ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་དབུ་འབྱེད་མཛད་སྒོ།

དེ་རིང་ཏེ་ཕྱི་ལོ་༢༠༢༥ལོའི་ཕྱི་ཟླ་༢པའི་ཚེས་༥ཉིན་ཞོགས་པ་ཆུ་ཚོད་༨པའི་ཐོག་གཡུང་དྲུང་བོན་གྱི་གདན་སའི་མཁན་སློབ་རྣམ་པ་དང་བླ་སྤྲུལ་དགེ་བཤེས་བཙུན་པ་དང་བཙུན་མ་བཅས་རབ་བྱུང་གི་སྡེ་དང་ཁྱིམ་པ་ལ་གནས་ཞིང་གསང་སྔགས་རིག་པ་འཛིན་པའི་སྡེ་དང་མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་སོགས་ཧི་མ་ལ་ཡི་རི་རྒྱུད་ཀྱི་བོན་དགོན་ཁག་དང་བོན་ཚོགས་ཁག་ནས་ཕེབས་པའི་བླ་གྲྭ་དགེ་བཤེས་རྣམ་པ་དང་། ཕྱི་རྒྱལ་སོགས་ཡུལ་གྲུ་ཁག་ནས་ཕེབས་པའི་གྲྭ་བཙུན་སྔགས་གསུམ་གྱི་དད་ལྡན་མང་ཚོགས་བཅས་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པ<<རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་>>གི་མདུན་དུ་འདུ་འཛོམས་གནང་ཞིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྤོས་རྒྱས་སྣ་དྲངས་ནས་ཚོགས་ཁང་གསར་པའི་སྒོ་འཆོར་དུ་གདན་འདྲེན་ཞུས་བཞིན་འདུས་མང་ནས་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར། དེ་ནས་སེར་སྐྱ་ཀུན་གྱིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཚམས་བཅད་དང་སྟོན་པའི་ཐུགས་རྗེ་ཆེ་བ་སོགས་ལྷ་རྒྱལ་སྨོན་ལམ་གསུང་བཞིན་༧ སྐྱབས་རྗེ་མཆོག་ནས་ཚོགས་ཁང་གསར་པའི་སྒོ་ཆེན་ལ་ཕྱེ་མར་སྒྲོན། དེ་ནས་སྐྱབས་རྗེ་མཆོག་ནས་ཐུགས་གཡོ་བ་མེད་པའི་སྒོ་ནས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་མེ་ཏོག་ཀྱི་ཐུམ་བུའི་དར་ཚོན་སྣ་ལྔའི་མདུད་པ་བཀྲལ་ནས་ཚོགས་ཁང་གསར་པ<<རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་>>སྒོ་འབྱེད་གནང་། མི་མང་ཀུན་གྱིས་ལྷ་རྒྱལ་ལོ།། ལྷ་རྒྱལ་ལོ།། ལྷ་རྒྱལ་ལོ།། ཞེས་འབྲུག་སྟོང་ལྡིར་བ་ལྟར་བུའི་ཁ་གཡང་བོས་གནང། དེ་ནི་ཁྱིམ་པའི་ཁང་ཁྱིམ་དང་སྤྱི་ཚོགས་ཀྱི་སློབ་གྲྭའི་སྒོ་འབྱེད་ལྟར་བུ་མ་ཡིན་པར་༧ སྐྱབས་རྗེ་སྨྲ་བའི་དབང་པོས་དར་ཚན་སྣ་ལྔའི་མདུད་པ་བཀྲལ་བ་ནི་གནས་ལྔ་རིག་པའི་དཀའ་གནད་ཀྱི་མདུད་རྒྱ་བཀྲལ་བའི་བརྡ་མཚོན་དང་། དེ་བཞིན་དུ་ཚོགས་ཁང་གསར་པའི་སྒོ་དབྱེ་བ་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ་བྱེད་པའི་སྒོ་དབྱེ་བ་དང་། གཞན་དོན་དུ་མཆད་རྩོད་རྩོམ་གསུམ་བྱེད་པའི་སྒོ་དབྱེ་བ་དང་། གཉིས་དོན་བསྙེན་སྒྲུབ་ལས་གསུམ་བྱེད་པའི་སྒོ་དབྱེ་པའི་བརྡ་མཚོན་ཡིན་པ་ཤེས་དགོས། དེ་ནས་༧སྐྱབས་རྗེ་མཆོག་དང་མཁན་སློབ་རྣམ་པ། དགེ་བཤེས་རྣམ་པ་དང་དགེ་འདུན་རྣམ་པ། མཛད་སྒོའི་སྐུ་འགྲོན་དང་དད་ལྡན་མང་ཚོགས་སོགས་ཚོགས་ཁང་གསར་པའི་ནང་དུ་འདུས། ༧ སྐྱབས་རྗེ་མཆོག་ནས་རྟེན་གཙོའི་མདུན་དུ་མཆོད་མེ་སྒྲོན་རྗེས་བཞུགས་ཁྲིར་འཁོད་མཚམས་༧ སྨན་རི་དཔོན་སློབ་རིན་པོ་ཆེ་དང་ཁྲི་བརྟན་ནོར་བུ་རྩེའི་༧ མཁན་ཆེན་རིན་པོ་ཆེ་དང་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་ཨ་དཀར་བ་བླ་མ་རིན་པོ་ཆེ་རྣམས་པས་མཆོད་མེ་རེ་སྒྲོན་ཏེ་རྟེན་གཙོ་ཁྲི་གཙུག་རྒྱལ་བའི་སྐུ་འདྲ་དང་གཡས་སུ་ཤེས་རབ་བྱམས་མ། གཡོན་དུ་རྣམ་པར་རྒྱལ་བ། དྲྭ་མིག་གཡས་གཡོན་ཀྱི་ནང་དུ་བདེ་བཤེགས་གཙོ་བཞིའི་སྐུ་འདྲ་དང་བཀའ་དང་བཀའ་བརྟེན་ཀྱི་གསུང་པོད་རྣམས་ཀྱི་མདུན་དུ་ཕུལ། དེ་ཡང་མ་རིག་པའི་མུན་པ་བསལ་ཞིང་རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་སྤར་པའི་བརྡ་མཚོན་ཡིན། འདུས་མང་ནས་རྗེ་མ་རིག་མུན་སེལ་ལན་མང་གསུང་རྗེས། ༧ སྨན་རི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། ཁྲི་བརྟན་ནོར་བུ་རྩེའི་༧ མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཨ་དཀར་བ་བླ་མ་རིན་པོ་ཆེ་རྣམས་དང་མཛད་སྒོའི་སྐུ་མགྲོན་རྣམ་དང་འདུས་པ་རྒྱ་མཚོ་བཞུགས་གྲལ་དུ་འཁོད་ནས་འདུས་མང་ཀུན་གྱིས་ཚོགས་འདོན་བསྡུས་པ་དང་རབ་གནས་ཀྱི་བཀྲ་ཤིས་གསུང་བཞིན་ཞིང་ཁམས་སྣོད་བཅུད་ཀུན་དགེའི་གསོལ་སྨོན་ཤུགས་དྲག་འདེབས། དེ་དང་བསྟུན་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས། ཇ་མཆོད་སྐྱབས་མཆོག་དམ་པ་གསུངས། གསོལ་ཇ་བཞེས་རྒྱུན་རིང་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་སྦྱིན་བདག་སོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་བཀའ་སློབ་མདོར་བསྡུས་གསུངས། དེ་ནས་༧ སྐྱབས་རྗེ་བླ་མས་སྦྱིན་བདག་གཙོ་གྲལ་Norbert Halderདང་། Yungdrung Bön Stiftung – Christineབཟའ་མི་གཉིས་ལ་ཐུགས་རྗེ་ལེགས་མཚོན་གནང། བདེན་ཚིག་སྨོན་ལམ་གསུང་བཞིན་༧སྐྱབས་རྗེ་རིན་པོ་ཆེ་མཆོག་བླ་བྲང་དུ་གདན་འདྲེན་ཞུས། དེ་ནས་བསྔོ་སྨོན་”སྒོ་གསུམ་དག་པ་”གསུངས་ཏེ་ཚོགས་གྲོལ་། དེ་རྗེས་མི་མང་ནས་ཚོགས་ཁང་གསར་པའི་རྟེན་གཙོའི་སྐུ་མདུན་དུ་མཇལ་དར་འབུལ།

ཆུ་ཚོད་ ༩།༤༥ ནས་ ༡༠།༠༠ བར་མི་མང་རྣམས་མདུན་ཐང་ཚོགས་གུར་ཆེན་མོའི་ནང་དུ་ཕེབས།དེ་ཡང་མཛད་སྒོའི་ཆེད་དུ་ཕེབས་པའི་རྒྱལ་ཕྱི་ནང་ཁག་གི་སྐུ་འགྲོན་ཏེ། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེ་ཡང་སྟོན་འཕྲན་ལས་ཉི་མ་མཆོག་དང་། ༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། ༧ སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང། དེ་བཞིན་དུ་༧ སྐྱབས་རྗེ་་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། དཔལ་གཤེན་བསྟན་སྨན་རི་གླིང་གི་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས། ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམས་པ་གཉིས། སྨན་རིའི་བཤད་སྒྲུབ་འདུས་སྡེ། སྨན་རིའི་གྲྭ་ཚང་གི་གཉེར་པ་དང་། དཔེ་མཛོད་འགན་འཛིན། བཙུན་དགོན་རད་ཎ་སྨན་གླིང་གི་མཙུན་པ་རྣམ་པ།གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག བལ་ཡུལ་སྐུ་ཚབ་དོན་གཅོད་མཆོག ཧི་མ་ལའི་ཞང་ཞུང་རྫོགས་ཆེན་གླིང་གི་མཁན་པོ་ཨ་དཀར་བ་རིན་པོ་ཆེ་སློབ་འཁོར་དང་། ཁྱུང་འཁོར་སྤྲུལ་སྐུ་བསོད་ནམས་ཉི་མ་རིན་པོ་ཆེ་སློབ་འཁོར་དང། མཁའ་འགྲོ་གཡུང་དྲུང་ལྷ་མཆོག ཤེས་རིག་ཕུན་ཚོགས་གླིང་དང་གངས་ཅན་ཏི་སེ་རྒྱལ་སྤྱི་སློབ་གྲྭའི་དགེ་སློབ། འོམ་ལྷའི་བོན་རིག་གཞུང་ཚོགས་པ། ཕ་རན་སུ་གནས་གཞི་བྱེད་པའི་༧རྗེ་བླ་མའི་གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་གི་བླ་སློབ་རྣམ་པ། ཡེ་ཤེས་གསལ་གླིང་དང་རྒྱལ་སྤྱི་ལིན་མིན་རྐྱ་བོན་ཚོགས། ཤེས་རབ་བྱམས་མ་གླིང་། ཨུ་རུ་སུ་རྒྱལ་སྤྱི་བོན་ཚོགས། རྒྱལ་གཤེན་བོན་སྒྲ། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་། ཡང་དགོན་དགེ་ལྡན་ཕུན་ཚོགས་གླིང་རྡོར་སྤར་ཏྲེན་བཀྲ་ཤིས་དགེ་རྒྱས་མཐའ་རྒྱས་མཐའ་གླིང་བོན་དགོན། འབྲས་ལྗོངས་གཡུང་དྲུང་ཀུན་གྲགས་གླིང་། སོག་གཡུང་དྲུང་གླིང་སོགས་ཀྱི་བླ་སློབ་རྣམ་པ། ནེ་དཔལ་ཡོལ་མོ་བོན་ཚོགས། ཕྱྭ་་སྲས་ཏ་པི་ཧྲི་ཙ་འབྲིང་རིམ་སློབ་གྲྭ། གཤེན་བསྟན་མཐའ་རྒྱས་གླིང་དགོན་པ་དང། དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་སློབ་གླིང་། སྤུང་མོ་དགོན་པ་དང་རྣམ་རྒྱལ་ལྷ་ཁང་དགོན་ཐེག་ཆེན་དར་རྒྱས་གླིང་ཤེལ་ཕུ་གསུམ་མདོ་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་བླ་སློབ་རྣམ་པ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་བླ་སློབ་རྣམ་པ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང༌། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། གང་ཞུས་ལྟར་བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང༌། སློབ་གྲྭ་ཁག ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང༌། དེར་མཚུངས་ཨ་རི་དང༌། ཡོ་རོབ། རྒྱ་པན། རྒྱ་ནག རྒྱ་གར་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་བླ་སློབ་དད་འབངས་སེར་སྐྱ་མི་མང་ལྷན་རྒྱས་མཛད་སྒོའི་ཚོམས་ཆེན་དུ་འདུ་འཛོམ་གནང་ཞིང་བཞུགས་གྲལ་དུ་འཁོད་པ་དང༌། ཆུ་ཚོད་བཅུ་དང་ཕྱེད་ཀྱི་ཐོག་མཛད་རིམ་སྒྲོག་སྦྱང་གནང་།

