སྔོན་གླེང་སེམས་དཔའ་བཞུད་པའི་ཞབས་རྗེས།

སྨྲ་བ་འགག་ཅིང་འགུལ་བ་ཟད་བའི་རྩུབ་དུས་ཀྱི་མུན་ནག་དེར། རིགས་ལ་འོད་བྱིན་ཞིང་བོན་ལ་རྗེས་དཀར་བའི་སྨྲ་སེང་དམར་པོ་ཁྱེད། རྩུབ་རླུང་དང་བུ་ཡུག་ཁྲོད་གླེགས་བམ་གྱི་ཁུར་པོ་བཏེགས་ནས་ལྷོ་བཞུད་མཛད་དུས། ཧི་མ་ལའི་ཕར་འདབས་སུ་གཏེར་སྦས་ཀྱི་མཛད་པ་དེ་ཁོ་ནས་དུས་ངན་ལ་ཁ་གསོས་བཏབ་སོང་། ཡང་དར་གྱི་རྟེན་གཙོ་བཞག་སོང་། འགྲེང་མ་དུད་ཀྱི་བྱེས་འབྱོར་བའི་འཇིག་རྟེན་དུ་སྡོད་ན་ས་མི་རགསོང་ན་གནས་མེད་པའི་ཁ་འཐོར་གྱི་གྱེར་འབངས་ཚོར། བྱམས་བརྩེ་དང་ཐུགས་སྟོབས་ཀྱིས་བཞེངས་པའི་ས་མཐའི་མཚེར་གསར་དེར་ཁྱེད་ངོ་མ་དཀའ་སོང་། ད་དུང་སྟོད་ཧི་མ་ལ་ཡ་ནས་སྨད་ལྡི་ལིའི་བར་གྱི་ཧིན་དྷུའི་ཚ་ཁུལ་དུ།ཞབས་ཐང་ནས་ཞབས་ཐང་དུ་ཕེབས་ཏེ་གྱེར་འབངས་ཀྱི་མཚེར་ས་འཚོལ་དུས། ཚ་ཚད་དང་། ཁུར་པོ། རྔུལ་ནག མདོར་ན་ལྷས་མི་བཟོད་པའི་རྐང་ལམ་དུ་སྐུ་རྐྱང་ཁོ་ནར་བསྐྱོད་དུས། བློས་མི་དཔོག་པའི་སེམས་དཔའ་ཆེན་པོའི་རྣམ་ཐར་ཞིག་བཞེངས་སོང་། ཤི་མ་གསོན་གྱི་བྱེས་འབྱོར་པའི་མཚེར་གསར་དུ་ལྟོ་སྐྱ་གོས་ཧྲུལ་གྱི་ནམ་ཟླའི་ཁྲོད། སྨན་རི་བའི་མྱི་བོ་ཆེ་ལུང་རྟོགས་གསེར་གྱི་ཉི་མ་དང་ཕྱག་སྦྲེལ་གྱིས་དགེ་རྒན་དང་། མ་ཆེན། བླ་མ། དབུ་མཛད་སོགས་ཀྱི་མཛད་པ་གཅིག་ལྕོགས་དེར་གཤེན་རབ་ཆེན་པོ་ཡང་ཐུགས་དགྱེས་ཡོད། མུན་ནག་གི་ནམ་ཟླ་དེར་ཁྱེད་ཀྱིས་བསྐྲུན་པའི་མཛད་པ་ནི་འཇིག་རྟེན་གསལ་བའི་སྒྲོན་མེ་ཞིག་འདྲ་ལ། ནམ་ཡང་མི་ནུབ་པའི་དགུང་གི་ཉི་ཟླ་ཟུང་གཅིག་ཀྱང་ཡིན། ཇི་ལྟར་འགྱུར་ཞིང་གང་ལྟར་རྒུད་རུང་སུས་ཀྱང་བསུབ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཀྱང་ཡིན་པ་རེད། དེས་ན་ཁྱེད་ནི་བྱེས་འབྱོར་བོན་གྱི་ཡབ་ཆེན་ཞེས་སུ་གྲགས་པ་རེད།
