གལ་ཆེའི་གསལ་བརྡ།
༄༅། །དད་དམ་གཅིག་པའི་རྒྱལ་གཤེན་བསྟན་པའི་རྗེས་འཛིན་སྤྱི་དང་། བྱེ་བྲག་འབྲེལ་ཐོགས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ།
ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་། དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག དཔོན་གསས་བླ་མ་བདེ་བར་གཤེགས་པ་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་གསུང་ཁྲིད་རྣམས་རིམ་བཞིན་ཡིག་འབེབ་ཞུ་འཆར་སྐོར་ཉེ་ཆར་གསལ་བསྒྲགས་སྔོན་ཞུས་ལྟར། འདི་ག་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་འགན་ཁུར་བླངས་ཏེ། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཐུགས་འགན་གཙོ་བཞེས་དང་། བཀའ་སློབ་ལམ་སྟོན་འོག བླ་བྲང་ནས་རེ་ཞུས་ལྟར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དང་། སྒྲུབ་ཐོན་པ་བཅས་གྲངས་ ༡༥ ཙམ་ནས་ཡིག་འབེབ་ཀྱི་ཕྱག་ལས་གནང་རྒྱུར་དང་བླངས་ཞལ་བཞེས་ཀྱིས་ལས་དོན་འགོ་འཛུགས་ཟིན་ཡོད་པ་མ་ཟད། ཡིག་འབེབ་གནང་ཕྱོགས་དང་། ཕྱོགས་བསྒྲིགས། ཞུ་དག་སོགས་ལ་༸སྐྱབས་རྗེ་མཁན་སློབ་རྣམ་པས་དབུས་སློབ་སྟོན་པ་རྣམས་ནས་གཟིགས་ཞིབ་དང་། འདི་གའི་དཔེ་མཛོད་ཁང་གིས་ཉར་ཚགས་གནང་བའི་སྒྲ་འཇུག་དང་བརྙན་འཕྲིན་དབར་གོ་བསྡུར་བྱས་ཏེ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དགོངས་དོན་མ་འཆུག་པ། ཕྱི་རབས་རྗེས་འཇུག་པ་རྣམས་ལ་ཚད་འཕེར་འོས་པའི་ལེགས་སྐྱེས་ཤིག་འབུལ་ཐུབ་རྒྱུའི་རེ་བ་འཆང་བཞིན་ཡོད་པ་དང་། ཐོག་མར་ལམ་རིམ་སུམ་བརྒྱ་པ་དང་། མ་རྒྱུད་སྤྱི་དོན། ཨ་ཁྲིད་བཅས་ཡིག་འབེབ་ཀྱིས་རྗེས་ལོའི་འདས་མཆོད་སྐབས་པར་སྐྲུན་འགྲེམ་སྤེལ་ཞུ་ཐུབ་པ་བྱ་རྒྱུ་དང་། གསུང་ཁྲིད་གཞན་པ་རྣམས་ཀྱང་རིམ་བཞིན་གཅིག་མཚུངས་ལག་བསྟར་བྱ་འཆར་ཡོད་པ་བཅས་ཀུན་གྱིས་དགོངས་འཇགས་འཚལ།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་
ཕྱི་ལོ་ ༢༠༢༥ ཟླ་ ༠༨ ཚེས་ ༢༢ ཉིན་ཕུལ།