ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགོངས་མཛོད་རི་ཁྲོད་ཆེན་པོའི་རྣམ་ཐར་དཔེ་དཀོན་དེབ་གཟུགས་བསྐྲུན་པ།

དཔེ་སྐྲུན་གསལ་བཤད།

ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ས་སྟག་ ༡༠༣༨ ལོར་མཁས་པ་རྨེའུ་ཡི་གདུང་ལས་འཁྲུངས་ཤིང་ ༡༠༩༦ ལོར་སྐུ་གཤེགས་པའི་རྟོགས་ལྡན་ཉམས་རྒྱུད་ཀྱི་བླ་མ་དགོངས་མཛོད་རི་ཁྲོད་ཆེན་པོའམ་མཚན་གྱི་རྣམ་གྲངས་སུ། ཆུང་དུས་ཡབ་ཡུམ་གཉིས་ཀྱིས་བཏགས་པའི་བཙན་ལྷ་སྐྱིད་དང་། རབ་ཏུ་བྱུང་སྐབས་བྲུ་ཞུ་གཉིས་ཀྱི་མཚན་གྲས་ཏེ་གཡུང་དྲུང་རྒྱལ། སློབ་དཔོན་བ་གཟི་སྒོམ་པས་ཇོ་བོ་འདུལ་བ། གཞན་ཡང་དམ་པ་རིན་པོ་ཆེ། དམ་པ་རི་ཁྲོད་པ། རྗེ་བཙུན་རི་ཁྲོད་པ། རྨེའུ་སྒོམ་ཆེན་བཅས་ཞུ་བའི་བླ་མ་འདི་བ་འཁྲུངས་ཡུལ་ནི་དེང་སང་གཞིས་ཀ་རྩེའི་བྱང་ཤར་ཕྱོགས་རྣམ་གླིང་རྫོང་གི་ཤངས་ཀྱི་གུར་ཞོགས་ཟེར་ས་དེར་ཡིན། བོན་བསྟན་ཕྱི་དར་གྱི་སྐབས་སུ་ཐེག་ཆེན་ཉམས་རྒྱུད་ཀྱི་བཀའ་ལྡིང་བ་ལྟ་བུར་གྱུར་པ་ལ་བླ་མ་འདི་བའི་བཀའ་དྲིན་གྱིས་དར་རྒྱས་སུ་འཕེལ་བར་བཤད། ཁོང་གི་མཛད་སྲོལ་ལོ་རྒྱུས་ཅི་རིགས་སུ་བྱུང་ཞིང་། བཀའ་བབས་ཀྱི་བུ་ཆེན་སྲས་བཞིས་ཕབས་པའི་རྣམ་ཐར་ཚ་འཐུན་རང་འཐད་བཞི་ཞེས་སོགས་[1]ཡོད་འདུག དགོངས་མཛོད་རི་ཁྲོད་ཆེན་པོའི་རྣམ་ཐར་ལེའུ་བཅུ་གཉིས་ཅན་འདི་ཉིད་དུས་འགྱུར་སྔོན་དུ་གཡུང་དྲུང་གླིང་ལ་ཡོད་པ་སློབ་དཔོན་སྐལ་བཟང་དར་རྒྱས་ཀྱིས་མཛད་པའི་<<གླེག་བམ་གཏེར་གྱི་ཁ་བྱང་>>[2]ལས་གསལ་བ་དང་། སྟེང་ཆེན་དགོན་གྱི་དཔེ་མཛོད་བཀའ་འབུམ་རབ་རྒྱས་ཁང་དུ་ཡོད་པར་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་ཀྱིས་མཛད་པའི་<<རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལས་དཀར་ཆག་བློ་ཡི་ཐ་རམ་དཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་གོ།།