སུན་གཙེར་དང་ཐུ་ལུད། འགྲན་རྩོད་དང་ནང་རྒོལ་མདོར་ན་འབུད་རྒྱག་ཁོ་ནས་བདས་པའི་བྱེས་འབྱོར་བའི་མཚེར་ས་དེར། གུ་ཡངས་སྒམ་བརླིང་གི་མཛད་པས་དྲུང་མུའི་རྐང་ལམ་རིང་དུ་བརྐྱངས་ནས། ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། མདོ་འབུམ་རྒྱུད་མཛོད། ཕྱི་ནང་གསང་གསུམ་ཞེས་བརྡ་རྙིང་གི་ཁ་ཡིག་མོད་པའི་གླེགས་བམ་དག་སློབ་དེབ་དུ་བསྐྲུན་ནས། འཆད་རྩོད་རྩོམ་གསུམ།ཐོས་བསམ་སྒོམ་གསུམ། འཛིན་སྐྱོང་སྤེལ་གསུམ་གྱི་འཁོར་ལོ་རིན་པོ་ཆེ། འཕགས་ཡུལ་ཐོབ་གསར་རི་ནས་དལ་གྱིས་བསྒྱུར་བས། བཤད་སྒྲུབ་སྒོམ་གསུམ་གྱི་དབུགས་སྣེ་སླར་གསོས་བྱུང་ཞིང་། བྱེས་ཀྱི་གདན་ས་གཉིས་ཀྱང་དགུང་གི་ཉི་ཟླ་ལྟར་གཟི་བརྗིད་དང་འོད་སྣང་གིས་འགེངས་པར་མཛད། དུས་རབས་དུ་མའི་འཆད་ཉན་གྱི་རྒུད་པ་སླར་གསོས་ཀྱིས། སྔ་དར་དང་བར་དར་གྱི་ཞང་བོད་གྱེར་གཤེན་ཚོའི་གསུང་འབུམ། རྡུལ་ཞགས་དང་དུད་དྲེག་ཐོགས་པའི་གླེགས་བམ་རྙིང་པ་དག་སློབ་ཚན་དུ་ཕབ་ནས། སློབ་ཕྲུག་བརྒྱ་ཕྲག་དུ་མར་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བསྩལ་ཏེ་ཞྭ་དཀར་བའི་དབུ་འཕངས་དགུང་དུ་བཏེགས། ཡང་དར་བསྟན་པའི་ཆུ་ཆེན་འཕགས་ཡུལ་ཐོབ་གསར་རི་ནས་བྲུག་ཅིང་། ས་ཆེན་པོའི་སྒང་གཤོང་ཀུན་དུ་ཁྱབ་པར་མཛད་པས་རྒྱལ་བ་གསུམ་པའི་མཚན་གྱི་ཅོད་པན་དོན་གྱིས་འཆང་། མ་ཟད་བཀའ་མདོ་རྒྱུད་ཀྱི་དབང་ལུང་ཟབ་མོ་མཆིས་སོ་ཅོག་ཚང་ཚང་རུག་རུག་དང་། དོ་དོ་དན་དན་གྱིས་ཀུན་ལ་བསྩལ་ཞིང་རྗེས་སུ་བཞག་གོ། ད་དུང་ཤར་ནུབ་ཀྱི་གླིང་ཆེན་ཀུན་ཏུ་གཡུང་དྲུང་གི་ཞབས་རྗེས་དེ་བས་ཀྱང་བདོག མདོར་ན་གོ་ལ་ཧྲིལ་པོར་གསེར་ཡིག་བཀྲ་བའི་མཛད་ཆེན་དར་ཞིང་ཁྱབ་པས་ཡང་དར་བསྟན་པའི་ཤིང་རྟ་ཆེན་མོ་རུ་གྲགས་སོ།།
