གཏེར་སྟོན་ཨ་ཙ་ར་མི་གསུམ།
རྩོམ་པ་པོ། དབྲ་ཁྱུང་།
༄༅། །དེ་ཡང་བོན་བསྟན་ཕྱི་དར་སྐབས་སུ་བྱོན་པའི་གཏེར་སྟོན་བརྒྱ་རྩའི་ནང་ཚན། སྨོན་ལམ་དབང་གིས་གཏེར་གྱི་ཐོག་མ་རྒྱ་གར་ནས་བྱོན་པའི་༼རང་རེ་དཔེ་ཆ་ཁག་ལས་ཨ་ཙ་ར་ཞེས་འཁོད་ཀྱང་དོན་དུ་”ཨ་ཅར་ཡ་”མིན་ནམ་སྙམ། གང་ལགས་ཞེ་ན་ཨ་ཅར་ཡ་ནི་རྒྱ་གར་བའི་སློབ་ཆེན་གྱི་གོ་གནས་ཞིག་གི་མིང་ཡིན་པས་རྒྱ་བོད་གཉིས་ཀྱི་ཡི་གེ་ལས་ཅ་དང་ཙ་གཉིས་ཤིན་དུ་ནོར་དོག་ཆེ་བས་སོ།༽ཨ་ཙ་ར་དཀོན་མཆོག་གྲགས་པ་དང་། ཉ་མོ་མགོན་པོ། སད་ཀུན་རདྣ་གསུམ་མོ། །འདི་གསུམ་ཆ་རྒྱ་གར་གྱི་མི་ཡིན་པའི་ངེས་པ་མ་མཐོང་། དེ་ཡང་ཐོག་མར་རྒྱ་གར་ཡུལ་ནས་བོད་ཡུལ་ན་གསེར་ཅི་ཙམ་འདོད་པ་བླང་དུ་ཡོད་ཟེར་བ་ཞིག་ཐོས་ནས། བོད་དུ་ཡོང་བས་གསེར་ཅི་ཡང་མ་རྙེད་ནས་མི་ལ་དྲིས་པས་བསམ་ཡས་ན་གསེར་མང་པོ་ཡོད་ཟེར། དེ་ནས་བསམ་ཡས་སུ་ཡོང་ནས་གསེར་བཙལ་སྐབས་བསམ་ཡས་སྐོར་ཁང་ནང་ནས། བོད་ཆུ་བྱ་སྤྱི་ལོ་ ༩༡༣ ལོར་སྟག་སྒྲོ། གཟིག་སྒྲོ། དོམ་སྒྲོ་གསུམ་རྙེད་པས་བོན་གཏེར་གྱི་ཐོག་མ་དབུ་འདི་ནས་འཛིན། ལྷོ་བལ་གཏེར་སྟོན་ཨ་ཙ་ར་མི་གསུམ་ནི་གཏེར་སྟོན་བརྒྱ་རྩའི་ཐོག་མའི་གྲས་ཤིག་ཡིན་ལ། ཨ་ཙ་ར་གསུམ་སྟོད་ལུང་ནས་ཡར་སོང་སྟེ། བྱང་ནམ་ར་བྱ་བར་སླེབས་པས། ལ་སྟོད་ཀྱི་འདར་བན་ཤཱཀྱ་མུ་ནེ། མཆིམས་ཤཱཀྱ་བྲ་བ། འོ་མ་བྱང་ཆུབ་སྡེ་དང་གསུམ་གྱིས་རྟ་ཁལ་གཅིག་དང་བཅས་བྱང་འབྲོག་རུའི་ཐོག་ཏུ་འགྲོ་བ་ལམ་ཁར་འཕྲད་པས། ཨ་ཙ་ར་ན་རེ། ཁྱོད་ཅག་གང་དུ་འགྲོ་བྱས་པས། བན་དེ་གསུམ་ནས་བསམ་ཡས་སུ་ཆོས་གཏེར་འདོན་དུ་འགྲོ། རྟ་ཁལ་འདི་བསམ་ཡས་དགོན་པའི་དཀོར་གཉེར་ལ་རྔན་པ་སྟེར་རྒྱུ་ཡིན་ཟེར་བར། ཨ་ཙ་ར་གསུམ་ནས་གཏེར་ངེད་ཅག་གིས་རྙེད་ཡོད། རྟ་ཁལ་དང་བཅས་པ་ངེད་ལ་བྱིན་དང༌གཏེར་སྒྲོ་འདི་དག་ཁྱོད་ཚོར་འབུལ་བྱས་པས། བན་དེ་རྣམས་ཀྱིས་གཏེར་སྒྲོ་ལ་རེག་པས། འོད་དང་མེ་སྟག་འཕྲོ་བར་འདུག་པས་ཆོས་ཟབ་མོ་འདུག་སྙམ་ནས་