༧གདན་ས་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་བརྒྱ་ཁ་ལོན་པའི་གཏང་རག་དབྱངས་ཀྱི་མཆོད་ཚིག(2)
གསེར་གདུང་དངུལ་སྐུ་རྒྱུ་འགྲོ་ཆེན་ཡང་སངས་རྒྱས་བསྟན་པའི་གཟུགས་བརྙན་ཙམ།།
ལྷ་ཁང་ཀ་བརྒྱ་སྐད་གྲགས་ཆེན་ཡང་སངས་རྒྱས་བསྟན་པའི་གནས་གཞི་ཙམ།།
རྐོ་རྡུང་ཟང་འབུད་སྐད་གོག་ཚ་ཡང་སངས་རྒྱས་བསྟན་པའི་རྩག་ཧེ་ཙམ།།
གསེར་འཕྲུ་རྒྱ་ཕེབས་མཐོ་རྔམས་ཆེན་ཡང་སངས་རྒྱས་བསྟན་པའི་མཛེས་རྒྱན་ཙམ།།
བསླབ་པ་གསུམ་ལ་གཅེས་སྤྲས་མེད་ན་གསེར་དང་དངུལ་གྱི་ཁང་པ་དང་།།
གཟི་དང་བྱུ་རུའི་རྡོ་གཅལ་ཡོད་ན་བསྟན་པ་དར་ལ་མི་ཕན་པ།།
བསྟན་པ་བཤིག་མཁས་དངོས་སུ་མེད་ཀྱང་བསྟན་པ་ནག་འབྱམས་འགྲོ་བ་དང་།།
སློབ་སྦྱོང་མེད་ན་རིག་ཅན་བྱུང་ཡང་སློབ་རྒྱུད་ཆད་ནས་མི་ཕན་གསུངས།།
བསྟན་པ་ངོ་མ་བསླབ་པ་ཡིན་གྱི་ས་རྡོའི་ཐོག་ཏུ་དར་བ་མིན།།
བསྟན་པའི་སྲོག་རྩ་མི་ཡིས་འཛིན་ལས་གསེར་གདུང་དངུལ་སྐུས་འཛིན་ནུས་མིན།།
བསྟན་འཛིན་ངོ་མ་དགེ་བཤེས་ཡིན་ལས་བྱིས་པ་དར་ཐུམ་དེ་ཚོ་མིན།།
བསྟན་སྐྱོང་རྩེ་ཕུད་མི་སྐྱོང་ཡིན་གྱི་རྒྱུ་སྐྱོང་ཁང་སྐྱོང་དེ་བས་མིན།།
གསེར་གྱི་མཆོད་རྟེན་བརྒྱ་ཕྲག་བཞེངས་ལས་དགེ་བཤེས་གཅིག་ཙམ་བཞེངས་པ་དགའ།།
རི་ཆུ་གནས་སྐོར་ལོ་བརྒྱ་འགྲོ་ལས་དཔེ་ཁྲིད་ཟླ་གཅིག་འགྲོ་བ་དགའ།།
ལག་པས་ཕྲེང་བ་སྟོང་ཕྲག་བགྲང་ལས་རྩ་གཞུང་ལེན་ལྔ་བགྲང་བ་དགའ།།
རི་དྭགས་བཞིན་དུ་རི་རྩེར་འགྲིམ་ལས་གྲྭ་སའི་འཆད་ར་འགྲིམ་ན་དགའ།།
ཚད་མ་རིག་པའི་ས་བོན་དེ་ལ་ཐེག་རིམ་གཞུང་གི་གཟུགས་ཕུང་སྨིན།།
ས་ལམ་ཕར་ཕྱིན་དབུ་མཛོད་བཞི་ཡི་ཤ་ཁྲག་དྲོད་དབུགས་དོན་མཐུན་རྒྱས།།
འདུལ་སྔགས་རྫོགས་པའི་དོན་སྙིང་བཀྲ་སྟེ་ཐུན་མོང་བརྡ་སྙན་བཟོ་རིག་སོགས།།
