ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཚེར་ལུང་སྲིད་རྒྱལ་དགོན་གྱི་གཙུག་ལག་ཁང་གསར་བཞེངས་དང་བྱིན་རླབས་རབ་གནས་མཛད་སྒོ།

ཚེར་ལུང་སྲིད་རྒྱལ་དགོན་པ་ནི། དོལ་པོ་སྨད་ཀྱི་ས་ཡི་ཆར་མ་རྒྱུད་གྱི་གནས་ཆེན་ཉེར་བཞིའི་ནང་ཚན་མཁའ་འགྲོ་གཟིག་གདོང་མས་བྱིན་གྱིས་བརླབས་པའི་མོན་རི་ཟུར་གསུམ་གནས་ཀྱི་རྩེ་ལྐོག་ཏུ་གནས་ཡོད།  ཏི་རི་པུ་ར་སུན་དོ་རི་གྲོང་སྡེ་ལྷན་ཁང་གི་ཁོང་གཏོགས་གྲོང་སྡེ་དང་པོའི་ནང་ཚན་ཡིན། དོལ་པོ་རྫོང་གི་བསྟི་ནས་གདུང་ཉལ་ནས་གོམ་པ་རྒྱག་ནས་སོང་ན་ཆུ་ཚོད་དྲུག་ཙམ་ནས་སླེབ་ཀྱི་ཡོད། ཡུལ་འདིའི་མིང་ལ་ཚེར་ལུང་ལབ་ཀྱི་ཡོད་ལ། རོང་སྐད་དུ་ཀ་ལེ་རི་ཀ་འདྲ་ལབ་ཀྱི་ཡོད། ༼kalerikada༽དགོན་འདི་ཐོག་མར་ཏྲེ་སྟོན་སྲིད་རྒྱལ་བཟང་པོས་ཕྱག་བཏབ་པ་ཞིག་ཡིན་ལ། ཏྲེ་སྟོན་སྲིད་རྒྱལ་བཟང་པོ་ནི་དུས་རབས་བཅུ་དྲུག་ཡས་མས་སུ་འཁྲུངས་པའི་ཏྲེ་སྟོན་གྱི་བླ་མ་ཞིག་ཡིན། རིམ་པར་ཏྲེ་སྟོན་གྱི་བླ་མ་མང་པོ་ཕེབས་བཞུགས་གནང་ཡོད། ཕྱིས་སུ་ས་གནས་འདིར་བོན་གྱི་བསྟན་པ་ཉམས་གུད་ཆེན་པོ་བྱུང་སྟེ་ཉག་ཕྲའི་གནས་སུ་གྱུར། དུས་ཕྱིས་སུ་སྤུངས་མོ་གྲུབ་ཐོབ་རིན་པོ་ཆེ་ནས་བླ་མ་ཤེས་རབ་ཕུན་ཚོགས་ཁོང་དགོན་འདིའི་དབུ་བླར་ཁྲི་བསྐོས་མཛད་ནས་སྔར་སྲོལ་བཞིན་དགོན་པ་འཛིན་སྐྱོང་བྱེད་དགོས་པའི་བཀའ་གནང་ཡོད་པ་དང་། བླ་མ་ཤེས་རབ་ཕུན་ཚོགས་ནས་ཁོང་གི་སྲས་པོ་ཚེ་རིང་རྒྱལ་མཚན་སྔར་སྲོལ་བཞིན་དགོན་གྱི་དབུ་བླར་བསྐོ་བཞག་གནང་སྟེ། ད་ལྟ་བར་བླ་མ་ཡབ་སྲས་གཉིས་དང་གྲྭ་མང་ནས་དགོན་གྱི་འཛིན་སྐྱོང་བྱེད་བཞིན་ཡོད། སྔར་གྱི་དགོན་པ་དེ་ཧ་ཅང་གི་རྙིང་དྲགས་པ་དང་ཆུང་བས་ཚོགས་དུས་མཆོད་སྐབས་བླ་གྲྭ་དང་མི་མང་མི་ཤོང་པས་ཆེ་རུ་གཏང་དགོས་ཀྱང་། དགོན་དེ་ཡུལ་གྱི་དཀྱིལ་དུ་ཡོད་པས་གཏང་ཐབས་བྲལ་བར་བརྟེན། ཡུལ་གྱི་ཉེ་སྟོད་དུ་དགོན་པ་གསར་པ་མ་བཞེངས་རང་བཞེངས་བྱུང་པ་རེད།  དགོན་པ་གསར་དུ་བཞེངས་སའི་ས་ཆ་ཡུལ་མི་ཞིག་གིས་ཕུལ་འབྱོར་བྱུང་ཡང་དགོན་པ་གསར་བཞེངས་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་མེད་སྟབས། སྲིད་རྒྱལ་དགོན་གྱི་བླ་མ་ཡབ་སྲས་དང་ཚེར་ལུང་དགོན་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ཌི་ལ་གཙོས་ཚོགས་མི་ནས། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་ནས་སྐྱབས་འཇུག་མཐུན་སྦྱོར་གནང་རྒྱུའི་རེ་སྐུལ་ཡང་ཡང་ཞུས་པས། སྐྱབས་རྫེ་མཁན་རིན་པོ་ཆེ་ནས་ཞལ་ཞེས་གནང་པ་བཞིན་ཕྱི་ལོ་ ༢༠༡༦ ནས་འགོ་བཟུང་ད་ལྟ་དགོན་ཕྱི་ནང་དང་སྐུ་གསུང་ཐུགས་རྟེན་བཅས་ཕྱི་ནང་གི་བཀོད་པ་ལེགས་པར་གྲུབ་ནས་རབ་གནས་བྱེད་པའི་སྐལ་བཟང་གི་དུས་སྐབས་བྱུང་པ་རེད།  དེ་བཞིན་ཕྱི་ཟླའི་ཚེས་གཉིས་ནས་ཟུང་སྟེ་ཚེས་བདུན་བར་ཉིན་དྲུག་གི་རིང་དབུ་འབྱེད་དང་མངའ་དབུལ་རབ་གནས་ཀྱི་རིམ་པ་མཛད་རིམ་བཞིན་ཟབ་རྒྱས་གནང་ཡོད་པ་ཡིན། 

ཕྱི་ལོ་ ༢༠༢༢ ༠༡ ༠༢ ཉིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དགོན་པ་ལ་འཛོམས་ཐུབ་པ་བྱུང་ཡོད་པ་དང་།  ཕྱི་ཚེས་གསུམ་ཉིན་བླ་གྲྭ་དང་ཡུལ་མི་ཚང་མ་མཉམ་འཛོམ་གྱི་དར་ཆེན་དང་ཀླུང་རྟ་བསྒྲོན་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་ལྷ་རྒྱལ་དང་བསང་གསོལ་རྒྱས་གནང་མཛད། ཕྱི་དྲོ་རབ་གནས་ཀྱི་སྔོན་འགྲོ་གཏོར་བཞེངས་མཆོད་བཟོ་གནང་། ཕྱི་ཚེས་ ༤ ཉིན་གཡུང་དྲུང་འགྲོ་འདུལ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་བཤེས་དང་གྲྭ་བཙུན་རྣམས་ནས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེ་ནས་རབ་གནས་ཀྱི་ཆོ་ག་དང་། པུ་ཏྲི་ཁའི་བླ་མ་ནམ་མཁའ་རྒྱལ་པོ་དབུ་བཞུགས་ཐོག་ཚེར་ལུང་དགོན་གྱི་སྔགས་བཙུན་རྣམས་ནས་བཟླས་ཆོག་རིན་ཆེན་སྒྲོན་མའི་དཀྱིལ་འཁོར་ཞལ་ཕྱེ་ནས་མ་ཏྲིའི་ཆོ་ག་གསུངས། ཕྱི་དྲོ་ཚེར་ལུང་ཡུལ་གྱི་མིང་མང་ནས་མ་ཏྲི་མཉམ་འདོན་དང་ལྷ་ཡུལ་མའི་བསྐུལ་མ་དང་བསྒྲགས་ནས་མ་ཏྲི་མཚན་འདོན་གནང་ཡོད། བཟླས་ཆོག་རིན་ཆེན་སྒྲོན་མའི་གཞུང་བསྲངས་ཏེ་མ་ཏྲིའི་བསྐུལ་མ་དང་བསྒྲགས་ནས་མ་ཏྲི་མཚན་འདོན་བྱེད་པ་འདི་ནི་དོལ་པོ་སྟོད་སྨད་ཡོངས་ལ་དར་སྲོལ་ཧ་ཅང་ཆེ་ཞིང་དོལ་པོའི་ཕྱོགས་ཀྱི་བོན་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཡིན།  ཕྱི་ཚེས་ ༥ ཉིན་སྔ་དྲོ་ཚེར་ལུང་སྲིད་རྒྱལ་དགོན་གྱི་མདུན་ཐང་དུ་དུས་ཀྱི་འཁོར་ལོའི་རབ་གནས་དང་མངའ་དབུལ་བཀྲ་ཤིས་གཏེར་མཇོད་གསུངས་ཤིང་རབ་ཏུ་གནས་པའི་ཆོ་ག་མཛད་ཡོད་པ་དང་། དེ་སྐབས་སྐུ་མགྲོན་གཙོ་བོ་ཏིར་པུ་ར་སུན་དོ་རི་གྲོང་སྡེ་ལྷན་ཁང་གི་དབུ་འཛིནཙན་ཌ་ར་ཀུ་མ་རི་བྷུ་ཌའི་་གཅོས་སྐུ་མགྲོན་རྣམ་ནས་མཆོད་ཁང་གསར་པ་མཆོད་མཇལ་གནང་ཡོད་པ་དང་། དེ་རྫེས་་ཡུལ་མི་ལྷན་འཛོམས་ནས་གསེར་འཕྲེང་གི་དགོན་པ་ལ་སྐོར་ར་གནང་ཤིང་གཤེན་རབ་མཆོད་ལྔའི་མཆོད་པ་ཕུལ་ནས་མི་མང་ཚང་མ་ཉིན་གུང་གི་བཞེས་ལག་ལ་རོལ།  ཕྱི་དྲོ་བཟླས་ཆོག་རིན་ཆེན་སྒྲོན་མའི་གཏོར་བཟློག་འཕངས།   ཕྱི་ཚེས་དྲུག་ཉིན་ཉིན་རྒྱབ་གཡུང་དྲུང་འགྲོ་འདུལ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་འོད་ཟེར་མཆོག་ནས་ཚེར་ལུང་སྲིད་རྒྱལ་དགོན་གྱི་ལྷ་སྡེ་དང་ཉེ་འཁོར་ནས་ཕེབས་པའི་མི་མང་བརྒྱ་ཕྲག་ལྔ་ལྷག་ལ་བཟླས་ཆོག་རིན་ཆེན་སྒྲོན་མའི་སྒོ་ནས་བཀའ་དབང་བསྩལ་ཞིང་ཚེར་ལུང་ཡུལ་དགོན་གཉིས་ལ་ལོ་ལྟར་བཟླས་ཆོག་རིན་ཆེན་སྒྲོན་མ་འདོན་དགོས་པའི་བཀའ་སློབ་བསྩལ། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་བཟླས་ཆོག་རིན་ཆེན་སྒྲོན་མའི་དབང་གི་ཕན་ཡོན་དང་མ་ཏྲི་འབྲུ་བརྒྱད་ཀྱི་དགེ་ཕན་བཅས་བལ་སྐད་དུ་བསྡུས་དོན་དུ་གསུངས་ཡོད་པ་དང་། ཚེར་ལུང་སྲིད་རྒྱལ་དགོན་གྱི་གྲྭ་མང་ནས་ཀྱང་ལོ་ལྟར་བཟླས་ཆོག་རིན་ཆེན་སྒྲོན་མ་འམ་མ་ཏྲིའི་དུས་མཆོད་འཚོགས་རྒྱུ་ཞལ་ཞེས་གནང་ཡོད། ཕྱི་ཚེས་ ༧ ཉིན་ཚེར་ལུང་སྲིད་རྒྱལ་དགོན་གྱི་དགོན་པ་གསར་པ་སྒོ་འབྱེད་ཀྱི་མཛད་སྒོ་ཚོགས་པ་ཡིན་། སྐུ་མགྲོན་གཙོ་བོ་གཡུང་དྲུང་འགྲོ་འདུལ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེ་མཆོག་དང་། མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཤེས་རབ་ཉི་མ་རིན་པོ་ཆེ་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་གྲྭ་ཚང་བླ་མ་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས། དེ་བཞིན་མཐའ་སྲུང་མཚོ་གླིང་དགོན་གྱི་བླ་མ་མཐའ་བཞི་དགེ་བཤེས་ཤེས་རབ་གོ་ཆ། མོན་རི་ཟུར་གསུམ་གཡུང་དྲུང་ཀུན་གྲགས་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན། སྤུངས་མོ་ཐེག་ཆེན་རབ་རྒྱས་གླིང་དགོན་གྱི་དབུ་བླ་འམ་གསོ་རིག་འབུམ་བཞིའི་སྨན་དགེ་གནས་གསས་གྲགས་པ། སྔར་སྲོལ་གསོ་རིག་འབུམ་བཞིའི་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ། ཏ་པི་ཧྲི་ཙའི་སློབ་སྤྱི་གཞོན་པ་ཟླ་བ་དོན་འགྲུབ་དང་སློབ་དགེ་དགེ་བཤེས་བློ་གྲོས་གོ་ཆ། ཞང་ཞུང་མེ་རི་སློབ་གྲྭའི་དགེ་རྒན་ར་ནག་དགེ་བཤེས་ཤེས་རབ་ཉི་མ། པུ་ཏྲི་ཁ་དགོན་གྱི་བླ་མ་ནམ་མཁའ་རྒྱལ་པོ།  ཚེར་ལུང་དགོན་གྱི་དབུ་བླ་ཤེས་རབ་ཕུན་ཚོགས་དང་བླ་ཆུང་ཚེ་རིང་རྒྱལ་མཚན་གྱི་གཙོས་དགོན་འདིའི་བླ་གྲྭ་རྣམས། གྲོང་སྡེ་ལྷན་ཁང་གི་དབུ་འཛིན་གྱི་གཙོས་མི་མང་རྣམ་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་སྣ་བཅས་མི་མང་བརྒྱ་ཕྲག་ལྔ་ལྷག་འཛོམས་ཡོད།  མཛད་སྒོ་འདི་དང་འབྲེལ་སྔར་སྲོལ་གསོ་རིག་འབུམ་བཞིའི་སྨན་ཁང་ནས་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་། སྨན་དགེ་གནམ་གསས་གྲགས་པས་གཙོས་སྨན་པ་རྣམས་ནས་མི་མང་རྣམས་ལ་རིན་མེད་ཐོག་བརྟག་དཔྱད་དང་སྨན་སྦྱིན་གནང་ཡོད། མཛད་སྒོའི་མདོ་མཛིན་པ་ཚེར་ལུང་སྲིད་རྒྱལ་དགོན་པ་ཚོགས་པའི་དྲུང་ཡིག་ཀི་རི་སི་ན་བུ་ཌ་ལགས་ནས་གནང་ཞིང་། སྐུ་མགྲོན་གཙོ་བོ་དང་སྐུ་མགྲོན་རྣམས་གདན་ལ་བཞུགས་རྫེས་མདོ་འཛིན་པའི་མཛད་སྒོའི་མཚམས་སྦྱོར་གནང་ཞིང་། མཛད་རིམ་དང་པོ་སྐུ་མགྲོན་གཙོ་བོ་གཡུང་དྲུང་འགྲོ་འདུལ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེ་དང་མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་དགེ་བཤེས་ཤེས་རབ་ཉི་མ་རིན་པོ་ཆེ་རྣམ་གཉིས་ནས་དར་དཀར་འཐེན་ནས་གཙུག་ཁང་གི་རྒྱལ་སྒོ་ཆེན་མོ་སྒོ་ཕྱེ་གནང་ཞིང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་གྲྭ་ཚང་བླ་མ་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་དང་ཏི་རི་པུ་ར་སུན་དི་རི་གྲོང་སྡེ་དང་པོའི་དབུ་འཛིན་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་སྤར་ཞིང་གྲྭ་མང་རྣམས་ནས་རྫེ་མ་རིག་མུན་སེལ་ཚར་གསུམ་གསུངས་ནས་མཛད་སྒོའི་དབུ་འབྱེད་གནང་བ་དང་།  འདུས་མང་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་། དེ་རྫེས་ཚོགས་མི་བྷལ་ཀི་རི་སི་ན་ལགས་ནས་མཛད་སྒོ་དང་འབྲེལ་པའི་གསུང་བཤད་གནང་། ཚེར་ལུང་ཡུལ་གྱི་དཔོན་པོ་ནས་དགོན་པ་གསར་བཞེངས་འབྲེལ་ཡུལ་དགོན་གཉིས་ཀྱི་སྐོར་ལ་གསུང་བཤད་དོན་རྙིང་དང་ལྡན་པ་གནང་སོང་།  