ནོར་ཨ་ཙར་གསུམ་ལ་བྱིན། གཏེར་སྒྲོ་སོགས་བན་དེ་གསུམ་གྱིས་ཁྱེར་ནས་སོང་སྟེ། ལམ་དུ་ཁ་ཕྱེ་འདོད་ཀྱང་ཆོ་འཕྲུལ་འཚུབ་པས་ཁ་ཕྱེ་མ་ནུས། དེ་ནས་ལ་སྟོད་དུ་ཕྱིན་ནས། སྨན་གོང་དུ་གཟེ་བན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ་བསྡད། གཟེ་བན་ལ་ཚ་བོ་བོན་པོ་གཟེ་སྒུར་བྱ་བ་ཞིག་ཡོད་པ་དེར་བཞུགས་འདུག དེས་དཀར་མོ་འབྲུ་སྣ་བདུན་གྱི་མཆོད་པ་ཕུལ། ལྷ་ཕྱག་འཚལ། གསོལ་བ་བཏབ་ནས་སྒྲོ་བ་ཁ་ཕྱེས་ཏེ་བལྟས་པས་བོན་དུ་འདུག བན་དེ་གཉིས་ཀྱིས་འདི་མེ་ལ་བསྲེག་གམ་ཅི་བྱེད་ཟེར་བས་ཆོ་འཕྲུལ་སྣ་ཚོགས་བྱུང༌། འདར་བན་ཤཱཀྱ་མུ་ནེས་བདག་བྱས་པ་ན། གཟེ་བོན་ཤེས་རབ་རྒྱལ་མཚན་ན་རེ། འདི་རྣམས་ལ་བཀའ་སྲུང་བཙན་པོ་ཡོད་ངེས་པས། འུ་ཅག་བན་དེ་རྣམས་ཀྱིས་བཟུང་ན་མི་ཉན། ཚ་བོ་གཟེ་སྒུར་ལ་བྱིན་དང་ནོར་འབུལ་ངེས་ཟེར་བས་གཟེར་སྒུར་ལ་ཕུལ་ཟེར། དེ་རྣམས་ཀྱི་བོན་བདག་ནི་ལ་སྟོད་སྨན་གོང་གི་གཟེ་བོན་ཆེན་པོ་ཡིན་ནོ། །
གཏེར་སྒྲོ་རྣམས་སུ་བོན་སྡེ་ཇི་ལྟར་བྱུང་ཚུལ་ནི། སྟག་སྒྲོའི་ནང་ནས་འདུལ་བ་རྒྱུད་དྲུག གསས་མཁར་ས་ལེ་སྒྲོན་མ་སོགས་སལེ་ལུང་བཅུ། མན་ངག་ལྷ་ཁྲིད། མདོ་བར་ཏི་ཀ ཚེ་ཕྱག་སུམ་ཅུ་བ། ཟ་ཕྱག་ནར་མ་རྣམས་དང༌། ནང་རྟེན་འབྲེལ་གྱི་བོན་སྡེ་ལ། ཡེ་སངས་རང་འདུལ་གྱི་རྒྱུད་ལ་སོགས་རྒྱུད་བདུན། དུག་ལྔ་ལམ་ཁྱེར། གསང་བ་བསྒྲགས་པ་རྒྱུད་ཀྱི་དཔེའུ་ཙེ། སྟོང་གསུམ་རྒྱུད་བཤད་ཆེན་མོ། བསྒྲགས་པ་བར་མ་སྣོད་བཅུད་བསྟན་པའི་རྒྱུད།བསྒྲགས་པ་ཐ་མ་སྡོང་པོ་དགུ་འདུས་ཀྱི་རྒྱུད་རྣམས་བཞུགས། གཟིག་སྒྲོའི་ནང་དུ། འབུམ་ཕྱི་ནང་གསང་གསུམ་སྟེ། ཕྱི་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་པོད་བརྒྱད། རྩ་འགྲེལ་ཆེན་མོ་དང་དགུ། ནང་འབུམ་སྡེ་བཞི་དང༌། གསས་འབུམ་སྡེ་བཞི་དང༌། འདུལ་འགྲེལ་པོད་གཉིས་དང་བཅུ། གསང་བའི་འབུམ་དགུ་གསས་དང་བཅུ་ནི། ལྷ་མོའི་དབྱིངས་འབུམ། རྨ་འབུམ་གར་ཆད། གཙུག་འབུམ་འབར་བ། ཐེག་པ་གསེར་འབུམ། ཉི་མ་འོད་འབུམ། རིན་ཆེན་སྤུངས་འབུམ། ཉི་ཁྲི་ཆུ་འབུམ། ཐུགས་རྗེ་རྒྱུན་འབུམ། གཡུང་དྲུང་ཡེ་འབུམ། རྫོགས་པ་ལྷ་འབུམ་དཀར་བོ་དང་བཅུ། དེ་དག་གི་འགྲེལ་བ་གཏོ་སྒྲོམ་འབུམ་ཏིག་དང་བཅུ་གཅིག