ང་ཡི་ཁྱུང་ཆེན། གང་དུའང་ཕེབས་མི་སྲིད།
རྩོམ་པ་པོ། བློ་བཟང་བརྩོན་འགྲུས།
གདུང་རྒྱུད་ལྷ་ཡིན།
རུས་པ་གསེར་ཡིན།
གཤོག་པ་རླུང་ཡིན།
ནམ་འཕང་སྔར་ནས་བཅད་ཟིན་པས།
འགྱུར་མེད་ཀྱི་བྲག་ཐེམ་སྟེང་དུ་སྔར་བཞིན་འབབ་ངེས།
བསོད་ནམས་ཀྱི་ཕྲག་པས་ལྕོགས་མ་སོང་སྟེ།
ལོ་བརྒྱ་ལ་བཞེངས་པའི་སྐུ་ཡི་རི་མོ།
གློ་བུར་དུ་འགུལ་མཚམས་བཞག་པ་དེ།
གཏན་དུ་འགུལ་མཚམས་བཞག་པ་མ་རེད།
གདུལ་བྱའི་དད་སྟོབས་ཀྱིས་ཁུག་མ་སོང་སྟེ།
ལོ་བརྒྱ་ལ་བསྒྲིགས་པའི་གསུང་གི་སྒྲ་བརྙན།
གློ་བུར་དཀྲོལ་མཚམས་བཞག་པ་དེ།
བདེན་པར་མ་གྲུབ་པའི་ཉིན་མོ་དེ་ལྷང་ལ་ཕུད་ནས།
གོས་ནག་པོ་གྱོན་པའི་ཕྱི་དྲོ་དེ།
རྟག་འཛིན་གྱི་འཆིང་ཐག་འགྲོལ་དུ་མངག་མཁན།
སྐུ་ཉིད་མིན་ན་སུ་ཞིག་རེད་ལགས།
ནམ་ཡང་འཕྲོ་མཚམས་བཞག་མ་མྱོང་བའི།
ལོ་བརྒྱ་ལ་བསྒྲུབས་པའི་ཐུགས་ཀའི་འོད་ཟེར།
ས་སྟེང་གི་འོད་ཕུང་རེ་རེ་དང་བསྡོངས་ཏེ།
ངམ་གནག་པའི་མཚན་མོའི་ཁ་གཏད་དུ་བཅུ་དྲུག་གི་ཟླ་བར་ཤར།
ལས་འཕྲོ་མེད་མཁན་གྱིས་བལྟས་ན། དེ་ནི་ཟླ་བ་རེད།
ལས་འཕྲོ་ཅན་གྱིས་མཇལ་ན། དེ་ནི་སྐུ་ཉིད་ལགས།
འོད་ཀྱི་གྲུ་གཟིངས་ཤིག་ཀྱང་སྐོར་བཞིན།
ང་ཚོའི་ཕྱོགས་སུ་ཕྱག་གཡུག་བཞིན།
འོད་ཀྱི་གྲུ་ལ་འཛུལ་ཤོག་ཅེས་བརྡ་གཏོང་བཞིན་པའི།
ཉམས་སྣང་ཞིག་ཡིད་ལ་བྱེད་དུས།
འོད་ཉག་རེ་རེའི་ནང་དུ་སྐུ་ཉིད་རེ་རེ་བཞུགས་པ་མཇལ་བྱུང་།
མི་སེམས་རེ་རེའི་ནང་དུ་སྐུ་ཉིད་རེ་རེ་བཞུགས་པ་ཚོར་བྱུང་།
མགྲིན་པ་རེ་རེའི་ནང་དུ་སྐུ་ཉིད་རེ་རེ་བཞུགས་པ་ཐོས་བྱུང་།