>>ཞེས་པར་གསལ།[3]དེ་ལྟར་དཀར་ཆག་ཁག་ལས་གསལ་བ་ཙམ་ལས་ད་བར་ལག་སོན་དང་པར་འགྲེམས་བྱུང་ཐུབ་མེད། ད་ལན་དཔེ་དཀོན་འདི་ཉིད་ལག་སོན་བྱུང་བའི་བརྒྱུད་རིམ་ནི། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་དང་། ཕྲན་ཁྲི་གཙུག་བསྟན་པ་གཉིས་མཚོ་གླིང་དགོན་གྱི་སྐུ་བརྙན་གདན་འདྲེན་དང་གཟུངས་གཞུག་རབ་གནས་ཆེད་དུ་དོལ་པོ་མཚོ་ལ་སླེབས་པ་སྟབས་བསྟུན། ཕྱི་ལོ་ ༢༠༢༡ ༡༠ ༤ ཉིན་སྤུང་མོ་བླ་བྲང་ལ་མཆོད་མཇལ་བཅར་སྐབས་ཏྲེ་སྟོན་ནམ་མཁའ་རྒྱལ་མཚན་གྱི་ཕྱག་དཔེའི་ནང་ནས་རི་ཁྲོད་པའི་རྣམ་ཐར་འདི་ཉིད་གསར་དུ་མཇལ་སོང་། འདི་ཉིད་རྩ་ཆེའི་དཔེ་དཀོན་དུ་མཐོང་ནས་སྤུང་མོའི་བླ་མ་ནོར་བུ་དོན་གྲུབ་ལགས་ལ་བཀའ་ཁྲོལ་ཞུས་པ་དང་འབྲེལ་མ་ཡིག་པར་བཤུས་བྱས་ཏེ། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་གཟིགས་རྟེན་དུ་ཕུལ་བས་རྣམ་ཐར་འདི་ཉིད་དེབ་གཟུགས་སུ་བསྐྲུན་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་དང་། རྣམ་ཐར་གྱི་དབུ་ལྡེབ་ཅིག་ཕྲིན་ལམ་དུ་བཞག་པས་དོན་གཉེར་ཅན་གྱི་ཀློག་པ་པོ་མི་ཉུང་བ་ཞིག་གིས་གདེང་འཇོག་ཆེན་པོས་མྱུར་བར་དཔེ་སྐྲུན་ཞུ་དགོས་པའི་སྐུལ་མ་གནང་བར་བརྟེན། སྨན་རིའི་བླ་བྲང་གི་ཕྱག་དཔེ་མཐའ་བཞི་འདུལ་བ་སེང་གེས་མཛད་པའི་<<དམ་པ་རི་ཁྲོད་པའི་རྣམ་ཐར་>>ཞེས་པ་ཤོག་ལྷེ་དགུ་ཅན་ཞིག་འདུག་པ་ལྷན་དུ་བསྒྲིགས་ཏེ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་རྗེ་རི་ཁྲོད་པའི་བཀའ་དྲིན་མཛད་པ་རྗེས་དྲན་དང་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་སྐོང་ཐུབ་པའི་རེ་བ་དང་བཅས་ཏེ་ད་ལན་པར་བསྐྲུན་ཞུས་ཡོད་པ་རེད། ཞུ་དག་སྐབས་རྣམ་ཐར་མཐའ་བཞི་ཅན་འདི་མ་དཔེ་སྨན་རིའི་བླ་བྲང་ཅན་གཞིར་བཟུང་ཐོག་སོག་སྤྲུལ་བརྟེན་འགྱུར་ནང་ཡོད་པའི་རྣམ་ཐར་ལ་དཔེ་བསྡུར་བྱས་པ་ཡིན