ཀླུ་འབུམ་དཀར་ནག་པོ་ཏི་བཞི་སྟེ་འབུམ་སྡེ་པོད་སུམ་ཅུ་རྩ་བཞི་བཞུགས་སོ། །
དེ་རྣམས་ཀྱི་བོན་བདག་ནི་ལ་སྟོད་སྨན་གོང་གི་གཟེ་བོན་ཆེན་པོ་ཡིན་ནོ། །དོམ་སྒྲོའི་ནང་ནས། གསང་སྔགས་ཕྱི་ནང་གསང་གསུམ་དང༌། ཁྱད་པར་འཕགས་པའི་རྫོགས་ཆེན་རྣམས་ཡིན་ཏེ། སྤྱི་ཁོག་བཞེད་མང་གི་བོན་སྡེ་ལ། ཕྱི་འདུར་ནང་འདུར་གཉིས་ཏེ། ཕྱི་གྲི་འདུལ། བཙན་འདུལ། བཀྲ་འདུལ། ལྷེའུ་འདུལ། སྨན་འདུལ་རྣམས་དང༌། ནང་གསོན་བོན་ལ། ལྷ་སྙེགས། འཁོན་འདོན། གསས་བཞི། ལེགས་བརྒྱད། ཐར་གླུད། སལེ་བོན། གཙུག་རི་གླིང་གྲགས་ཆེ་ཆུང༌། ན་རག་གཏིང་སྦྱོང༌། ཀུན་རིག་ལས། སྡེ་བརྒྱད་དཀྱིལ་འཁོར། ལྕུག་ལེ་སྒྲོལ་བའི་སྤུར་སྦྱོང༌། ལྕུག་ལེའི་སཙྪ། སྣང་གཤེན་གྱི་མེ་མཆོད། ཀློང་རྒྱས་སྦྱིན་སྲེག ཆ་གསུམ་ཆེ་ཆུང་བཞི། གཏོ་བུ་ལག་ངན་གྱི་པང་སྐོང༌། ཕྱི་ནང་གསང་བའི་དབང་མི་འདྲ་བ་དགུ། དབང་ཁྲིད་ཆེན་མོ་དང་བཅུ། ནང་རྫོགས་ཆེན་གྱི་སྡེ་ལ། བདུད་རྩི་སྨན་རྫོགས། ལྷ་རྩེ་དབང་རྫོགས། རྫུ་འཕྲུལ་གཏིང་རྫོགས། གཡུང་དྲུང་ཁྲོ་རྫོགས། མ་མོའི་ཀློང་རྫོགས། སྐུ་གསུང་ཐུགས་རྫོགས། དེ་དག་སྒྲུབ་པ་རེ་རེར་རྒྱུད་གསུམ་གསུམ་ཡོད། ནག་པོ་རྒྱུད་གསུམ་སྟེ། རེ་ནག་དང་འཕྱར་ནག་དང༌། ལྡེང་ནག་གསུམ། གཟེ་ཕུར་དམར་ནག གེ་ཁོད་དཀར་ནག ཞང་ཞུང་ཐིས་འཕེན། གསེར་མདའ་བཙོ་སྒྲུབ། ཕུར་བའི་རྒྱུད་བཞི། ལུང་ཐབས་བཞི། རྩ་འགྲེལ་ཆེ་ཆུང༌། ཕྱག་རྒྱ་འཕྲུལ་གྱི་ལྡེ་མིག