རིག་པའི་གནས་ལྔའི་རྩ་ལག་ཚང་པའི་དགོན་འདིའི་དགེ་བཤེས་གསོན་པོ་ཡིན།།
འཆད་ན་ངག་སྒོ་ལྐུགས་པ་མ་ཡིན་ལུང་རིགས་སྨྲ་བའི་ལྕེ་རྩལ་ཡོད།།
རྩོད་ན་སྒྲུབ་བྱེད་ཁུ་ཚུར་མ་ཡིན་གཏན་ཚིགས་རིགས་པའི་སྒྱོག་མདེལ་ཡོད།།
རྩོམ་ན་འཛུབ་མོ་ཞ་བོ་མ་ཡིན་སྙན་ངག་འཁྱུག་པའི་སྒྱུ་རྩལ་ཡོད།།
ཡོངས་འཛིན་བླ་མའི་དགེ་བཤེས་འདི་ཚོ་འདྲ་འདྲའི་ནང་ནས་འདྲ་ས་མེད།།
སངས་རྒྱས་གསུང་དང་མཐུན་པར་བཤད་ན་མགོ་བོ་ལྟག་རྒྱབ་གཡུག་རྐྱང་བྱེད།།
ལྷ་འདྲེས་བྱས་རབས་མཐོང་རབས་བཤད་དུས་མིག་ཆུ་ཤོར་ནས་ཕྱག་རྒྱ་བཅའ།།
བླ་རྫུན་གྲུབ་རྫུན་དབང་ཐང་རྒྱས་སའི་བླུན་པོའི་ལུང་ཆུང་གྲུ་བཞི་ནང་།།
དགེ་བཤེས་འདི་ཚོ་དགོས་མཁོ་མེད་ཀྱང་རྒྱལ་བསྟན་སྐྱོང་ལ་འདི་ཚོ་མཁོ།།
བསྟན་ལ་དད་གུས་གཡོ་བ་མེད་པའི་གངས་རིའི་ལྗོངས་ཀྱི་ན་གཞོན་ཚོ།།
བསྟན་པའི་སྙིང་པོ་གང་ཡིན་ཤེས་པའི་ཤེས་རབ་ཉི་མ་འཆར་དགོས་ན།།
བསྟན་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་དགེ་བཤེས་འདི་ཚོ་དགེ་རྒན་བྱོས།།
བསྟན་འཛིན་རློམ་པའི་གླང་སྨྱོན་འདི་ཚོའི་བསླུ་བྲིད་འོག་ཏུ་མགོ་མ་འཁོར།།
ནད་ངོ་མི་ཤེས་སྨན་པ་བྱས་ན་མི་སྲོག་གཅོད་པའི་ཤན་པ་རེད།།
དམག་ཇུས་མི་ཤེས་དམག་དཔོན་བྱས་ན་རྒྱལ་ཁབ་ཕུང་བའི་དགྲ་བོ་རེད།།
ཆོས་ལུགས་མི་ཤེས་བླ་མ་བྱས་ན་བསྟན་པ་བཤིག་པའི་སྟ་རེ་རེད།།
དེ་ཕྱིར་བྱ་བ་གང་ལ་འཇུས་ན་དེ་ལ་སློབ་སྦྱོང་ཚད་ལྡན་དགོས།།
ནུབ་ཕྱོགས་པ་ལ་ཚན་རིག་དར་ནས་དཔལ་འབྱོར་གོ་ལའི་རྩེ་མོར་སོན།།
དགེ་ལྡན་པ་ལ་དགེ་བཤེས་དར་ནས་ཞྭ་སེར་བསྟན་པ་མེ་བཞིན་འབར།།
ཞྭ་དཀར་ཚང་ལ་རུས་པ་དར་ནས་སློབ་སྦྱོང་མར་ངོའི་ཟླ་བཞིན་འགྲིབ།།
དེ་ཕྱིར་སྨན་རིའི་མཁན་སློབ་གཉིས་ཀྱིས་བསྟན་པའི་མ་རྩ་དགེ་བཤེས་སྤེལ།།
