ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།

ཕྱི་ལོ་༢༠༢༡ ཟླ་བ་ ༠༢ ཚེས་ ༢༠ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ། བཀའ་རམས་པ་ཝ་ཚང་དྲང་སྲོང་བློ་གྲོས་འོད་ཟེར་གསལ་བཟང་ལགས་དང་། བཀའ་རམས་པ་རྒྱ་བོ་དྲང་སྲོང་ཡེ་ཤེས་འོད་ཟེར་མཆོག་སྒྲུབ་ལགས། བཀའ་རམས་པ་འབྲུ་རིགས་དྲང་སྲོང་ཁྲི་གཙུག་ཚུལ་ཁྲིམས་རྣམ་དག་ལགས་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་དུ་ཕེབས་བསུ་ཞུས་ཏེ་སྐྱ་སེར་མི་མང་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་ཝ་ཚང་དྲང་སྲོང་བློ་གྲོས་འོད་ཟེར་གསལ་བཟང་ལགས། ཡབ་གྲགས་ལྡན་དང་ཡུམ་རིག་འཛིན་ལྷ་མོ་གཉིས་ཀྱི་སྲས་སུ་ ༡༩༨༥ ལོར་མདོ་ཁམས་ཁྱུང་པོ་དཀར་རུའི་སྡེ་ཁོངས་སུ་འཁྲུངས། ཆུང་ནས་རབ་ཏུ་བྱུང་ཏེ་དཔལ་ལྡན་ཀོ་རྒྱལ་དགོན་གྱི་སྒྲིག་ཁོངས་སུ་ཞུགས་ནས་ཡི་གེ་འབྲི་ཀློག་སོགས་རིམ་བཞིན་སྦྱང་པ་བྱས། རང་དགོན་གྱི་སྒྲུབ་གྲྭར་ཞུགས་ནས་སྔོན་འགྲོ་དངོས་གཞི་སོགས་ལོ་གཉིས་ཙམ་རིང་སྦྱོང་བརྩོན་ཞུས། དེ་ནས་སྤྱི་ལོ ༢༠༠༤ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་སྐྱབས་རྗེ་མཁན་སློབ་རྣམ་པའི་གསེར་ཞལ་མཇལ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་བཀའ་དྲིན་སུམ་ལྡན་གྱི་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་མི་ལོ་བཅུ་དྲུག་རིང་སྦྱོང་པ་ཕུལ་ཕྱིན་གནང་། གཞན་ཡང་བསྡུས་གྲྭ་རྟགས་རིགས། ཚད་མ་རང་འགྲེལ་དང་ཐེག་འགྲེལ། ས་ལམ་རང་འགྲེལ་སོགས་དམིགས་བསལ་གྱི་ངག་རྒྱུག་ཡང་མི་ཉུང་བ་འབུལ་མྱོང་ཡོད། ཁྱད་པར་དུ་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་དྲུང་ནས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་སོགས་གདམས་ངག་མི་ཉུང་བ་ཞིག་ཀྱང་ཐོབ་ཡོད། ༢༠༡༢ ལོར་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་པ་གཉིས་ཀྱི་དྲུང་ནས་དྲང་སྲོང་གི་སྡོམ་ཁྲིམས་ཞུས། ཞོར་དུ་ལོ་ངོ་བཅུ་ཙམ་རིང་རྗེ་བླ་མ་མཆོག་གི་ཞལ་ལག་བཟོ་མཁན་གྱི་མ་ཆེན་བྱས་ནས་ཞབས་ཕྱི་ཞུས་མྱོང་ཡོད། ༢༠༡༨ ལོར་བཤད་གྲྭའི་སློབ་ཚན་གྲུབ་ནས་སྔགས་དང་རྫོགས་ཆེན་སོགས་བསྐྱར་སྦྱོང་བྱས། ༢༠༢༠ ལོར་གདན་ས་འདི་ཡི་བཀའ་རམས་པའི་མཚན་རྟགས་ཐོབ། རྒྱལ་ཟླ་བའི་ཚེས་ ༡༥ ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ། སྨྲ་དབང་དགྱེས་པའི་ཉི་མ་ཞེས་གནང་། ༢༠༢༡ ལོའི་ཟླ་བ་ ༢ ཚེས་ ༢༠ ཉིན་སྐལ་བཟང་དགེ་བའི་བཤེས་གཉིན་གྱི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།      རླུང་གྲོགས་པས་བྲིས།

