ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་གནས་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་མཛད་སྒོའི་གནས་བསྡུས།

སྤྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢ དང་ ༣ ཉིན་གཉིས་རིང་། ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་གནས་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་ཆེན་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཐུབ་པ་བྱུང་ཡོད། 

༡. ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་གནས་ཁང་གི་འབྱུང་རིམ། ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་གནས་ཁང་ནི། བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་གློ་བོ་སྨད་ཕྱོགས། བོན་གྱི་ལོ་རྒྱུས་ལས“སྨུག་ལེ་གངས་བྲག་གི་གཡས་མདུན། ལྷ་ཀླུ་གདུག་པའི་ཡུལ་ཁ་རང་འཇིགས་པའི་ཡུལ་རོང་དུ། ཀླུ་བྲག་གཉན”ཞེས་ཡོངས་སུ་གྲགས་པའི་ཀླུ་བྲག་ཡུལ་དུ་ཆགས་ཡོད། ཡུལ་འདིར་མི་འབོར་ ༨༠ ཡས་མས་དང་ཁྱིམ་ཚང་ ༡༥ ཙམ་ལས་མེད།

སྤྱི་ལོ་ ༢༠༠༡ ལོར། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག དེ་བཞིན་མཁས་དབང་ཆེན་མོ་གཡུང་དྲུང་ཚེ་དབང་ (Prof. Charles Ramble) གཙོས་པའི་བཀའ་སློབ་དང་བཀའ་དྲིན་འོག་ཐོག་མར་ཕྱྭ་སྲས་ཀེང་ཙེའི་གནས་ཁང་འཛུགས་སྐྲུན་བྱས། ཞིང་གཤེགས་དམ་པ་སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྡོད་ཁང་འདིར “ཕྱྭ་སྲས་ཀེང་ཙེའི་གནས་ཁང” ཞེས་པའི་མཚན་བསྩལ།

ཚོགས་པ་འདིའི་རྩ་བའི་དམིགས་ཡུལ་ནི། རང་གི་སྐད་ཡིག་དང་། རིག་གཞུང་། སྲོལ་རྒྱུན། བོན་ཆོས་བཅས་མི་ཉམས་རྒྱུན་འཛིན་བྱེད་པ་དང་འབྲེལ། ཚན་རིག་དང་མཐུན་པའི་གནའ་དེང་གི་ཤེས་རིག་ཟུང་འབྲེལ་གྱིས་གོང་འཕེལ་གཏོང་རྒྱུ་དེ་ཡིན།

སྔ་ཕྱི་བར་གསུམ་དུ KINOE (Kids in Need of Education) ཚོགས་པ་དང་། Loel Guinness (Kalpa Group) མཆོག Prof. Charles Ramble མཆོག Stephane Masson (THALEC) མཆོག Yungdrung Bon Stiftung ཚོགས་པ། དེ་བཞིན་བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་བཅས་ཀྱིས་དཔལ་འབྱོར་གྱི་རོགས་སྐྱོར་རྒྱ་ཆེར་གནང་བ་དང་། ཀླུ་བྲག་ཡུལ་མི་རྣམས་ཀྱིས་ད་ལྟ་བར་དུ་ལོ་མང་རིང་དཀའ་ངལ་ཁྱད་བསད་ཀྱིས་ཞབས་ཞུ་ཞུས་པ་བཅས་ལ་བརྟེན་ནས། ད་ལན་མི་ལོ་ ༢༥ འཁོར་བའི་མཛད་སྒོ་འདི་བཞིན་དངོས་སུ་འཚོགས་ཐུབ་པ་བྱུང་།