དགོན་གྱི་བླ་མ་ཚེ་རིང་རྒྱལ་མཚན་ནས་དགོན་པ་རྒྱག་སའི་ས་ཆའི་སྦྱིན་གནང་མཁན་དང་ལྷག་པར་དུ་དགོན་འདི་གསར་བཞེངས་དང་དགོན་པ་ནང་གི་སྐུ་གསུང་ཐུགས་རྟེན་ཚང་མའི་ཐུན་རྐྱེན་རོགས་སྐྱོར་གནང་མཁན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་གྲྭ་ཚང་ལ་སྙིང་དབུས་ནས་ཐུགས་རྫེ་ཆེ་ཞུ་དང་དེ་དང་འབྲེལ་པའི་ཆེ་འབྲེལ་ཆུང་འབྲེལ་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུའི་བཀའ་སློབ་གནང་ཤིང་དགོན་འདི་གསར་བཞེངས་ཆེད་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྫེ་ལེགས་འབུལ་གྱི་ཁ་བཏགས་གནང་། གསུང་བཤད་ཀྱི་བར་མཚམས་སུ་དགོན་གྱི་བླ་གྲྭ་ནས་འཆམ་པོ་གཟིགས་འབུལ་གནང་བ་དང་། ཡུལ་མི་རྣམས་ནས་ཡུལ་གྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་གནང་ཡོད།  དེ་རྫེས་དགོན་པའི་ཚོགས་གཙོ་ལགས་ནས་དགོན་འདིའི་གསར་བཞེངས་ཆེད་རོགས་སྐྱོར་དང་བྱུང་སོང་སྐོར་མདོར་བསྡུས་སུ་སྒྲོགས་སྦྱང་གནང་ཡོད་པ་དང་། ཏི་རི་པུ་ར་སུན་དོ་རི་གྲོང་ཚོ་དང་པོའི་དབུ་འཛིན་ནས་གསུང་བཤད་གནང་། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་དགོན་པ་གསར་བཞེངས་ཀྱི་དབུ་བཙུག་པ་ནས་ད་ལྟ་རབ་གནས་བར་གྱི་གནས་སྟངས་ཉུང་བསྡུས་སུ་གསུངས། ཚེར་ལུང་དགོན་གྱི་དབུ་བླ་ཤེས་རབ་ཕུན་ཚོགས་ནས་མཛད་སྒོ་འདིའི་ཆེད་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་ལས་དོན་འདིར་ཕྱག་རོགས་གནང་མཁན་ཚང་མ་ལ་ཐུགས་རྫེ་ཆེ་ཞུ་དང་འབྲེལ་མཛད་སྒོ་མཇུག་བསྡུ་གནང་ཡོད། ཕྱི་ཚེས་ ༨ ཉིན་སྔ་དྲོ་ཕྱག་ཚོད་བརྒྱད་པའི་ཐོག་ཚེར་ལུང་སྡེ་དགོན་གཉིས་ཀྱི་མི་མང་ཚང་འཛོམས་ཐོག་བཀྲ་ཤིས་གཏང་རག་གི་རིམ་གྲུབ་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ་

དགེ་བཤེས་བློ་གྲོས་གོ་ཆ་ནས་ ༢༠༢༢ ཉིན།

པར་རིས་མཐུན་སྦྱོར་བ་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས།

(སྤྱིའི་གཟིགས་གྲངས། 893 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།