ཕུང་ཏིག་རྩ་འགྲེལ། ཁུག་མ་ལྔ་ལ་ཁུག་སྨན་སྡེ་བཅུ། དེ་ལ་རྒྱུད་ཆེན་གསུམ། སྲིད་པ་དས་ཆད་ཀྱི་རྒྱུད་ལ་དས་ཆད་དགུ། སྲིད་པ་ཡེ་འགྲོལ་གྱི་རྒྱུད་ལ་གནས་འགྲེལ་བདུན། བསེ་ཁོག་ཆེན་མོའི་རྒྱུད་ལ། ཕྱི་ནང་གསང་བའི་བསེ་ཁོག་བཅོ་ལྔ། ཀུན་འདུས་རིན་ཆེན་རྩ་རྒྱུད་ལ་འགྲེལ་བ་ཆེ་ཆུང་གསུམ། གཞན་ཡང་མང༌༼རྡོ་ལ་གསེར་ཞུན། ཡི་གེ་འབྲུ་འཛོམས།ལྷ་མོ་དགུ་ཕྲེང༌། བསྒྲིལ་གནམ་གསུམ༽དུ་ཡོད། གསང་བ་ཡང་རྩེ་བླ་མེད་ཀྱི་བོན་སྡེ་ལ། སེམས་ཕྱོགས་རྒྱུད་གསུམ་ཞེས། སེམས་ཀྱི་མཐའ་རིམ་ཆེན་མོ་གབ་པ་དགུ་སྐོར་གྱི་རྒྱུད་ལ། ནམ་མཁའ་བྱང་མཛོད་སོགས་གབ་པ་དགུ།སེམས་ཀྱི་ཁོག་ལུང་གཡུང་དྲུང་མཐའ་བསྐོར་གྱི་རྒྱུད་ལ། གསས་མཁར་དབྱིངས་ཀྱི་རྩེ་མོ་སོགས་མཐའ་སྐོར་བཅུ་གསུམ་སེམས་ཀྱི་ཡེ་རྟོགས་ཆེན་མོ་གཡུང་དྲུང་ཡེ་ཁྱབ་ལ་སེམས་སྨད་བཅུ་བཞི་རྣམས་བཞུགས་ཤིང༌། དོམ་སྒྲོའི་མཐིལ་ན་ནས་དཀར་མོ་འབྲུ་བདུན་བྱུང་བས། ས་བོན་ཤག་སྨུག་མའི་གཏན་ཚིགས་ཀྱང་དེ་ནས་བྱུང་ཞེས་བཤད་ལ། ཁྱོན་བསྡོམས་བོན་སྡེ་མི་འདྲ་བ་སུམ་བརྒྱ་དང་བཞི་བཅུ་ཙམ་བྱུང་ལ།
དར་ཚུལ་ནི། འདི་ལ་སྨད་བརྒྱུད་དང་སྟོད་བརྒྱུད་གཉིས་སུ་བཤད་པའི་སྨད་བརྒྱུད་ནི། གཟེ་བོན་གྱིས་མཐའ་བཞི་འཕྲུལ་གསས་ལ་བརྒྱུད། མཐའ་བཞིས་འོ་ཡུག་གི་རྒྱ་སྟོན་ཁྲོ་འཕན་ལ་གནང༌། དེ་ལ་ཡར་འབྲོག་གི་ཟུག་འཕན་དང༌ཤང་གི་ར་སྟོན་ཀླུ་བཙན་གཉིས་ཀྱིས་ཞུས། ར་སྟོན་གྱིས། ལྷ་རྗེ་བར་སྒོམ་པ་ལ་གནང༌། དེ་ལ་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་ཞུས་ནས་དར་བ་ལ། མཐའ་བཞི་འཕྲུལ་གསས་ཀྱི་བརྒྱུད་པའང་ཟེར་ལ་སྨད་བརྒྱུད་ཅེས་སུ་གྲགས། སྟོད་བརྒྱུད་ནི་ལ་སྟོད་སྨན་གོང་གཟེ་བོན་ནས། བཀའ་བབ་ཆེན་པོ་བཞི་དང༌གསང་བ་པོ་གཅིག་སྟེ་སློབ་མ་ལྔ་ལ་བརྒྱུད་པ་ཡིན་ཏེ། བཀའ་བབ་རྣམ་བཞི་ནི་ས་སྟོན་འབྲུག་ལྷ། སྟོང་འབྱམས་སྒྲ་བླ་སྐྱབས། དབང་ཆེན་པོ་དང༌། སྣ་རོ་བ་ཆེན་པོ་སྟེ་བཞི་དང༌། གསང་བ་པོ་གཅིག་ནི། གཤེན་རྣེལ་བྱེད་གུར[སྙེལ་བྱེད་ནི་གུ]ཡིན། དེའི་སློབ་མ་ཞང་ལྷ་སྒོམ་རིང་མོ་ཡིན་ལ་དེ་ལ་རྨེའུ་དཔའ་བོས་ཞུས་ཤིང་བསྒྲུབས་པས། ཕུར་པའི་རྣལ་འབྱོར་བ་ཆེན་པོར་གྱུར་ནས་གྲུབ་པ་ཐོབ། གུར་ཞོག་བྲག་ལ་ཕུར་བ་བཏབས་པས་གྲུབ་རྟགས་བསྟན། ཁོང་གི་སྲས་ནི་རྨེའུ་ལྷ་རི་གཉན་པོ་ཡིན། ཡབ་ཀྱི་དྲུང་ནས་ཞུས་པས་མཁས་པ་ཆེན་པོར་གྱུར་བ། རྗེ་གུར་ཞོག་པ་ཆེན་པོ་ཞེས་སུ་གྲགས། ས་སྟོན་འབྲུག་ལྷའི་སློབ་མ་ནི་བྱང་གི་ཞུ་སྟོན་དྲང་ང་བོན་པོ་ཡིན་ལ། དེའི་དྲུང་ནས་ དབང་ལྡན་ཞུ་ཡས་ལེགས་པོས་ཞུས་པས། སྔགས་སེམས་ཀྱི་བསྟན་པའི་བདག་ཉིད་ཆེན་པོར་གྱུར། དེ་ལ་སྲས་ལྷ་རྗེ་སྐྱིད་པོ་དང༌། ཞུ་སྐྱེ་སེ་སྨྲ་བའི་སེང་གེ་དང༌། ཟུག་ར་འཕན་སོགས་ཀྱིས་ཞུས་ནས་དར་བ་ལ་སྟོད་བརྒྱུད་ཅེས་སུ་གྲགས་སོ། །
སྟོད་བརྒྱུད་དང༌སྨད་བརྒྱུད་གཉིས་དཀར་གཏུགས་པ་ནི། ཟུག་ར་འཕན་ཡིན་པས། ཟུག་ཕུར་པ་ལ་མཁས་པ་ཆེན་པོར་གྲགས། བརྒྱུད་ཁ་གཉིས་མཐུན་པ་ལས་དར་རྒྱས་སུ་བྱུང་བ་ད་ལྟ་ཀུན་གྱིས་ཉམས་ལེན་བྱེད་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཕུར་པའི་བོན་སྐོར་རྣམས་མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པར་བྱུང་ཞེས་གྲགས། གཞན་ཡང་ལ་སྟོད་གློ་བོ་གེ་དཀར་གྱི་གཙང་ལག་ཁང་ནས་གཏེར་སྒྲམ་གཉིས་རྙེད་པའི་ནང་གསུང་རབ་མདོ་སྡེ་ཆེན་པོ་བཞི། མདོ་ཕྲན་ཉི་ཤུ་རྩ་གཅིག་དང་། ཁྲོ་རྒྱུད་ལྔ་དང་ཕུར་རྒྱུད་དགུ། གེ་ཁོད་རྒྱུད་གསུམ་སྒྲུབ་ཐབས་སྡེ། གསོ་དཔྱད་སྔོ་ཤིང་ལྡུམ་བཅོས་མདོ། ངན་སྔགས་སྡེ་གསུམ་ངན་ཐབས་དྲུག གསོན་བོན་ལྔ་དང་ལྟས་ངན་དྲུག་སོགས་ཀྱི་བོན་སྡེ་མང་ཞིག་བྱོན།
དེ་ནས་ལོ་ཞེ་དགུ་ནས་ཉ་མོ་མགོན་རྒྱ་གར་ཡུལ་དུ་གཤེགས། དེ་ནས་དཀོན་མཆོག་གྲགས་དང་སད་རིན་གཉིས་སླར་བསམ་ཡས་སུ་འཁོར་ཏེ་བསམ་ཡས་ མཆོད་རྟེན་དམར་པོ་ནས་རིན་ཆེན་བསེ་སྒྲམ་དྲུག་རྙེད་པའི་ནང་གསུང་རབ་འབུམ་གྱི་སྡེ་དང་གཅིག མདོ་སྡེ་ཆེ་བཞི་ཆུང་དང་གཉིས། གསང་སྔགས་ནང་གི་སྡེ་དང་གསུམ། གསོ་དཔྱད་སྨན་གྱི་སྡེ་དང་བཞི། སྒྲུབ་ཐབས་ངན་སྔགས་སྡེ་དང་ལྔ། ངན་ཐབས་ལས་སྦྱོར་སྡེ་དང་དྲུག