། རྣམ་ཐར་ལེའུ་བཅུ་གཉིས་ཅན་འདི་མཚུངས་བསྡུར་བྱེད་ས་གཞན་རྙེད་མ་སོང་། བརྡ་རྙིང་དང་ཡུལ་སྐད་འདྲ་འདྲེས་ཡོད་པའི་རྐྱེན་གྱིས་གོ་བ་ལེན་དཀའ་བས་དག་བཅོས་བློ་ཡིད་ཚིམ་པ་ཞིག་ཀྱང་མ་བྱུང་། བརྡ་རྙིང་རིགས་རྣམས་རང་སོར་བཞག་ཡོད་ལ། ཕྲད་ཀྱི་སྦྱོར་ཚུལ་དེང་གི་བརྡ་དག་འགྲོས་ལྟར་མ་བྱུང་བ་མང་པོ་འདུག་ཀྱང་ཕལ་ཆེར་བཅོས་མེད། ཡང་བྱེད་སྒྲ་དགོས་ས་ལ་འབྲེལ་སྒྲ། འབྲེལ་སྒྲ་དགོས་ས་བྱེད་སྒྲ་བརྒྱབ་པ་ལྟ་བུ་འགའ་ཞིག་ཀློག་པ་པོ་བྱིངས་ཀྱིས་གོ་བ་ལོག་སྒྲུབ་བྱེད་ཉེན་ཡོད་པ་འགར་བཅོས་ཁུལ་བྱས་ཡོད། དྭོགས་གཞི་ཅན་རྣམས་བཅོས་ཚིག་གུག་རྟགས་༼༽ནང་བཞག་ཡོད་ཀྱང་། གོ་བ་ལེན་ཕྱོགས་ཀྱིས་བཅོས་ཐལ་འབྱུང་སྲིད་པས་ན་རྩ་བའི་མ་ཡིག་ལྷན་དུ་བསྒྲིགས་ཡོད་སྟབས་མཚུངས་བསྡུར་གནང་ན་གཞི་རྩའི་གོ་དོན་འཆུག་འགྲོ་བའི་ཉེན་ཁ་དེ་ཙམ་འབྱུང་གི་མེད།   རྣམ་ཐར་ལེའུ་བཅུ་གཉིས་ཅན་འདིའི་རྩོམ་པ་པོའི་མཚན་ལ་གུ་ཞོགས་བུ་ཁ་རད་ན་ན་ཤྲིཾ་ཞུ་བ་ཁོང་བླ་མ་སུའི་སློབ་རྒྱུད་ཡིན་པ་དང་། འཁྲུངས་འདས་ལོ་ཚིགས་སོགས་གཏན་ཁེལ་ཞུ་ཤེས་མ་སོང་། གླེག་བམ་གཏེར་གྱི་ཁ་བྱང་ལས་གུར་ཞོགས་བྷི་རད་ཧི་དང་། གུར་ཞོགས་བྷི་རད་ཧྲི་ཞེས་སྔ་རྗེས་སུ་གསལ་[4]བས་འབྲི་སྟངས་གཅིག་ཏུ་མ་ངེས། རྣམ་ཐར་མཇུག་བྱང་ལས། རྗེ་རི་ཁྲོད་པའི་རྣམ་ཐར་གངས་ཀྱི་ནོར་བུ་ཉི་འོད་མུན་སེལ་སྒྲོན་མ་ཞེས་བྱ་བ། བླ་མ་ཡེ་བྷོྃ་[5]གྱི་གསུང་ལ་བརྟེན་ནས། རྨེའུ་འོད་ཚང་ཤྲིཾས་བསྐུལ་ནས། གུར་ཞོགས་བུ་ཁ་ར་རན་ན་ཤྲིཾས་གུར་ཞོགས་དཀར་པོའི་བྲག་ལ་བཀོད། ཅེས་པར་བརྟགས་ན་བླ་མ་ཡེ་བྷོྃ་གྱི་ཞལ་རྒྱུན་ལས་བྲིས་པར་མངོན་ཞིང་། ངག་རྒྱུན་བཤད་སྒྲོས་ལ་བརྟེན་ནས་རྣམ་ཐར་འདི་འདྲའི་ཞིབ་ཚག་པོ་འབྲི་ཆོག་པའི་སྐབས་ཡིན་དུས་རི་ཁྲོད་པ་འདས་ནས་མི་རབས་མང་པོར་མ་སོང་བར་བརྩམས་པར་ར་སྤྲོད་ཐུབ་ཀྱི་འདུག རྣམ་ཐར་གྱི་མཇུག་བྱང་གི་ལེའུ་གྲངས་ལ་བརྟགས་ན་བདུད་འདུལ་གྱི་དཀར་ཆག་ལས་གསལ་བའི་<<རྗེ་རི་ཁྲོད་པའི་རྣམ་ཐར་གངས་ཀྱི་ལྷུན་པོ་ཉི་འོད་མུན་སེལ་སྒྲོན་མ་>>ཞེས་པ་དེ་ཡིན་པར་གསལ་པོ་ཡོད་པས་དཔེ་དེབ་ཀྱི་རྒྱབ་ཤའི་ཁ་བྱང་འདི་བཞིན་བྲིས་ཡོད། རྣམ་ཐར་ནང་གི་དབུ་ལྡེབ་ལ་<<རྨེའུ་སྒོམ་ཆེན་འདུལ་བ་འཛིན་པ་དམ་པ་རི་ཁྲོད་པའི་རྣམ་ཐར་>>ཞེས་བྲིས་འདུག་པས་ཕྱིས་སུ་དཔེ་མིང་འགྱུར་བ་སོང་བར་མངོན་ཀྱང་མ་དཔེ་བཞིན་རང་འཇགས་བཞག་ཡོད། ནང་གསེས་ལེའུ་བཅུ་གཉིས་ནི། ༡སྐུ་སྐྱེ་བ་བཞེས་པའི་ལེའུ་དང་པོ།   ༢ཁྱིམ་སྤངས་ནས་ཐོས་བསམ་སྦྱངས་པའི་ལེའུ་གཉིས་པ།   ༣བསླབ་པ་རབ་ཏུ་བྱུང་བའི་ལེའུ་གསུམ་པ།   ༤སྒྲུབ་པ་ཉམས་ལེན་གྱི་ལེའུ་བཞི་པ།   ༥གསོལ་བ་བཏབ་པའི་བྱིན་རླབས་འབྱུང་བའི་ལེའུ་ལྔ་པ།  ༦ཉམས་ལེན་རྟོག་པ་ཤར་བའི་ལེའུ་དྲུག་པ།   ༧སྐུ་བསོད་དཔག་མེད་རྒྱས་ནས་དགོས་འདོད་ལྷུན་ལ་གྲུབ་པའི་ལེའུ་བདུན་པ།   ༨ཕྲིན་ལས་གཞན་དོན་ཕྱོགས་མེད་མཛད་པའི་ལེའུ་བརྒྱད་པ།   ༩བསྟན་པ་གཉེར་གཏད་པའི་ལེའུ་དགུ་པ།  ༡༠འགགས་མེད་དུ་གྲོལ་བའི་ལེའུ་བཅུ་པ།   ༡༡བདེ་བར་གཤེགས་པའི་ལེའུ་བཅུ་གཅིག་པ།   ༡༢སྤུར་སྦྱངས་རྟེན་བྱོན་སྐུ་ཚབ་བཞེངས་པའི་ལེའུ་བཅས་བསྡོམས་ལེའུ་བཅུ་གཉིས་འདུག་པ་འདི་དག་གིས་རྗེ་རི་ཁྲོད་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལྷུག་པོར་བརྗོད་ཅིང་། དམ་པ་ཁོང་ནི་སྲིད་པའི་ཕུན་ཚོགས་ཐམས་ཅད་སྐྱུག་ནད་ཅན་ལ་ཟས་བསྟན་པ་ལྟར་ཞེན་པ་ལོག་སྟེ་གཅིག་པུར་བྱང་ཆུབ་དོན་དུ་གཉེར་བའི་རྣལ་འབྱོར་བ་ཞིག་ཡིན་པ་དང་། ཡང་དག་པའི་དགེ་སྦྱོར་བའི་མི་ཚེ་སྐྱེལ་སྟངས་དང་། ཐུགས་བསམ་བཞེས་ཕྱོགས་ཇི་ལྟར་དགོས་མིན་ངེས་ཤེས་འདྲེན་ནུས་པ་ཞིག་འདུག་པ་མ་ཟད། སྐབས་དེ་ཤེད་ལ་བོད་ཀྱི་སྤྱི་ཚོགས་བྱིངས་ཀྱི་གནས་བབ་དང་ཆོས་ལུགས་དད་མོས་ཀྱི་ཁ་ཕྱོགས་པ་མངོན་གྱུར་ཐོན་ཡོང་གི་འདུག་པ། དཔེར་ན་རྣམ་ཐར་ལེའུ་ལྔ་པ་ལས། དབུས་སུ་བྱོན་པའི་དུས།  སྙིང་ཐང་འོར་ན་ཇོ་བོ་རྗེའི་[6]མཆོད་རྟེན་ལ།  ཐམས་ཅད་བསྐོར་བ་དང་མོས་པ་བྱེད་ཀྱིན་འདུག་པས།  བོན་པོའི་རྗེ་བཙུན་ཁྲོ་ཚང་འདི།  གྲུབ་ཐོབ་ཁོང་པའི་མི་ཞན་པས།  འདི་ལྟ་བུའི་མོས་པ་དང་གུས་པ་བྱ་དགོས་སྙམ་པའི་དགོངས་པ་བྱུང་ནས།  ཁོང་སྐུ་འདས་ཀྱང་རྩད་བཅད། ཅེས་པའི་ཚིག་འདིས་བོན་པོའི་བླ་མ་དང་གྲུབ་ཐོབ་སྐུ་གསུང་ཐུགས་རྟེན་རྩ་ཆེན་རྣམ་དེ་དུས་ནས་བོད་མི་བྱིངས་ཀྱིས་སྣང་མེད་དུ་གཏོང་བ་དང་། ཆོས་པ་དང་འབྲེལ་ཡོད་ཡིན་ན་རྩ་ཆེན་བརྩི་བའི་གོམས་གཤིས་ཡོད་པ་ཤེས་ནུས་ཀྱི་འདུག དེའི་རྐྱེན་གྱིས་བོན་གྱི་བསྟན་པ་ཉམས་དམས་སུ་འགྲོ་བར་དྭོགས་ནས་དམ་པ་རིན་པོ་ཆེས་བསྟན་དོན་དུ་སྐུ་ངལ་ལ་མ་འཛེམ་པར་མཛད་ཕྲིན་བསྐྱངས་ནས་དར་ཞིང་རྒྱས་པ་ལ་འཕྲག་དོག་པའི་ཟ་འཛེར་སྤེན་ཕུག་གི་བློན་པོ་བས་ཡོན་བདག་མོ་བསོད་རྒྱན་བྱ་བ་ལ་ལྐོག་རྔན་སྤྲད་དེ་དུག་གིས་བཀྲོང་ཐབས་བྱས་པ་སོགས་ཞིབ་ཏུ་རྣམ་ཐར་ལས་ཤེས་སོ།། ད་དུང་མེ་སྟོན་གྱི་བཀའ་བརྟེན་དུ་གྲགས་པའི་ཕྱག་དཔེ་མང་པོ་ཞིག་རི་ཁྲོད་པའི་གསུང་ཟིན་ཐོར་བཀོད་པ་གཞིར་བཟུང་གིས་བརྩམས་པ་ལེའུ་བརྒྱད་པ་ལས་གསལ་བར་ཡོད་དེ། ཕྱི་རབས་ཀྱི་དོན་དུ་བཀའ་ལུང་གི་དགོངས་པ་བཀྲོལ་ནས།  གོ་བ་དང་ཕྱག་ལེན་བདེ་བའི་ཕྱིར།  མདོ་རིན་པོ་ཆེའི་དོན་བཀྲོལ་ནས།  འཇུག་སྒོ་པ་ལམ་དང་བསྟུན་ནས་ལམ་རིམ་བཀོད།  ལུང་ནོན་ཆེ་ཆུང་རྒྱུན་ཐག་རྣམས་ཀྱི་དོན་བཀྲོལ་ནས།  བསྒོམ་རིམ་ཆེ་ཆུང་བཀོད།  གབ་པ་དང་རྫོགས་ཆེན་རྣམས་ཀྱི་དོན་ལ་ལྟ་རིམ་བཀོད།  ཁམས་བརྒྱད་ལ་བྷོྃ་ཆེན་པའི་ལུགས་སུ་གསུང་རབ་གདམས་པ།  བཀའ་ལུང་ཐ་དག་བསྒོམ་པའི་སྟོབས་ཀྱིས་མགྲིན་པའི་རྩ་ཁ་ཕྱེས་ནས།  བཀའ་འཁོར་ཚིག་བཞི་པ།  སེམས་ལ་གྲོས་འདེབས་ལ་སོགས་མང་དུ་གསུངས།  བླ་མའི་གསུང་བཞིན་ཡར་འབྲོག་པས་ཡི་གེར་བཏབ་པས།  