༢. ཉེར་ལྔའི་མཛད་སྒོའི་རིམ་པ།

ཉིན་དང་པོ (ཟླ ༩ ཚེས ༢)། ཞུ་བླ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་དང་། མཁན་པོ་དགེ་བཤེས་བསོད་རྒྱལ། བླ་མ་དགེ་བཤེས་རྣམས་ཀྱིས་གཙོས་པའི་སེར་སྐྱ་ཡུལ་མི་རྣམས་ལྷན་ཅིག་ཏུ་འཚོགས་ནས། དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མཛད་པའི《དམར་ཁྲིད་དུག་ལྔ་རང་གྲོལ》གྱི་ཚོགས་མཆོད་རྒྱས་པ་འབུལ་གནང་མཛད། དགོང་མོ་ཆུ་ཚོད་ ༨:༣༠ ཙམ་ལ་བཀྲ་ཤིས་སྨོན་ལམ་རྒྱས་འདེབས་དང་བཅས་ཉིན་དང་པོའི་མཛད་རིམ་ལེགས་པར་གྲུབ།

ཉིན་གཉིས་པ (ཟླ ༩ ཚེས ༣)། ཞོགས་པ་ཆུ་ཚོད་ ༩:༠༠ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Prof. Charles Ramble དང་། དམིགས་བསལ་སྐུ་མགྲོན་ Germany Yungdrung Bon Stiftung གི་སྐུ་ཚབ་ Amrei Vogel མཆོག ཞུ་བླ་གཡུང་དྲུང་རྒྱལ་མཚན་མཆོག དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐུ་ཚབ་དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་མཆོག དཔག་གླིང་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་མཁན་པོ་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག མངའ་ཞབས་བར་གུང་གྲོང་སྡེ་ལྷན་ཁང་གི་ཚོགས་གཞོན་བདེ་སྐྱིད་ལྷན་འཛོམས་མཆོག ཡུལ་མིའི་བླ་མ་སྔགས་པ་རྣམས། ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམས་དང་། ཀླུ་བྲག་གཞི་རིམ་སློབ་གྲྭའི་དགེ་སློབ། སློབ་ཕྲུག་གི་ཕ་མ། སློབ་ཕྲུག་ཟུར་པ་བཅས་ཕྱྭ་སྲས་ཀེང་ཙེའི་སྡོད་ཁང་གི་མདུན་ཐང་དུ་ལྷན་ཅིག་ཏུ་འཛོམས། ཐོག་མར་བལ་ཡུལ་གྱི་རྒྱལ་གླུ་དང་བསྟན་རྒྱས་སྨོན་ལམ་གྱེར་དབྱངས་གནང་། དེ་རྗེས་བལ་ཡུལ་ར་སུ་བ་ (Rasuwa) ཆུ་ལོག་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་རྣམས་དང་ཤུལ་ལུས་ནང་མི་ཡོངས་ཀྱི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་ Prof. Charles Ramble དང་། མངའ་ཞབས་བར་གུང་གྲོང་སྡེ་ལྷན་ཁང་གི་ཚོགས་གཞོན་བདེ་སྐྱིད་ལྷན་འཛོམས་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས།

གཏམ་བཤད་དང་སློབ་སྟོན།

ཚོགས་གཞོན་དགེ་བཤེས་ཀུན་སྐྱོངས་རྒྱལ་པོ་མཆོག་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་གནང་བའི་འཚམས་འདྲིའི་ཕྲིན་ཡིག་སྒྲོག་སྦྱང་། གནས་ཁང་གི་བྱུང་རིམ་དང་། ཚོགས་པའི་དམིགས་ཡུལ། ད་ལྟའི་གནས་སྟངས། རོགས་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་།

ཕྱག་རྟགས་དང་གསུང་བཤད།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐུ་ཚབ་དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་མཆོག་ནས་གྲྭ་ཚང་གི་འཚམས་འདྲིའི་ཕྲིན་ཡིག་སྒྲོག་སྦྱང་དང་། ༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ཞལ་ཐང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་བཅས་ཕྱག་རྟགས་སུ་བསྩལ།

