ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་རིམ་ཉིན་བཞི་པ།

ཕྱི་ལོ་ ༢༠༢༡ ཟླ་བ་ ༠༢ ཚེས་ ༢༡ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ། བཀའ་རམས་པ་མགར་ཆེན་བློ་གྲོས་དཔལ་གྱི་དབང་ཕྱུག་ལགས་དང་།  བཀའ་རམས་པ་དྲང་སྲོང་ཚུལ་ཁྲིམས་སྦྱིན་པ་རྒྱལ་མཚན་ལགས། བཀའ་རམས་པ་བྲུ་དྲང་སྲོང་ཁྲི་བརྟན་ཚུལ་ཁྲིམས་རྒྱལ་མཚན་ལགས་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་དུ་ཕེབས་བསུ་ཞུས་ཏེ་སྐྱ་སེར་མི་མང་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་མགར་ཆེན་བློ་གྲོས་དཔལ་གྱི་དབང་ཕྱུག་ལགས་ནི། ཕྱི་ལོ་༡༩༨༡ལོའི་ཟླ་༡ཚེས་༢༤ཉིན་ཁྱུང་པོ་ངས་པ་རུ་སྐུ་འཁྲུངས་ཤིང་། གཞོན་ནུའི་བྱ་བཞག་བླངས་དོར་མ་ནོར་བ་སྤྱི་མཚུངས་ལྟར་བསྐྱངས་ཏེ། ཡི་གེ་འབྲི་ཀློག་སོགས་ཤེས་རིག་གི་རྨང་གཞི་རྐང་ཚུགས་པར་བྱས། ༢༠༠༥ ལོའི་ཟླ་བ་༡ཚེས་༤ཉིན་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེར་འབྱོར། ༢༠༠༥ཟླ་༡ཚེས་༢༧ཉིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་ཁོངས་སུ་ཞུགས། ༢༠༠༩  ས་བྱ་ལོའི་ཧོར་ཟླ་༡༢པའི་ཚེས་༣༠ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ཤིང་ཚུལ་མིང་དུ་བློ་གྲོས་དཔལ་གྱི་དབང་ཕྱུག་ཅེས་གསོལ། ༢༠༡༧ལོར་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་འབུམ་ཞུ་དག་གི་གོ་སྐབས་ཐོབ། ཕྱི་ལོ་༢༠༡༨ལོར་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་འཕྲོད་བསྟེན་འགན་འཛིན་གནང་། ༢༠༡༩ལོར་རྩོད་རྒྱུགས་ཨང་རིམ་དང་པོའི་བྱ་དགའ་ཐོབ། འདི་ལོར་བཀའ་རམས་པའི་མཚན་གནས་གནང་ཞིང་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ « དབྱངས་ཅན་དགྱེས་པའི་བློ་ལྡན་» ཞེས་གནང་བ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་སྤྱི་ལོ་༢༠༢༡ལོར་རབ་འབྱམས་དགེ་བའི་བཤེས་གཉེན་བཞེངས་ལ་ཉེ་བར་བརྟེན་དགོས་དམིགས་ལ་བརྟེན་ཏེ་ཕྲན་ཡོན་ཏན་རྒྱ་མཚོས་བྲིས།

བཀའ་རམས་པ་ཨ་ཁུ་དྲང་སྲོང་ཚུལ་ཁྲིམས་སྦྱིན་པ་རྒྱལ་མཚན་ལགས་ནི། གངས་རི་ར་བས་བསྐོར་བའི་བོད་གངས་ཅན་ལྗོངས་ལ། མདོ་དབུས་ཁམས་གསུམ་ཕྱེས་པའི་མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་། སྦྲ་ཆེན་རྫོང་ཡག་ལྔ་ཤང་ཁྲོམ་ཚང་འགག་གོང་འབོམ་ཆེན་ནང་ཞེས་པའི་འབྲོག་ས་དེར། ཕ་ཨ་ཁུ་རྒྱལ་འགྲུབ་དང་མ་བཟོ་གཟའ་བོ་སྐྱིད་གཉིས་ཀྱི་སྤྱི་ལོ་ ༡༩༨༢ ལོར་སྐྱེ་སྲིད་ཀྱི་ལྟེ་ཁྲག་དམར་པོ་འཐོར། དེ་ནས་རང་ལོ་བཅུ་བར་བཀའ་དྲིན་གཞལ་ཟླ་བྲལ་བའི་ཕ་མ་གཉིས་དང་ཤ་རུས་ཁྲག་རྒྱུད་གཅིག་ལས་ཆད་པའི་མིང་སྲིང་རྣམས་ཀྱིས་བྱམས་སྐྱོང་འོག་འཚར་ལོངས་བྱུང་ཞིང་། དེ་ནས་རང་ལོ་བཅུ་བདུན་བར་འབྲོག་པའི་ཕྱུགས་རིགས་དཀར་ནག་ཁྲ་གསུམ་སོགས་འཚོ་བསྐྱངས་གནང་བ་དང་། ལྷག་ཏུ་ཕ་མ་སྤུན་མཆེད་སོགས་ལ་ཞབས་ཕྱི་གང་ཐོབ་ཞུས། སྤྱི་ལོ་ ༡༩༩༩ ལོ་རང་ལོ་བཅུ་བདུན་ཐོག་ཨ་ཞང་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེའི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་འདོན་ཀློག་བསླབས་ནས་རང་ལོ་ཉེར་བཞི་མ་ཟིན་བར་ལོ་ལྔ་ཡི་རིང་གཤིན་པོའི་དགེ་བསྔོ་དང་གསོན་པོའི་ཞབས་རིམ་སོགས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་གནང་མཛད། སྤྱི་ལོ་ ༢༠༠༤ ལོར་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་བྱང་ཕྱོགས་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་སུ་གནས་གཞིས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༢༠༠༥ ཟླ་ ༡ ཚེས༡༤ཉིན་འབྱོར་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་གཙོས་མཁན་སློབ་རྣམ་པ་དང་མཁས་མང་འདུས་སྡེ་རྒྱ་མཚོར་མཇལ་བའི་སྐལ་བཟང་ཚེས། ལྷག་པར་དུ་གསང་གསུམ་བོན་གྱི་མཛོད་འཛིན་སྨན་རིའི་སློབ་དཔོན་ཆེན་མོ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་སློབ་རྣམ་པ་དང་འདུས་སྡེ་སེམས་དཔའ་རྒྱ་མཚོའི་དབུས་སུ་གཙང་མ་གཙུག་ཕུད་སྡོམ་པ་ཞུས། ཕྱི་ལོ་༢༠༠༥ཟླ་༡ཚེས་༢༧ཉིན་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་སྤྱི་ལོ་༢༠༢༡ལོའི་བར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་རིང་ལ་མཁན་སློབ་རྣམ་པ་གཙོས་པའི་དགེ་བཤེས་དང་འཛིན་གྲྭ་རྒན་རིགས་བཅས་ཀྱི་མདུན་ནས། ཐུན་མིན་རིག་གནས་བསྡུས་རྟགས་ཚད་གསུམ་དང་། ས་ཕར་ཐེག་གསུམ། འདུལ་མཛོད་དབུ་གསུམ། ཕྱི་ནང་གསང་བའི་སྔགས་རྫོགས་བཅས་ཀྱི་གཞུང་ཆེན་སོགས་དང་། ཐུན་མོང་རིག་གནས་སུམ་རྟགས་དག་གསུམ་རྩིས་དཀར་ནག་དཀྱིལ་འཁོར་ཐིག་རྩ་དང་སྐུ་བརྙན་སྐུ་གདུང་གི་གཟུངས་གཞུག་འབུལ་སྟངས་སྨན་དཔྱད་སྒྲ་རིག་དང་བཅས་ལ་ཞལ་ཁྲིད་དང་སྦྱོང་བརྩོན་གནང་བ་མ་ཟད་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་བའི་སྐུ་མདུན་ནས་ཕྱི་དབང་ཆ་ཚང་དང་ནང་དབང་གསས་མཁར་མཁར་མཆོག་སོགས་དབང་ལུང་གང་མང་ཐོབ་པ་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་ཆེན་པོའི་སྐུ་མདུན་ནས་བཀའ་དབང་མ་རྒྱུད་དབང་བཞི་སོགས་དང་རིན་པོ་གསུངས་འབུམ་ཆ་ཚང་ཞིག་ལུང་གང་མང་ཐོབ།  