུང་དུ་ཆགས་ཡོད།དེ་ཡང་གང་ཟག་གི་སེམས་རྒྱུད་ལ་སངས་རྒྱས་བསྟན་པ་རིན་པོ་ཆེ་འཕེལ་བ་དང་སྨིན་ནས་སྡུག་བསྔལ་ཉོན་མོངས་ལས་གྲོལ་དགོས། བསྟན་པ་འགྲོ་བའི་རྒྱུད་ལ་འཕོ་བའི་ལམ་ཁ་ནི་ཐོས་བསམ་སྒོམ་པ་ཡིན་ཡང་། འཆད་རྩོད་རྩོམ་པའི་སོ་ནམས་བཟང་པོ་མེད་ན་ཐོས་བསམ་སྒོམ་པའི་ལོ་ཏོག་ཚད་ལྡན་སྨིན་དཀའ་བ་ཡིན་པས་མདོ་སྔགས་རྫོགས་གསུམ་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་པའི་བྱ་བ་ལས་ཀྱི་འཁོར་ལོ་ནི་བསྟན་པའི་རྨང་གཞི་དང་ཚེ་སྲོག་ཏུ་གྱུར་ཅིང་། དགོན་སྡེ་དང་རི་ཁྲོད་བཅས་ལ་བསྟན་པ་ཚད་ལྡན་ཡོད་མེད་ཀྱང་འདི་ཉིད་ཡོད་མེད་ལ་རགས་ལས་ཡོད། དེ་ལས་འཆད་པ་ལ་བརྟེན་ནས་ཚད་ལྡན་རྩོད་པའི་བགྲོ་གླེང་འབྱུང་བ་དང་། རྩོད་པའི་སྒྲོ་འདོགས་ཆོད་པ་ལས་རྩོམ་པའི་ལེགས་བཤད་འཁྲུངས་པས་རྩོམ་པ་རྗེས་སུ་འཇོག་པ་ནི་འཆད་རྩོད་གཉིས་ལས་ཀྱང་གལ་ཆེ་བ་གསུང་སྲོལ་ཡོད། སྤྱིར་བཏང་སོ་སྐྱེས་བྲིས་པའི་རྩོམ་ཡིག་ཅིག་ཡིན་ཕྱིན་ཆད་སྐྱོན་རྩ་བ་ནས་མེད་པ་མི་སྲིད་ལ། དགེ་མཚན་ཡང་མེད་མི་སྲིད་པས་སྐྱོན་ལ་སྐྲག་སྟེ་རྩོམ་ཡིག་མི་འབྲི་བ་ནི་རང་གི་རིག་རྩལ་ཡར་རྒྱས་འགྲོ་བའི་འགག་རྡོ་ཆེ་ཤོས་ཤིག་ཡིན། རྩོམ་ཡིག་འབྲི་བ་ལ་ཡོན་ཏན་མང་པོ་འཆད་དུ་ཡོད་པ་ལས་དོན་རྡོག་རྡོག་བྱས་ཏེ་བཤད་ན། རྩོམ་འབྲིའི་གོམ་པ་རེ་རེ་སྤོས་ན་རང་གི་རྣམ་དཔྱོད་ཡར་རྒྱས་ཀྱི་ཕྱོགས་སུ་འདོམས་པ་གང་རེ་སྤར་བཞིན་ཡོད་པ་དང་། དེ་དང་ལྷན་དུ་རིགས་པའི་གཞུང་ལུགས་ལ་རྒྱུས་དང་མཐོང་རྒྱ་ཆེ་རུ་འགྲོ་བ་དང་། ཤེས་ཡོན་གྱི་ཉམས་མྱོང་ཆེ་རུ་འགྲོ་བ། རིག་གནས་ཡོན་ཏན་ལ་དགའ་ཞེན་དང་དཔྱོད་ཤེས་ཀྱི་སྤོབས་པ་འཕེལ་བ་སོགས་ཀྱི་དགེ་མཚན་ཧ་ཅང་གི་མང་ངོ་།། ད་ལན་གདན་ས་འདིའི་སློབ་གཉེར་བ་བཀའ་རམས་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་<<ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་སྔགས་འགྲེལ་གཤེན་རབ་དགོངས་རྒྱན་>>ཞེས་པ་དང་། <<ཐེག་པ་ཆེན་པོ་དབུ་བདེན་གཉིས་ཀྱི་འགྲེལ་བ་མེ་སྟོན་དགོངས་རྒྱན།>> ཞེས་པ་དང་། འཆད་རྒྱུགས་བགྲོ་གླེང་གི་སྐོར་བཅས་གཞུང་ལུགས་ཀྱི་སྐོར་ནས་རྩོམ་ཡིག་སྡེ་ཚན་གསུམ་ཙམ་བྲིས་འདུག་པར་རྗེས་སུ་ཡིད་རངས་ཞུ། རྩོམ་ཡིག་རྣམས་ལ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཐུན་མིན་གྱི་ཁྱད་བོན་མང་པོ་ཡོད་པ་རེ་རེ་བཞིན་འདིར་གླེང་མི་ཐུབ་པས་ཚིག་གྲུབ་གཉིས་གསུམ་ཙམ་གྱི་ནང་དུ་སྤྱི་བཤད་ཙམ་བྱས་ན། དཀའ་ས་ནས་བསྡུས་ཤིང་སླ་ས་ནས་རྒྱས་བཤད་བྱས་པ་དེ་འདྲ་མིན་པར་དཀའ་གནད་ཡོད་ཚད་ལ་བློ་གཟུ་བོར་གནས་པའི་ཐོག་ནས་འགྲེལ་བཤད་གནང་བ་དང་། འགྲེལ་བཤད་བྱེད་ཚུལ་གྱི་ཁ་ཕྱོགས་སམ་དམ་ཚིག་ནི་གཙོ་བོ་རིགས་ལམ་གྱི་ཚད་ཐིག་དཔང་དུ་བཟུང་སྟེ་གནས་ལུགས་ཀྱི་སྒང་དུ་བསྒྲིལ་འདུག་པར་དགེ་མཚན་དུ་མཐོང་། བསྟན་བཅོས་འཆད་སྟངས་སམ་འགྲེལ་སྟངས་ཀྱི་མན་ངག་ལ། འབྲེལ་སྦྱོར་ངང་མོའི་འགྲོས་དང་འདྲ་སྟེ་བར་མ་ཆད། ཅེས་དང་། འབྲུ་གཞོམས་དུས་ཀྱི་འབྲུག་ཆར་འདྲ་སྟེ་བར་མི་འཆོར།། ཞེས་གསུངས་པ་ལྟར་འགོ་ནས་མཇུག་བར་དུ་ཚིག་གི་འགྲེལ་བཤད་སྙོམས་པོ་དང་གསལ་པོ་བརྒྱབས་འདུག་པ་དང་། ལྷག་པར་མཚན་མཚོན་དང་རྟགས་ཁྱབ་གསལ་བའི་སྤྲོས་པ་མེད་པར་གཙོ་བོ་འགྲེལ་བཤད་རང་གི་ཐོག་ནས་དོན་གནད་གོ་སླ་པོར་བཤད་པ་འདི་རྣམས་དམིགས་བསལ་ལས་དང་པོ་བ་དང་མཚན་ཉིད་རིགས་ལམ་ལ་ཆ་རྒྱུས་མེད་པའི་སྔགས་དང་དབུ་མར་ཤེས་འདོད་ཅན་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད་འདུག། གཞན་ཡང་ལོ་གསུམ་རིང་གསང་སྔགས་ཆེད་སྦྱོང་བྱེད་སྐབས་འཆད་རྒྱུགས་ཀྱི་བརྗོད་གཞི་རྣམས་ལ་གནས་སྐབས་སུ་འགྲེལ་བཤད་བྱས་རྗེས་ཟིན་ཐོ་ཙམ་ཡང་ཉར་མ་ཐུབ་པ་བྱ་བྲུན་དོར་བ་ནང་བཞིན་བརྗེད་ངས་ཀྱི་ཀློང་ལ་སྣང་མེད་དུ་གཡུགས་བཞག་པ་དེ་འདྲ་མ་ཡིན་པར་བརྗོད་གཞི་མི་འདྲ་བ་བཅོ་བརྒྱད་ཡོད་པ་ཚང་མ་ལ་འགྲེལ་བཤད་ཁ་གསལ་རེ་བྲིས་ཏེ། ད་ལན་སྔགས་འགྲེལ་འདིའི་གཤམ་དུ་བཀོད་འདུག་པ་འདི་ནི་ཤེས་ཡོན་ལ་དོན་གཉེར་བྱེད་སྟངས་བཟང་པོ་ཞིག་དང་། འདི་ཡི་ནང་དུ་གནད་དོན་མང་པོའི་སྐོར་ལ་བསེད་བཀྲོལ་བྱས་པ་རྣམས་ཀྱིས་ཀློག་པ་པོར་བློ་བསྐྱེད་སྟེར་བར་ངེས། གང་ལྟར་ལོ་མང་རིང་སློབ་གླིང་འགྲིམས་ཤིང་། སྡུག་དཀའ་ལས་བརྒྱབས་པའི་ཁྲོད་ནས་གཅིག་གཅིག་ལ་སྦྱངས། གཉིས་གཉིས་ཤེས་ཞེས་མང་པོ་སྦྱངས་རབས་དང་བྱས་རབས་ཀྱི་སྨྲང་རིང་པོ་བཤད་བསྡད་པ་ལྟ་བུ་མ་ཡིན་པར། སྦྱངས་པའི་འབྲས་བུ་བཟང་པོ་ཀུན་གྱི་མིག་ལམ་དུ་བཤམས་འདུག་པ་འདི་ཉིད་སློབ་ཐོན་པ་དང་སློབ་གཉེར་བ་གཞན་ཚོས་ཀྱང་མིག་དཔེ་བལྟ་ཡུལ་དུ་ཆགས་འདུག་ཅེས་སྔོན་གླེང་གཏམ་ཐུང་གི་མཇུག་བསྡུས་སོ།། །།

༢༠༢༣།༡༢།༢༥ཉིན་ཚངས་པ་བསྟན་འཛིན་གྱིས།

(སྤྱིའི་གཟིགས་གྲངས། 115 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འགོ་བརྗོད།…
error: རྩོམ་འདི་བདག་དབང་ཅན་ཡིན།