བླ་མ་མཉེས་ཅིང་སེམས་ཅན་ལ་ཕན་ཆེན་པོ་བྱས་པ་ཡིན་ནོ།།  དེ་རྗེས་ལྷ་རྗེས་ཀྱང་ཡི་གེར་བཏབ་ནས།  ཉི་མའི་ཟེར་བཞིན་ཡོངས་སུ་རྒྱས་པ་ཡིན་ནོ།། ཅེས་འཁོད་པ་དང་། དམ་པ་རི་ཁྲོད་པས་སྐབས་དེར་སྒྲུབ་རྒྱུད་བསྟན་པའི་རྐང་བཟུང་བར་མཛད་པ་ནི་རྣམ་ཐར་ལེའུ་བརྒྱད་པ་ལས་གསལ་ཏེ། བོན་ལ་བཤད་ཤལ་ལོ་རྨེའུ་བྲུ་ཞུས་བཏོད་ཀྱང་།  སྒོམ་སྒྲུབ་ཀྱིས་ཤོལ་ཁ་བཟང་པོ་རི་ཁྲོད་པས་བཏོད་ནས་ཀུན་གྱི་གཙུག་རྒྱན་དུ་གྱུར་ཏོ།  ཁྲིད་ལུགས་དམ་པའི་ལུགས་མི་མཛད་པ་དང་།  བླ་མ་དམ་པ་དེ་ལ་གསོལ་བ་མི་འདེབས་པ་ནི།  བོན་པོར་གྱུར་ཚད་ལ་མི་གཏོག་གོ།  ཞེས་སོ།། 

མཐའ་བཞི་འདུལ་བ་སེང་གེས་[7]རྗེ་རི་ཁྲོད་པ་ཆེན་པོའི་མཛད་སྲོལ་ལོ་རྒྱུས་ལ། རྐ་བབས་ཀྱི་བུ་ཆེན་སྲས་བཞིས་བཏབ་པའི་རྣམ་ཐར་ཚ་འཐུན་རང་འཐད་བཞི་སོགས་རྣམ་ཐར་རྒྱས་བསྡུས་ཁག་ལས་སྙིང་བསྡུས་བྱས་ཏེ་བརྩམས་པར་གསལ་ཞིང་། ནང་གསེས་སྡེ་ཚན་ལྔར་ཕྱེས་ཏེ་ ༡༽དང་པོ་སྐུ་འཁྲུངས་ལུགས། ༢༽བཀའ་དྲིན་ཞུས་བཞིན་རྐ་བ་སྤྱད་ལུགས། ༣༽རྗེས་འཇུག་གཞན་རྒྱུད་བཀྲོལ་ལུགས། ༤༽དབྱིངས་སུ་མྱ་ངན་འདས་ཚུལ། ༥༽བཀའ་བབས་མཐའ་རུ་རྒྱས་ཚུལ་བཅས་འཁོད་པ་དང་། གོང་སྨྲོས་རྣམ་ཐར་ལས་མ་གསལ་བ་དམིགས་བསལ་དུ་དམ་པ་རི་ཁྲོད་པ་ལ་བླ་ཆེན་གྱི་དགོངས་རྒྱུད་དང་། སྲིད་པའི་རྒྱལ་མོའི་ཞལ་གཟིགས་ནས་ལུང་བསྟན་གནང་སྟེ། བླ་ཆེན་དྲན་པ་ནམ་མཁའ་ཡིས། བྱིན་རླབས་དགོངས་པའི་བརྒྱུད་པ་ཡིས། ཐེ་ཚོམ་གཉིས་འཛིན་ཁྲོལ་ཅིག་གསུངས། དེ་ལ་དམ་པས་ཞུས་པ། ལྟ་སྒོམ་སྤྱོད་འབྲས་དེ་ལྟར་ན། གགས་སེལ་ཟླ་ཅིག་ལྟ་བུར་ཞུས་པས་གསུངས་པ། གགས་སེལ་གནས་སུ་བསྣུན་པ་ལ། རྩ་རླུང་ཐིག་ལེའི་རྒྱུ་ལྡོག་གཅེས། ཞེས་གསུངས་ཏེ་མདུན་ནས་གཟིགས་ཏེ་སྲིད་རྒྱལ་ཉིད་ཀྱི་རྩ་འཁོར་བསྟན་པ་དང་། རྒྱབ་ཏུ་གཤེགས་ཏེ་གགས་སེལ་གྱི་གདམས་པ་གསུངས་པའི་སྐོར་འཁོད་འདུག   