དེབ་འགྲེམས་སྤེལ།

Amrei Vogel མཆོག་ནས་མྱོང་ཚོར་གཏམ་བཤད་དང་། Prof. Charles Ramble མཆོག་ནས་གློ་བོའི་ཡུལ་སྐད་ཐོག་ནས་གློ་བོའི་རིག་གཞུང་དང་སྐད་ཡིག་ཉར་ཚགས་སྐོར་གསུང་བཤད་གནང་། དེ་བཞིན་ཁོང་གིས་ཉེ་ཆར་རྩོམ་སྒྲིག་གནང་བའི་དེབ་མཚན་ལ《ཀླུ་བྲག》ཅེས་པ་དང་། Marieke Meelen དང་ Prof. Charles Ramble རྣམ་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་དེབ་མཚན་ལ《རྫར་རྫོང་སྐད》ཅེས་པ་གཉིས་དངོས་སུ་དབུ་འབྱེད་གནང་།

གསུང་བཤད་གཞན་ཁག

མངའ་ཞབས་བར་གུང་གྲོང་སྡེ་ལྷན་ཁང་གི་ཚོགས་གཞོན་བདེ་སྐྱིད་ལྷན་འཛོམས་མཆོག་གིས་གནས་ཁང་འདིའི་གལ་ཆེན་རང་བཞིན་དང་མི་ལོ་ ༢༥ འཁོར་བར་མཚམས་འདྲི་གནང་། དེ་བཞིན་ཐོག་མར་ཕྱག་ལས་གནང་མཁན་བསྟན་འཛིན་དབང་ལྡན་མཆོག་དང་། ཀླུ་བྲག་གཞི་རིམ་སློབ་གྲྭའི་སློབ་སྤྱི་ Amar Nepali བཅས་ནས་རིམ་བཞིན་གཏམ་བཤད་གནང་།

རིག་གཞུང་འཁྲབ་སྟོན།

ཕྱྭ་སྲས་ཀེང་ཙེའི་གནས་ཁང་གི་དགེ་སློབ་རྣམས་ཀྱིས་བལ་ཡུལ་དང་། བོད་པ། འབྲུག་པ་བཅས་ཀྱི་རིགས་གཞུང་ཞབས་ཕྲོ་འཁྲབ་སྟོན་གཟབ་རྒྱས་ཞུས།

མཇུག་བསྡུས།

ཕྱི་དྲོ་ཚོགས་གཙོ་འགྱུར་མེད་རིག་འཛིན་མཆོག་ནས་གནས་ཁང་དང་འབྲེལ་བའི་གཏམ་བཤད་དང་། ཕེབས་པའི་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་མཇུག་གྲུབ།

༣. ཐུགས་རྗེ་ཆེ་ཞུ།

ཕྱྭ་སྲས་ཀེང་ཙེའི་གནས་ཁང་འདིར་ཐོག་མར་རོགས་སྐྱོར་གནང་མཁན་ KINOE ཚོགས་པ་དང་། ལོ་དུ་མའི་རིང་རོགས་སྐྱོར་གནང་མཁན་ Loel Guinness (Kalpa Group) མཆོག Prof. Charles Ramble མཆོག Stephane Masson (THALEC) མཆོག Yungdrung Bon Stiftung ཚོགས་པ། བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་། དམིགས་གསལ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་ Amrei Vogel མཆོག དེ་བཞིན་མཛད་སྒོ་དང་བསྟུན་ནས་གནས་ཁང་འདིར་གློག་ཀླད་ (Computer) རོགས་སྐྱོར་གནང་མཁན་སློབ་ཟུར་ཡོངས་དང་། སྔ་ཕྱི་བར་གསུམ་དུ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

ཀླུ་ཕྲུག་པས། སྤྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ ཉིན།

གནས་ཚུལ་མཁོ་འདོན་པ་དགེ་བཤེས་ཀུན་སྐྱོངས་རྒྱལ་པོ།

པར་པ། Amrei Vogel

(སྤྱིའི་གཟིགས་གྲངས། 132 དེ་རིང་། 132)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།