གདན་ས་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་མཛད་སྒོའི་དངོས་གཞི་དང་བཀྲ་ཤིས།
ཀུན་མཁྱེན་ཉི་མའི་ཞལ་ནས། རྩོད་པ་རྒྱ་མཚོའི་གཏིང་ཟབ་བརྒལ་མིན་ན།། འཆད་པ་རིན་ཆེན་གླིང་ལ་མི་ཕྱིན་པས།། རྩོད་པ་ནོར་བུའི་མཛོད་ལ་སྤྱོད་བྱར་ཅི།། དེའི་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས།། ཞེས་གསུངས་པ་ལྟར། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། བསྟན་པ་དེ་ལ་དད་པའི་རྗེས་འབྲང་བྱེད་པ་མ་ཡིན་པར། རིགས་པའི་རྗེས་འབྲང་བྱེད་དེ་བརྒལ་རྟགས་རིག་པའི་ལམ་ནས་ངེས་ཤེས་རྙེད་པ་ཞིག་བྱེད་དགོས་པ་ཡིན་ཏེ། མདོ་དྲི་མེད་ལས། གང་ཞིག་བཀའ་ལ་འབྱུང་གྱུར་པ། དེ་ཉིདརིག་པས་གཞལ་མེད་ན།། སྙིང་པོའི་དོན་མཆིས་ག་ལ་འགྱུར།། དེའི་ཕྱིར་རིག་གཞལ་དོན་ཡོད་བྱ།། ཞེས་གསུངས། དགེ་བཤེས་དངོས་གཞིའི་མཛད་སྒོ་ནི། བཀའ་རམས་པ་རྣམ་པས་ལོ་དུ་མའི་རིང་གཞུང་ཆེན་ཁག་ལ་འཆད་རྩོད་རྩོམ་གསུམ་བྱས་པའི་གྲུབ་འབྲས་རྒྱུགས་སྤྲོད་ཀྱི་ཚུལ་དུ། དམ་བཅའ་བཞུགས་ནས་བརྒལ་བརྟག་རིགས་པའི་ལམ་ནས་གཞུང་ཆེན་ཁག་བགྲོ་གླེང་བྱེད་པའི་མཛད་སྒོ་དེ་ཡིན་ལ། དགེ་བཤེས་མཛད་སྒོའི་དངོས་གཞི་ནི་ ༢༠༡༧ ཟླ་བ་ ༣ ཚེས་ ༡༠ ཆོ་འཕྲུལ་ཟླ་བའི་ཚེས་ ༡༣ ཉིན་འགོ་བཙུགས་ཤིང་སྔ་དྲོ་ཆུ་ཚོད་ ༠༩ པའི་ཐོག་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་པའི་མཁན་སློབ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེ་སྐུ་ངོ་བསྟན་འཛིན་ལུང་རྟོགས་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་དུ་འདུ་འཛོམས་གནང་། བཀའ་རམས་པ་ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་རྒྱལ་མཚན་དང་། མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའ་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་དམ་ཐུག་གི་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་བརྒལ་རྟགས་རིག་པས་རྩོད་གླེང་བྱས། དངོས་གཞི་ཉིན་གཉིས་པ་ ༢༠༡༧ ཟླ་བ་ ༠༣ ཚེས་ ༡༡ ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་ཉིན་སྔ་དྲོ་ཆུ་ཚོད་དགུ་པར་༧མཁན་སློབ་རྣམ་པ་ཚོགས་ཆེན་འདུ་ཁང་ནང་དབུ་བཞུགས་ཐོག་འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་དང་། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་རྣམ་གཉིས་ཀྱིས་དམ་བཅའི་རྩ་གཞུང་བློ་རྒྱུགས་ཕུལ་ཞིང་ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་ ༠༡།༣༠ ནས་ ༠༥ པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་ནས་བརྒལ་རྟགས་རིག་པས་རྩོད་གླེང་བྱས། དངོས་གཞི་ཉིན་གསུམ་པ་༢༠༡༧ ཟླ་བ་ ༠༣ ཚེས ༡༢ ཆོ་འཕྲུལ་ཟླ་བའི་ཚེས་ ༡༥ ཉིན་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་བཀའ་རམས་པ་ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ་དང་། ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་རྣམ་གཉིས་ཀྱིས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་དམ་བཅའི་རྩ་གཞུང་བློ་རྒྱུགས་ཕུལ་ཏེ་ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་ ༠༡།༣༠ ནས་ ༠༥ པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཤིང་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་བརྒལ་རྟགས་རིག་པས་རྩོད་གླེང་བྱས་ཏེ་དགེ་བཤེས་མཛད་སྒོའི་དངོས་གཞི་ལེགས་པར་གྲུབ།
༢༠༡༧ ཟླ་བ་ ༠༣ ཚེས་ ༡༣ ཉིན་བཀྲ་ཤིས་ཀྱི་མཛད་སྒོ་སྟེ། ཞོགས་པ་ཆུ་ཚོད་ ༠༩ པ་ནས་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། སྒྲུབ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་དྲུག་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ནས་གཙུག་ལག་ཁང་དུ་གནས་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་ཚུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེན་སྐུ་ངོ་བསྟན་འཛིན་ལུང་རྟོགས་དང་། དགོན་སྡེ་ཁག་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་འཛོམས་ཐོག་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུས་རྗེས་བཀྲ་ཤིས་དམ་བཅའ་བཞུགས། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཆོད་དང་པོའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་པ་རྒྱ་མཚོ་དང་སྐྱ་སེར་མི་དམངས་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། བཀའ་རམས་པ་རྣམས་ལ་དཔོན་སློབ་རིན་པོ་ཆེ་ནས་དགེ་བཤེས་ཀྱི་མཚན་རྟགས་གནང་ནས་བཀའ་རམས་པ་རྣམས་ཀྱིས་མཆོད་ཚིག་གསུངས། དེ་མཚམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་བ་དང་། དགེ་བཤེས་རྣམ་པས་ཚིག་བཀྲ་གསུངས་ནས་འབྲུ་དང་མེ་ཏོག་གིས་ཁྱབ་པར་མཛད། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་དང་ཆོས་རིག་ལས་ཁུང་གི་དྲུང་ཆེན་གྱིས་གསུང་བཤད་གནང་མཚམས། ཐར་གླུད་བཀར་ནས་མི་དམངས་ལ་ཁྲུས་བྱས་ཏེ་སྨོན་ལམ་གསུངས་པ་དང་། “བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་”ཞེས་རྟེན་འབྲེལ་ཤིས་ཚིག་སྒྲོག་བཞིན་དགེ་བཤེས་རྣམ་པ་མཇལ་ཁ་ཞུས་ནས་ཕན་ཐོག་ཕུལ་ཏེ་བཀྲ་ཤིས་ཀྱི་མཛད་སྒོ་མཇུག་གྲུབ་བོ། །གནས་ཚུལ་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་ ༢༠༡༧ ཟླ་ ༣ ཚེས་ ༡༣ ཉིན་སྤེལ།