ཕན་བྱ་གསོན་བོན་སྡེ་དང་བདུན། པྲ་ཐབས་ལྟས་ངན་བརྒྱད་དུ་བྱུང་། གཞན་ཡང་ཀུན་འདུས་རྩ་རྒྱུད་དང་ཀླུ་གཏོར་ཆུ་སྦྱིན་ཏོག་གཅིག་མ། གཟེར་མིག་མདོ་དང་ཁྲོ་རོལ་སྐོར། ཁྲོ་བོ་ཨུད་འབར་དྲག་ཟློག་དང་། ཀླུ་མཆོད་སྲུང་ཟློག་བསད་པའི་སྐོར་སོགས་ཨ་ཙ་ར་མི་གསུམ་དང་གཉིས་ཀྱིས་དངོས་གྲུབ་རྙེད་ཚུལ་བཤད་ཀྱང་ཞིབ་ཏུ་མ་གསལ།
དབྲ་ཁྱུང་པས།
ཨ་ཙ་ར་མི་གསུམ་གྱིས་བཏོན་པའི་གཏེར་དེ་ཚོ་ཐོག་མར་ཕར་སུས་སྦས་པ་རེད་དམ།
འདི་ལ་དྲི་བ་འདྲི་ཡ་ཞིག་ལ་ཨ་ཙ་ར་མི་གསུམ་བོན་གྱི་གཏེར་བཏོན་གྱི་ཐོག་མ་བགྲང་ཀྱིན་འདུག ང་རང་གི་བསམ་པ་ལ་གཏེར་བཏོན་ཞེས་པ་སྔོན་བསྟན་པ་གཏེར་དུ་སྦས་དུས་གཏེར་སྲུང་སོགས་ལ་འཕྲིན་བཅོལ་མཛད་དེ་མ་འོངས་པ་ན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་གང་ཟག་ལས་ལྡན་ཞིག་ལ་ལུང་དུ་བསྟན་ནས་གང་ཟག་དེའི་གཏེར་སྒོ་ཕྱེས་ནས་གཏེར་བཏོན་པ་ལ་འཇོག་དགོས་པ་ལས། ཨ་ཙ་ར་མི་གསུམ་ལྟ་བུ་རྒྱ་གར་གྱི་རྐུན་མ་ཁ་ཤས་ཤིག་གིས་བསམ་ཡས་ལ་རྐུ་རྒྱབ་པ་དག་ལ་གཏེར་བཏོན་གྱི་ཐོག་མ་རུ་བགྲང་ན་ཧ་ཅང་ཐལ་ཆེ་བ་དང་ངོ་ཚ་ཞིག་ཀྱང་ཡིན་པར་བསམ།
གཏེར་སྟོན་བན་དེ་མི་གསུམ་ཟེར་དགོས་དོན་གང་།།
དེ་ཡང་རང་རེ་བོན་གྱི་ལོ་རྒྱུས་ལྟར་ན། ཐོག་མར་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་སྐབས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་དུས་སྐབས་
དང་། སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པའི་དུས་སུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་གཡུང་དྲུང་བོན་གྱི་བསྟན་པ་ལ་ཉམས་གུད་ཤུག་ཆེན་ཕྱིན་པའི་སྐབས། བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་དཔེ་རྣམས་སྤྱིར་ས་གནས་བཞི་རུ་གཏེར་དུ་སྦས་པ་དག། ཕྱིས་སྤྱི་ལོའི་དུས་རབས་བཅུ་བའི་ནང་ལ་སྟོད་ཀྱི་མདོག་སྲས་རོང་ནས་ཡིན་པའི་བན་དེ་མི་གསུམ་ནི་༼འདར་བན་ཤཱཀྱ་མུ་ནེ༽༼མཆིམས་ཤཱཀྱ་བྲ་བ༽༼འོ་མ་བྱང་ཆུབ་སེང་གེ༽་དང་གསུམ། བསམ་ཡས་སུ་ནོར་དང་ཆོས་གཏེར་༼རྐུ་འམ༽འཚོལ་དུ་ཕྱིན་པའི་ལམ་ཁར། དུས་རེ་ཞིག་ན་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་ གཏེར་དུ་བླངས་ནས་སྟོད་ལུང་ནས་ཡར་ཐོན་ཏེ། བྱང་ནམ་ར་བྱ་བར་སླེབ་དང་། རྟ་ཁལ་དང་ཆས་ནས་འོང་བའི་བན་དེ་མི་གསུམ་དང་འཕྲད་གསུམ་དང་བྱང་འཕྲོག་རུའི་ཐོག་ཏུ་འཕྲད་པས།ཨ་ཙ་ར་ན་རེ་གར་འགྲོ་བྱས་པས་ཁོངས་གསུམ་བསམ་ཡས་སུ་ཆོས་གཏེར་འདོན་དུ་འགྲོ་དགོས་ཚུལ་བཤད་པས། དེར་ཨ་ཙ་རས་ཆོས་གཏེར་ངེད་ཀྱིས་ཐོན་ནས་ཡོད། ཁྱོད་ཀྱི་རྟ་ཁལ་འདི་དག་ངེད་ལ་བྱིན་དང་། ངེད་ཀྱི་གཏེར་སྒྲོ་ཁྱོད་ལ་སྦྱིན་བྱས་པས་ཁོང་རྣམས་འཁྲིད་ནས་སྒྲོ་བ་བླངས་ཀྱང་གང་འཐེན་པ་ལ་འོད་དང་མེ་སྟག་འཕྲོ་ཡིན་འདུག་པས་ཆོས་ཟབ་མོ་འདུག་སྙམ་སྟེ་ནོར་ཨ་ཙ་ར་མི་གསུམ་ལ་བྱིན་གཏེར་གྱི་སྒྲོ་བ་བན་དེ་མི་གསུམ་གྱིས་ཁྱེར་ནས་སོང༌། ལམ་དུ་ཁ་ཕྱེ་འདོད་ཀྱང་ཆོ་འཕྲུལ་མང་དུ་བྱུང་བས་ཕྱེ་མ་ནུས།དེ་ནས་ཕྱིན་ཏེ་ལ་སྟོད་མདོག་གི་སྨན་གོང་དུ། གཟེར་བན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ་བསྡུད་པས། ཚ་བོ་གཟེ་སྒུར་བྱ་བའི་བོན་པོ་ཞིག་ཀྱང་འདུགདེར་ནས་དཀར་མོ་འབྲུ་བདུན་གྱིས་མཆོད། ལྷ་ཕྱག་ཡང་འཚལ་གསོལ་བ་བཏབས་ནས་སྒྲོ་བ་ཁ་ཕྱེས་ཏེ་བལྟས་པས་ཐམས་ཅད་བོན་དུ་འདུག བན་དེ་གཉིས་ན་རེ་མེ་ལ་བསྲེག་ཟེར་བས་ཆོ་འཕྲུལ་སྣ་ཚོགས་བྱུང༌། འདར་བན་གྱིས་ཉ་ར་བྱས་པས་ཤེས་རབ་རྒྱལ་མཚན་ན་རེ། འདི་རྣམས་ལ་བཀའ་སྲུང་བཙན་པོ་ཡོད་ངེས་པས་ཡུ་བུ་བན་དེ་རེད་པས་བཟུང་མི་ཉན། ཚ་བོ་གཟེ་སྒུར་ལ་བྱིན་དང་བོན་པོས་ནོར་འབུལ་སྲིད་ཅེས་ཟེར་ནས་བན་དེ་མི་གསུམ་གྱི་གཏེར་རྣམས་གཟེ་སྒུར་ལ་ནོར་དང་ཕན་བརྗེ་ལེན་གནང་ཡོད་འདུག། དེས་ནས་བོན་གྱི་ལོ་རྒྱུས་ནང་གཏེར་སྟོན་བན་དེ་མི་གསུམ་ཟེར་བའི་ཐ་སྙད་དེ་ནས་བྱུང་བར་སེམས་སོ།།། དབྲ་ཁྱུང་པས།