དེ་ནས་སྨན་རི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེའི་སྐུ་ཚབ་སྨན་རི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་མཆོད་མེ་ཞལ་དབྱེད་གནང་། དེ་ནས་མི་མང་ཀུན་བཞེངས་ཏེ་ཤེས་རིག་ཕུན་ཚོགས་གླིང་གི་སློབ་མ་རྣམ་པས་རྒྱལ་གླུ་གྱེར།

དེ་ནས་ཁྲི་བརྟན་ནོར་བུ་རྩེའི་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་བལ་སྐད་ཐོག་ནས་ཚོགས་ཁང་གསར་པའི་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང། དེ་ནས་༧མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རིན་པོ་ཆེ་ནས་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་བྱོན་པ་ལེགས་གསོལ་དང་འབྲེལ་མཛད་སྒོའི་ངོ་སྤྲོད་ཀྱི་གསུང་བཤད་ཟབ་རྒྱས་གནང། དེ་ནས་གསོ་རིག་འབུལ་བཞིའི་སློབ་མ་རྣམས་ཀྱི་ཆུ་ལེན་བུ་མོ་ཞེས་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། འོམ་ལོ་རིག་གཞུང་ཚོགས་པ་ནས་(ཤོན་)འཁྲབ་སྟོན་གནང་།

དེ་ནས་བལ་ཡུལ་གཞུང་གི་དྲིལ་་བསྒྲགས་གླེན་ཆེན་དང་དབུས་གཞུང་གི་མགྲིན་ཚབ་པ་པིར་ཐི་འིས་ས་ཏུ་གྷུ་རུང་མཆོག་ནས་གཙུག་ཁང་གསར་པ་དབུ་འབྱེད་དང་མཆོད་མེ་ཞལ་དབྱེ་ཞིང་དཔལ་ལྡན་ཁྲི་བརྟེན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་སྒོ་འབྱེད་དང་འབྲེལ་བའི་སྒོ་ནས་གསུང་བཤད་གནང་ཞིང་སྐུ་མགྲོན་གཙོ་བོའི་ཕྱག་ནས་སྦྱིན་བདག་ཁག་གཉིས་ལ་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་བསྟོད་གནང།

དེ་ནས་བལ་གཞུང་སྤྱི་ཚོགས་བདེ་དོན་ལྷན་ཚོགས་ཀྱི་དྲུང་ཆེ་མ་ནོ་ཇི་བྷ་ཊྚ་ལགས་ནས་གསུང་བཤད་སྙིང་བསྡུས་གནང་། དོལ་པོ་རྟ་རབ་ཤེལ་རི་གངས་ཅན་སློབ་གྲྭ་ནས་(བོད་ཁ་བ་ཅན་གྱི་བླ་རི་ཡིན་)ཞེས་པའིརིག་གཞུང་འཁྲབ་སྟོན་གནང་། དེ་རྗེས་ཁྲི་བརྟན་ནོར་བུ་རྩེ་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་ཚོགས་ཁང་གསར་བཞེངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། དེ་ནས་༧ སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་ནས་ཚོགས་ཁང་གསར་བཞེངས་ཀྱི་འབྲེལ་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཇུག་བསྡུའི་གསུང་བཤད་ཟབ་རྒྱས་གནང་། དེ་ནས་ཆུ་ཚོད་དང་པོའི་ཐོག་ཉིན་གུང་གསོལ་ཚིགས་བཞེས། ཕྱི་དྲོ་སྐུ་མགྲོན་གཙོ་བོ་བལ་ཡུལ་དབུས་གཞུང་གི་རིག་གཞུང་དང་ཡུལ་སྐོར་དང་མཁའ་འགྲུལ་བློན་ཆེན་ Badri Prasad Pandey བྷ་དྷི་རི་པར་སཱ་དི་པཱན་ཌེ་༧ གཙུག་ལག་ཁང་གསར་པའི་འཆར་འགོད་པ་དང་ཨར་ལས་པ་སོགས་ལས་བྱེད་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ།གཙུག་ལག་ཁང་གི་ནང་རྟེན་སྐུ་བརྙན་བཟོ་བོ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ་།

