ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱོད་ཀྱི་ལས་རིམ།

རྩོམ་པ་པོ། འཕན་འོ་མཚོ།

༡   ཁྱོད་ནི་ཀུན་མཐུན་གྱི་མི་ཞིག་བྱ་དགོས་སྙམ་ན། ཁྱོད་ལ་ཁྱོད་དང་མ་འབྲེལ་བའི་བསམ་བློ་དང་ཀུན་སྤྱོད། ལྟ་སྟངས་དང་བཤད་ཕྱོགས་སྣེ་འཛོལ་ཅན་མང་རབ་ཅིག་ལྡན་དགོས་པ་མ་ཟད། བདེན་པར་སྒྲོ་སྐུར། རྫུན་ལ་ངོ་སོ་སོགས་བཅོས་མའི་ཟློས་གར་དང་བསླུ་བྲིད་ཀྱི་ཟུར་འཆོས་དག་ལ་དེ་བས་འབྱོང་དགོས། རྒྱུ་མཚན་ཁྱོད་ཀྱིས་ཁྱོད་མིན་པར་གཞན་འགའ་ཞིག་འཁྲབ་དགོས་པས་སོ།། 

༢   ཁྱོད་ནི་སྔོན་ཐོན་ཅན་གྱི་མི་ཞིག་བྱ་དགོས་སྙམ་ན། ཁྱོད་ལ་ཀུན་ལས་ལྷག་པའི་ལྟ་བ་དང་གཏད་སོ། འབད་པ་དང་ཕུགས་འདུན། སྤོབས་པ་དང་ཡིད་ཆེས་ཤིག་ཅིས་ཀྱང་ལྡན་དགོས། དེ་ཡང་དེ་སྔར་སོང་ཟིན་པའི་ལམ་བུ་ཞིག་ལ་བསྙེག་ཐབས་ཙམ་དང་མོས་འདུན་ཙམ་མ་ཡིན་པར། སུའང་སྔར་མ་བགྲོད་པའི་འོད་ཀྱི་ལམ་བུ་ཞིག་གསར་དུ་གཏོད་དགོས།  

༣   ཁྱོད་ནི་ཐོབ་གོ་ས་ཅན་གྱི་མི་ཞིག་བྱ་དགོས་སྙམ་ན། ཐོག་མར་ཁྱོད་ཀྱི་རང་ནུས་ཡོད་དགུས་ཆེན་པོ་ག་གེའི་ཞབས་ཟུང་གཙུག་གི་རྒྱན་དང་འཕོངས་འབོར་མལ་གྱི་སྔས། གང་སྒོས་དཀའ་དང་ཅི་བསམ་འཕྲིན་ལས་སུ་དམིགས་ན། ད་གཟོད་ཁྱོད་ལ་ཆེན་པོ་ལས་ཆུང་ངུའི་ཆོ་ལོ་ཞིག་གམ། ཆུང་ངུ་ལས་ཆེན་པོའི་ཐོབ་ཐང་ཞིག་སྩོལ་བར་ངེས། དེའང་ཁྱོད་ལ་མ་མཐའ་ཡང་བཟོད་བསྲན་གྱི་གོ་ཆ་ཞིག་དང་གཡོ་སྒྱུའི་རྒྱན་འཕྱོར་ཞིག་ཅིས་ཀྱང་ལྡན་དགོས། 

༤   ཁྱོད་ནི་ཀུན་ཀྱིས་རྩིས་སུ་འཛིན་པའི་མི་ཞིག་བྱ་དགོས་སྙམ་ན། ཁྱོད་ཀྱིས་རྣམ་པ་ཀུན་ཏུ་གཞན་དོན་རྩིས་སུ་འཛིན་དགོས། 

༥   ཁྱོད་ནི་སྣང་བསོད་ཅན་གྱི་མི་ཞིག་བྱ་དགོས་སྙམ་ན། ཁྱོད་ཀྱིས་ཐོག་མཐའ་ཀུན་ཏུ་བྱ་ལས་ལ་ཆ་གཞི་མེད་པར་དངོས་ནོར་ལ་བདག་བཟུང་དང་འཛིན་ཆགས་བྲལ་བའི་ངང་འདོད་ཆུང་དང་ཆོག་ཤེས་རུམ་ན་ཁུ་སིམ་མེར་འཚོ་དགོས།

 ༦   ཁྱོད་ནི་བསམ་བློ་མཁན་ཞིག་བྱ་དགོས་སྙམ་ན། དེའང་ཁྱོད་ཀྱིས་ཐོག་མར་རང་ཉིད་ནས་བརྩམས་ཏེ་རང་རིགས་ཀྱི་བདེ་སྡུག་ཀློག་བཞིན་མཐར་སྤོབས་པ་དང་ཡིད་ཆེས་ཀྱི་ཀློང་ནས་ལེགས་ཉེས་ཀྱི་བླང་དོར་འབྱེད་དགོས། 

 ༧   ཁྱོད་ནི་དོན་ལྡན་གྱི་མི་ཞིག་བྱ་དགོས་སྙམ་ན། ཁྱོད་ཀྱི་ལྷན་སྐྱེས་འདུན་པའི་ཁམས་དང་བསྟུན་ནས་སྦྱང་བའི་ལམ་ལ་འབུད་དགོས། དེ་ཡང་ལམ་བུ་དེ་ལ་ཇི་ལྟར་གྱེན་ཐུར་ཆེ་ཞིང་འགག་འཕྲང་མང་བ་དེ་སྲིད་དུ་དཀའ་སྡུག་གི་འགྱེལ་ལངས་མང་དུ་བྱས་ཏེ་མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་པ་ཞིག་དགོས།

༨  ཁྱོད་ནི་འབྱོར་ཕྱུག་ལྡན་པའི་མི་ཞིག་བྱ་དགོས་སྙམ་ན། ཐོག་མར་བསམ་བློའི་འཇུ་བཀོད་དང་ལུས་ཟུངས་ཀྱི་ངལ་རྩོལ་དག་ལ་ལྟོས་ཏེ་བྱ་བཞག་གང་ལ་མགོ་མཇུག་དང་གྲ་སྒྲིག་ཡོད་པའི་སྒོ་ནས་ནུས་པ་གང་ཡོད་ཀྱིས་ཐབས་ཤེས་དང་རྒྱུན་སྐྱོང་། དཀའ་བ་དང་བརྩོན་པ་ལྷོད་མེད་མཛད་ན། ད་བཟོད་སྲིད་པ་ཕུན་ཚོགས་ཀྱི་འདོད་པ་གང་ལ་གང་དགོས་སུ་འབྱུང་བར་གདོན་མི་ཟ། དེ་ཡང་སྡུག་རུས་དང་འབད་འབུངས་བླ་ལྷག་ཏུ་འབར་བ་ཞིག་ཡིན་དགོས་སོ།།

(སྤྱིའི་གཟིགས་གྲངས། 354 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མི་ཡིས་བྱ་…
error: རྩོམ་འདི་བདག་དབང་ཅན་ཡིན།