གནའ་དེང་གི་སྤྱི་ཚོགས་ལ་གཟིགས་རྒྱ་ཡངས་ཤིང་དུས་རབས་གསར་རྙིང་བརྒྱུད་པའི་ཉམས་མྱོང་མོད་པ། དཔེ་རྙིང་གི་གདགས་སྲིབ་དུ་ཉིན་མཚན་ཁོར་མོ་ཡུག་ལ་ཐ་སྙད་ཀྱི་རྒུམ་བུ་བཏུས། དཀའ་གནད་ཀྱི་བྲག་རི་གཏོར་བཞིན་སྐུ་ཚེ་དཔེ་ཀློག་ལ་བསྐྱལ་བས། གསུང་འབུམ་པོད་ཆེན་ཉེར་གཉིས་འོ་སྐོལ་ལ་སྐྱེས་སུ་བསྩལ། མ་ཟད་ངེད་ཅག་གི་རྡོག་སྣེ་རིང་ནས་འཁྱོལ་བའི་གོམ་སྟབས་མང་པོ་ལྷུ་བསྒྲིགས་སུ་མཛད་པ་དང་། བཀའ་མདོ་རྒྱུད་མཆིས་སོ་ཅོག་ལ་གད་བདར་དང་འགྲེལ་གསར། སྤུས་གཙང་ལ་ཕུགས་དག་པ། ཁ་གསལ་ལ་གོ་བདེ་བ། ཁ་བ་ཅན་གྱི་སྨར་སྨར་སྣག་སྣག་གི་ཞང་བོད་རིག་མཛོད་ཆེན་མོའི་གསོས་ཆུང་ཁོ་ནར་སྨིན་པར་མཛད་ཡོད། དེ་ནི་དུས་ཀྱི་རྡུལ་འཚུབ་དང་བུ་ཡུག་ལ་གདོང་གཏད་པའི་སྤོབས་པས་བཞེངས་པའི་རྡོ་རིང་ཞིག་ཀྱང་ཡིན། དུས་ངན་གྱི་ཁུག་སོར་བཙགས་ཀྱང་སྙིགས་རོ་མ་ཐོན་ཞིང་། བརྡུང་ཡང་ཐལ་བར་མ་ཆགས་པ། གཏུབ་ཀྱང་དུམ་བུར་མ་སོང་བར་སྔར་བཞིན། རིགས་ཀྱི་བླ་སྲོག་ཏུ་འགྲེང་པ་ནི་ཁྱེད་ཀྱི་འཇོན་ཐང་རེད། ད་དུང་ཞྭ་དཔེ་ལྷམ་འགེབས་དང་རང་དཔེ་གཞན་འདྲེན་གྱི་རང་རེའི་ངན་གཤིས་དུ་མ་སྙིགས་ཟོམ་དུ་གཡུགས་ཤིང་། གཤེན་རབ་ཆེན་པོའི་འཕྲིན་ལས་ཀྱང་གསལ་བར་བཏོན་ལ་ངོམ་དུ་ཆོག་པའང་མང་དུ་མཛད། མདོར་ན་བོན་གཞུང་བྱེ་མའི་འཇིག་རྟེན་དུ་ཉིན་རི་ཡར་འདེད་དང་སྲིབ་རི་ཐུར་འདེད་གྱིས། ཕྲ་བའི་ཐ་སྙད་རེ་རེ་ཡང་རང་འགར་མ་བཞག་ནས་འགྲེལ་དང་འགྲེལ་ཆེན་གྱི་གླེགས་བམ་བརྩེགས་པས་གངས་རིའི་ཚིག་མཛོད་ཆེན་མོ་རུ་གྲགས་སོ།། ཞང་ཞུང་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་གྱིས་ཕྱི་ལོ་༢༠༢༥ཟླ་བ་༠༢ཚེས་༠༤ཉིན་བགྲེས་གཏམ་རྩོམ་སྒྲིག་ཁང་དུ་བྲིས།