དེ་ནས་སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས་ནས་(ལུང་བཟང་ཡ་ལ་གྲོང་གཅིག་འདུག།ཡར་འགྲོ་ཅན་གྱི་གྲོང་རེད།) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང་། དེ་ནས་བྱི་གཅེར་སྨུག་པོ་རོང་སློབ་གྲྭ་ནས་(མེ་ཏོག་དང་པོ་མ་ཆགས་དང་པོ་ཆགས) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། དོལ་པོ་སྐྱིད་སྡུག་ཚོགས་པ་ནས་རིག་གཞུང་འཁྲབ་སྟོན་གནང། དོལ་པོ་ཕུག་གསུམ་མདོ་སྤུང་མོ་ནས་(རྟེན་འབྲེལ་ལྔ་པ་) ཞེས་པའི་གླུང་རྙིང་ཁུང་གླུ་ལེན། སོག་གཡུང་དྲུང་གློང་དགོན་པའི་སློབ་གྲྭ་ས་ཏྲིག་ཨེར་སང་ནས་(སྟག་ཤར་གཞོན་པ་) ཞེས་པའི་འཁྲབ་གཞས་གནང། བལ་ཡུལ་སྐོར་བྲོ་གླིང་ནས་(བརྒྱ་སྟོན་བསུ་ལ་འགྲོ་) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། ཏ་པི་ཧྲི་ཙ་སློབ་གྲྭ་ནས་(སྐུ་ཚེ་རིང་བ་ཡོང་།) ཞེས་པའི་རིག་གཞུང་འཁྲབ་གཞས་དང་། དོལ་པོ་རྟ་རབ་ཡུལ་ནས་(རྩ་བའི་བླ་མ་མཇལ་བའི་མཇལ་དར) ཞེས་པའི་དོལ་པོའི་ཞབས་བྲོ་འཁྲབ། དོལ་པོ་བྱི་གཅེར་ཡུལ་མི་ནས་དོལ་པོའི་རིག་གཞུང་ཞབས་བྲོ་འཁྲབ་སྟོན་གནང་། ཚྭ་དགའ་སློབ་གྲྭ་ནས་(མཛའ་མཐུན་མུན་འབྲེལ་) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། དོལ་པོ་ཚྭ་དགའ་ན་གཞོན་ནས་(འཁྲབ་གཞས་བཀྲ་ཤིས་ཤོག) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། གསོ་རིག་འབུམ་བཞི་སློབ་གྲྭ་ནས་(བཀྲ་ཤི་སྐོར་བྲོ) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་ཁམས་གཞས་(ས་སྐྱིད་པོ་གཅིག་དང་ས་སྐྱིད་པོ་གཉིས) ཞེས་པའི་འཁྲབ་སྟོན་གནང། ཕྱྭ་སྲས་ཀེང་རྩེ་སློབ་གྲྭ་ནས་(ང་ཚོའི་རྩ་བའི་བླ་མ་) ཞེས་པའི་མཉམ་གཞས་གཏོང། བྱི་གཅེར་སྨུག་པོ་རོང་སློབ་གྲྭ་ནས་(ལྷ་སྐར་སྒོར་གཞས་) ཞེས་པའི་རིག་གཞུང་འཁྲབ་སྟོན་གནང། དོལ་པོ་སྐྱིད་སྡུག་ཚོགས་པ་ནས་རིག་གཞུང་འཁྲབ་སྟོན་གནང། དེ་ནས་དགོང་དྲོ་ཆུ་ཚོད་༥ པའི་ཐོག་དགོང་ཟས་བཞེས། དེ་རྗེས་ཆུ་ཚོད་༦།༣༠ ཙམ་གྱི་ཐོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར ༼དཔོན་གསས་བླ་མ༽ ཞེས་པའི་གློག་བརྙན་བོད་སྐད་ཅན་གཟིགས་འབུལ་ཞུས་པ་བཅས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་དབུ་འབྱེད་མཛད་སྒོའི་གནད་བསྡུས་སུ་མེ་ལོང་ཡེ་ཤེས་དྲྭ་བའི་གཙོ་སྒྲུབ་པས་ཕྱི་ལོ་༢༠༢༥ ༢ ༥ ཉིན་སྤེལ། པར་པ་ཁྱུང་ཐོད་རྒོད།

(སྤྱིའི་གཟིགས་གྲངས། 282 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་དེབ་བས…
error: རྩོམ་འདི་བདག་དབང་ཅན་ཡིན།