མཇུག་ཏུ་ཞུ་རྒྱུ་ལ་ད་ལན་རྣམ་ཐར་འདི་ཉིད་དཔར་སྐྲུན་ལས་དོན་ཐད་ནས་བཀའ་སློབ་ལམ་སྟོན་གནང་མཁན་བཀུར་འོས་དགེ་རྒན་རྣམ་པ་དང་། ཡིག་གཏག་གནང་མཁན་སློབ་གྲོགས་རྣམ་པ་བཅས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཅོས་མིན་སེམས་ཁོང་ནས་ཐུགས་རྗེ་ཆེ་ཞུ་དང་། མ་རྟོགས་བློ་ཡི་དབང་བཙན་པའི་རྐྱེན་གྱིས་ནོར་འཁྲུལ་ཇི་རྙེད་ཅིག་ཡོད་སྲིད་པས་མཁྱེན་ལྡན་རྣམས་ལ་བཟོད་གསོལ་ཞུ། འདི་བགྱིས་དགེ་བས་རྒྱལ་བསྟན་དར་རྒྱས་བརྟན་པ་དང་། སྐྱབས་མཆོག་རྩ་བའི་བླ་མའི་སྐུ་ཚེ་ཡུན་རིང་བརྟན་ཞིང་མཛད་ཕྲིན་མཁའ་ཁྱབ་ཡོང་བའི་སྨོན་འདུན་དང་བཅས་

རྣམ་ཐར་གཙོ་སྒྲིག་པས་ ༢༠༢༢ ༡ ༡༡ ཉིན་མཇུག་གྲུབ་པར་བྲིས།

 

[1] མཐའ་བཞི་འདུལ་བ་སེང་གེས་མཛད་པའི་<<དམ་པ་རི་ཁྲོད་པའི་རྣམ་ཐར་>>ཤོག་གྲངས་དང་པོ་ལས་གསལ། སྨན་རིའི་བླ་བྲང་གི་ཕྱག་དཔེ་ཅན།

[2][2] སློབ་དཔོན་སྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཤོག་གྲངས་ ༤༦༩ ལས་<<དགོངས་མཛོད་ཆེན་པོའི་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་ལེའུ་ཅན་གུར་ཞོགས་བྷི་རད་ཧྲིས་མཛད་པ་>>ཞེས་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

[3] བདུད་འདུལ་ཚུལ་ཁྲིམས་དབང་གྲགས་ཀྱིས་མཛད་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལས་དཀར་ཆག་བློ་ཡི་ཐ་རམ་དཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག སོག་སྤྲུལ་བརྟེན་འགྱུར་པོད་ ༢༣༤ ཤོག་གྲངས་ ༡༠༩༦ ལས་<<དགོངས་མཛོད་རི་ཁྲོད་པའི་རྣམ་ཐར་གངས་ཀྱི་ནོར་བུ་ཉི་འོད་མུན་སེལ་སྒྲོན་མ།   སྐུ་སྐྱེ་བ་བཞེས་པའི་ལེའུ་དང་པོ།   ཁྱིམ་སྤངས་ནས་ཐོས་བསམ་སྦྱངས་པའི་ལེའུ་གཉིས་པ།   བསླབས་པ་རབ་ཏུ་བྱུང་བའི་ལེའུ་གསུམ་པ།   སྒྲུབས་པ་ཉམས་སུ་བླངས་པའི་ལེའུ་བཞི་པ།   བྱིན་བརླབས་འབྱུང་བའི་ལེའུ་ལྔ་པ།   ཉམས་ལེན་རྟོག་པ་ཤར་བའི་ལེའུ་དྲུག་པ།   སྐུ་བསོད་དཔག་མེད་རྒྱས་ནས་དགོས་འདོད་ལྷུན་གྱིས་གྲུབ་པའི་ལེའུ་བདུན་པ།   ཕྲིན་ལས་གཞན་དོན་ཕྱོགས་མེད་མཛད་པའི་ལེའུ་བརྒྱད་པ།   བསྟན་པ་གཉེར་གཏད་པའི་ལེའུ་དགུ་པ།   འགགས་མེད་དུ་གྲོལ་བའི་ལེའུ་བཅུ་པ།   བདེ་བར་གཤེགས་པའི་ལེའུ་བཅུ་གཅིག་པ།   སྤུར་སྦྱངས་རྟགས་བྱོན་མོས་རྟེན་བཞེངས་པའི་ལེའུ་བཅུ་གཉིས་པ།>> ཞེས་གསལ།

[4] སློབ་དཔོན་སྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཤོག་གྲངས་ ༤༥༨ ལས་<<དགོངས་མཛོད་རི་ཁྲོད་པའི་རྣམ་ཐར་གུར་ཞོགས་བྷི་རད་ཧིས་ཞེས་པའི་གསུང་།>>ཞེས་དང་། དེ་ཉིད་ཤོག་གྲངས་ ༤༦༩ ལས་<<དགོངས་མཛོད་ཆེན་པོའི་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་ལེའུ་ཅན་གུར་ཞོགས་བྷི་རད་ཧྲིས་མཛད་པ་>>ཞེས་གསལ།

[5] ཡེ་བྷོྃ་ཞེས་པ་འདི་༼མེ་སྒོམ་༽ཡིན་མིན་དཔྱད་དགོས་འདུག

[6] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཕྱི་ལོ་ ༩༨༢ ལོར་འཁྲུངས། ༡༠༤༠ ལོར་བོད་དུ་ཕེབས། ༡༠༥༤ ལོར་སྙེ་ཐང་དུ་སྐུ་གཤེགས། སྙེ་ཐང་འོར་ན་སྐུ་གདུང་བཞུགས་པའི་གཙུག་ལག་བཞེངས་ཡོད།

[7] མཐའ་བཞི་འདུལ་བ་སེང་གེའི་འཁྲུངས་འདས་ལོ་ཚིགས་ཏག་ཏག་མ་ངེས་ཀྱང་། ཁོང་ལ་སྟོད་བྲུ་སྟོན་ཚུལ་ཁྲིམས་རྒྱལ་མཚན་༼༡༢༣༩། ༡༣༠༢༽གྱི་སློབ་བརྒྱུད་ཡིན་ཞིང་། བྲུ་སྟོན་འདས་རྗེས་རྣམ་ཐར་བརྩམས་པ་གསལ་བས་དུས་རབས་བཅུ་བཞི་པའི་ནང་འཚོ་བཞུགས་གནང་ཡོད་འདུག  ཁོང་གིས་དམ་པ་རི་ཁྲོད་པའི་རྣམ་ཐར། བྲུ་སྟོན་གྱི་རྣམ་ཐར། མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར་བཅས་རྩོམ་གནང་ཡོད།

(སྤྱིའི་གཟིགས་གྲངས། 655 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཚེར་ལུང་སྲ…
error: རྩོམ་འདི་བདག་དབང་ཅན་ཡིན།