ཉེར་གཅིག་དུས་ཀྱི་ཁུགས་སོ་འདི་རུ་ཞྭ་དཀར་བོན་གྱི་སྒྲ་དབྱངས་དེ།།
ཧི་མ་ལ་ཡའི་ཉིན་སྲིབ་གཉིས་ལ་གཡུ་འབྲུག་བཞིན་དུ་གྲགས་པ་འདི།།
ཡབ་རྗེ་མཁན་སློབ་ཉི་ཟླ་ཟུང་གིས་ལོ་མང་གསོས་པའི་འབྲས་བུ་སྟེ།།
མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོ་དགེ་བཤེས་ཚོ་ཡི་བཀའ་དྲིན་ཡིན།།
བསྟན་པ་སྲུང་བའི་སྲུང་མ་ཟེར་ན་དགེ་བཤེས་ཚོ་ལས་ལྷག་ཙམ་མེད།།
ནང་བསྟན་རིག་པའི་བདག་པོ་ཟེར་ན་དགེ་བཤེས་ཚོ་ཡི་ཡན་ལ་མེད།།
སངས་རྒྱས་བསྟན་པའི་སྲོག་རྩ་འཛིན་ལ་དགེ་བཤེས་འདི་ཚོ་གལ་ཆེ་བས།།
དགེ་བཤེས་ཚོ་ཡི་དགེ་མཚན་མཐོང་དུས་དགེ་བཤེས་ལུང་པ་གང་ན་བསམ།།
སྨན་རིའི་མཁན་རབས་དུ་མས་བསགས་པའི་སྨན་རིའི་ཚང་གི་ཇ་སྒམ་ལ།།
ས་ཕག་དུས་ཀྱི་རླུང་ནག་སྡང་དུས་བསྟན་པ་ཕན་པའི་བྱས་རྗེས་མེད།།
ཡོངས་འཛིན་གཉིས་ཀྱིས་གསོ་སྦྱོང་གནང་བའི་དྲེ་བོ་ཚང་གི་དགེ་བཤེས་དེས།།
རྒྱལ་བསྟན་ཉི་མ་ནུབ་ལ་ཁད་ནས་གྱེར་བསྟན་གླིང་བཞིར་ཁྱབ་པར་བྱས།།
དགེ་བཤེས་འདི་ཚོ་ང་རྒྱལ་ཆེ་ཞེས་བླ་རྒན་ངོ་ལ་མི་འཛའ་ཡང་།།
རྣམ་དཔྱོད་རིག་པའི་མིག་ཟུང་ཅན་ཚོས་བསྟན་པ་ངོ་མ་སུས་བསྐྱངས་གདའ།།
དྲང་མོའི་མིག་གིས་ཅེར་རེར་ལྟོས་དང་འཛམ་གླིང་ས་ཡི་གོ་ལའི་ཐོག།
མངོན་སུམ་མིག་གིས་མཐོང་རྒྱུ་ཡོད་པ་བཤད་པ་མི་དགོས་བཤམས་བཞག་འདུག།
དེ་སྔོན་དགེ་བཤེས་བརྒྱ་ཕྲག་ཐོན་ལ་སྙིང་ནས་དགའ་བའི་ཡི་རངས་ཞུ།།
ད་དུང་དགེ་བཤེས་སྟོང་ཚོ་ཐོན་པའི་གསོལ་བ་སྨོན་ལམ་སྙིང་ནས་འདེབས།།
དེ་བཞིན་འགྲུབ་པའི་མཐུ་དཔུང་སྡོང་གྲོགས་ལྷ་དང་སྲུང་མས་མཛད་དུ་གསོལ།།
ད་ནས་བཟུང་སྟེ་དགེ་བཤེས་མི་ཚེ་བསྟན་འགྲོའི་དོན་ལ་རྫོགས་པར་སྨོན།།
རྩོམ་པ་པོ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྱུང་ཁྲི་ལྡེ།
པར་པ་ཁྱུང་ཐོག་རྒོད།