བཀའ་རམས་པ་རྒྱ་བོ་དྲང་སྲོང་ཡེ་ཤེས་འོད་ཟེར་མཆོག་སྒྲུབ་ལགས། རྒྱ་བོ་གྲེ་དགའ་དང་། བསོད་ནམས་ལྷ་འཛོམས་གཉིས་ཀྱིས་རིགས་སྲས་སུ་ ༡༩༨༥ ལོར་འཁྲུངས། ལོ་གསུམ་སྐབས་སུ་ཟླ་གྲགས་སྤྲུལ་སྐུ་རིན་པོ་ཆེའི་མདུན་དུ་བོན་སྐྲ་ཕུལ། དེ་ནས་ལོ་ལྔ་ལ་ཨ་མའི་མཉམ་དུ་འབྲོག་པ་ནང་ལ་ལུག་རྫི་དང་ནོར་རྫི་བྱས་ནས་བསྡད། དེ་ནས་གྲོང་འབེལ་ཚུན་དུ་རྭ་གྱོང་ཁར་སློབ་གྲྭ་ལ་སོང་། ཞོར་དུ་རྡོ་རྗེ་ཚེ་བརྟན་གྱི་མདུན་དུ་ཡི་གེ་ཀློག་འདོན་བསླབས། དེའི་རྗེས་དགོན་པ་ནང་དུ་ལོ་བཞི་ལ་འདན་མ་ཚུལ་ཁྲིམས་རྒྱལ་མཚན་སྒྲུབ་གྲྭར་བཞུགས་སྐབས་སུ་ཁོང་གི་མདུན་ནས་འདོན་ཀློག་སྦྱང་། དེ་ནས་འདན་མ་ཚང་གི་ཨ་དབུ་དང་ཨ་མ་སྲིང་མོ་གྲོང་སོང་པས་འདན་མ་ཚང་ལ་ཞེ་དགུ་གསུམ་རིང་ལ་རྩིས་བབ་སོགས་བཏོན་ནས་བཟུངས་ལྷ་སྡེ་མང་པོའི་ནང་དུ་གཤིན་དགེ་གསོན་རིམ་འདོན་ལ་མང་ཙམ་སོང་པ་ཡིན། ལོ་བཅུ་བདུན་ནས་བཅུ་དགུ་བར་རང་དགོན་ཀོ་རྒྱལ་དགོན་དུ་སྒྲུབ་གྲར་ཞུགས་ཏེ་སྒྲུབ་གྲྭའི་མཁན་པོ་དགེ་ལེགས་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་གྲུབ་དབང་ཤར་རྫ་པའི་མཛོད་ཆེན་སྡེ་ལྔ་ལ་སྦྱངས་པ་ཉམས་ལེན་བྱས། དེ་ནས་ ༢༠༠༤ ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་བཀའ་དྲིན་སུམ་ལྡན་གྱི་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་སྦྱོང་པ་གནང་བ་དང་དབང་ལུང་མན་ངག་གི་བྱིན་རླབས་གང་མནོས་ཐོབ། ༢༠༡༦ ལོར་ནམ་མཁའ་འཕྲུལ་མཛོད་ཀྱི་རྩ་བ་བློ་རྒྱུགས་སྤྲད་ནས་ལོ་གཅིག་གི་ནང་ནས་གྲྭ་མང་ཡོངས་རྫོགས་ཀྱི་དབུས་ནས་ངག་རྒྱུགས་ཀྱི་རྒྱུགས་འབྲས་ཨང་དང་པོའི་གཟེངས་རྟགས་ཐོབ། བཤད་གྲྭའི་སློབ་ཚན་རྫོགས་རྗེས་སྒྲུབ་གྲྭར་ཞུགས་ནས་རྫོགས་ཆེན་བླ་མེད་སྡེ་བཞི་ལ་གསན་བསམ་ཉམས་ལེན་བྱེད་བཞིན་པ་དང་། འདི་ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཤར་བ་བཅས་སོ།།

བཀའ་རམས་པ་འབྲུ་རིགས་དྲང་སྲོང་ཁྲི་གཙུག་ཚུལ་ཁྲིམས་རྣམ་དག་ལགས། སྤྱི་ལོ་༡༩༨༡ལོ་ཁྱུང་པོ་གཏམ་སྟོད་དུ་འཁྲུངས། རྩ་བླ་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེ་མཆོག་དང་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་དུ་གཙང་གཙུག་གི་སྡོམ་པ་ཞུས་ནས་ཁྱུང་ཡུལ་རི་ཁྲོད་དགོན་དུ་སྒྲུབ་གྲྭར་ཞུགས། ༢༠༠༤ལོའི་ཟླ་བ་༡༡པའི་ཚེས་ཤར་ལ་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེར་འབྱོར། ༢༠༠༥ཟླ་༡ཚེས་༢༧ཉིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྒྲིག་ཞུགས། དེ་རྗེས་སུ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ནས་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པར་དགོན་གྱི་བཅའ་གཞི་ལྟར་མཐར་ཕྱིན་གནང་ནས་འདི་ལོ་སྟེ།  ༢༠༢༡ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེར་རབ་འབྱམས་དགེ་བའི་མཚན་བཏགས་བཞེས་ལ་ཉེ་བ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་༢༠༢༡ཟླ་༡ཚེས་༢༥ཉིན་ཕྲན་ཡོན་ཏན་རྒྱ་མཚོས་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༢༠ ཉིན།

པར་པ་རླུང་ཞགས།

114590cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།
(སྤྱིའི་གཟིགས་གྲངས། 1,108 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧོར་ཟླ་དང་…
error: རྩོམ་འདི་བདག་དབང་ཅན་ཡིན།