དགོན་དེའི་༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་མདུན་དུ་ཁྲིད་ལུང་དབང་སོགས་བསམ་ལས་འདས་པ་ཞིག་ཐོབ། དམིགས་བསལ་སློབ་གཉེར་སྐབས་སུ་བློ་རྒྱུགས་འཕར་མ། ཀུན་མཁྱེན་ཉི་མའི་བསྡུས་གྲྭ་དང་། དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས། རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི་ཚད་འགྲེལ་དང་ས་ལམ་འགྲེལ་བ །སྟོན་པའི་ཐེག་འགྲེལ། མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད་བཅས་ངག་རྒྱུགས་ཕུལ་བའི་གཟེངས་རྟགས་ཐོབ་པ་དང་། སྤྱི་ལོ་༢༠༠༦ ནས་༢༠༡༣ བར་ལོ་གྲངས་ཧྲིལ་པོ་༧རིང་ལ་ཚོགས་དང་། འཆད་ར། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པའི་འབད་བརྩོན་གནང་བའི་གཟེངས་བསྟོད་ཐོབ་པ་དང་། སླར་ཡང་སྤྱི་ལོ་༢༠༡༤ ནས་༢༠༢༠ བར་ལོ་གྲངས་ཧྲིལ་པོ་༦ རིང་ཚོགས་དང་། འཆད་ར། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པའི་འབད་བརྩོན་ཧ་ཅང་ཡག་པོ་ཞིག་གནང་བའི་གཟེངས་བསྟོད་ཐོབ། བསྡོམས་ན་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་ལ་ཞུགས་ནས་ད་བར་མི་ལོ་ཧྲིལ་པོ་༡༣རིང་ཚོགས་དང་། འཆད་ར། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པའི་འབད་བརྩོན་གནང་བའི་གཟེངས་བསྟོད་བཅུ་གསུམ་ཐོབ་ཡོད། ལྷག་པར་དུ་མི་ལོ་ཧྲིལ་པོ་བཞིའི་རིང་ཚོགས་དང་འཆད་ར་དཔེ་ཁྲིད་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པའི་གཟེངས་བསྟོད་ཐོབ་སྐབས་སུ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་ཞིག་ཡོངས་འཛིན་ཆེན་མོས་ཕྱག་ལག་དྲོད་མོ་ནང་ནས་གསོལ་བརྩལ་གནངས་བར་དེ་ནི་བསྐལ་བ་བརྒྱ་ལ་ཐོབ་པར་དཀའ་བའི་དངོས་གྲུབ་བམ་རིན་ཐང་བྲལ་བའི་ནོར་བུ་རློན་པ་ཞིག་ཡིན། སྤྱི་ལོ ༢༠༡༠ ལོ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོའི་སྐབས་སུ་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་། སྤྱི་ལོ ༢༠༡༨ལོའི་ལོ་འཁོར་རིགས་གནས་ཀྱི་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་ཨང་དང་པོའི་གཟེངས་རྟགས་ཐོབ། སྤྱི་ལོ་༢༠༡༨ལོ་དང་སྤྱི་ལོ་༢༠༡༩ལོ་གཉིས་ལ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་གཞུང་ཆེན་ཆེད་སྦྱོང་འཆད་རྒྱུགས་ཆེན་མོའི་ཐེངས་གཉིས་ལ་ཨང་དང་པོའི་གཟེངས་བསྟོད་གཉིས་ཐོབ་ཡོད། སྤྱི་ལོ་ ༢༠༠༩ ཟླ་༡ཚེས་ ༢༤ ཉིན་བོད་ས་བྱི་ལོའི་ཧོར་ཟླ་ ༡༢ ཚེས་ ༣༠ སྐར་མ་མོན་གྲེ་འཕྲོད་ས་ཆུ་ཉིན། ༧སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་སོ་གསུམ་པ་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་མདུན་ནས་དྲང་སྲོང་སྡོམ་པ་ཞུས་ནས་མཚན་ཚུལ་ཁྲིམས་སྦྱིན་པ་རྒྱལ་མཚན་ཞེས་གསོལ། སྤྱི་འཚོགས་ཞབས་ཞུ་དང་འབྲེལ་སྤྱི་ལོ་༢༠༡༦ལོའི་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་གཅིག་པའི་འཕྲོད་བསྟེན་འགན་འཛིན་གྱི་ལས་དོན་བསྒྲུབས་པ་དང་། སྤྱི་ལོ་༢༠༡༨ལོའི་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་རྩིས་པའི་ལས་དོན་བསྒྲུབས། སྤྱི་ལོ་༢༠༡༩ལོར་རྩ་རླུང་གཏུམ་མོའི་ཉམས་ལེན་ཞགས་བརྒྱ་གནང་མཛད། སྤྱིལོ༢༠༡༡ལོ་ནས་ད་བར་འཛིན་རིམ་འོག་མ་འགའ་ཞིག་ལ་བསྡུས་རྟགས་ཚད་གསུམ་དང་ས་ཕར་ཐེག་གསུམ་སོགས་ཟུར་ཁྲིད་གནངས་མཛད། ལྷག་པར་དུ་༢༠༢༡/༡/༢༣བོད་ལྕགས་བྱི་ལོའི་ཧོར་ཟླ་བཅུ་གཉིས་ནང་ཚེས་༡༠ ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་དབུས་སུ་དགེ་བཤེས་དམ་བཅའ་ཆེན་མོ་བློ་རྒྱུགས་འབུལ། ༢༠༢༡/༡/༢༨ཧོར་ཟླ་བཅུ་གཉིས་རྒྱལ་ཕུར་འགྲུབ་སྦྱོར་ཚེས་༡༥ཉིན་༧སྐྱབས་རྗེ་མཁན་སློབ་རྣམ་པའི་དབུས་སུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བརྡ་སྤྲོད་ཀུན་བཤད་མཚན་འཁོར་འདས་རང་གྲོལ་ཞེས་གསོལ་བསྩལ་གནོངས།  ༢༠༢༡/༢/༢༨ཧོར་ཟླ་དང་པོའི་ཚེས་༡༦ཉིན་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆ་ཚང་དང་རིག་པའི་གནས་ལྔ་བཅས་ལ་སྦྱོང་པ་མཐར་ཕྱིན་ནས་རབ་འབྱམས་དགེ་བའི་བཤེས་གཉེན་ཀྱི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་གནས་བསྡུས་སུ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ནས་ཕྱི་ལོ་༢༠༢༡ཟླ་༢ཚེས་༡༩ཉིན་བྲིས།

བཀའ་རམས་པ་བྲུ་དྲང་སྲོང་ཁྲི་བརྟན་ཚུལ་ཁྲིམས་རྒྱལ་མཚན་ལགས་ནི། ཕྱི་ལོ་ ༡༩༨༩ ལོར་འཁྲུངས། ཕྱི་ལོ་ ༢༠༠༥ ༡ ༢༧ ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༠༩  ས་བྱ་ལོའི་ཧོར་ཟླ་༡༢པའི་ཚེས་༣༠ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས། སྒྲིག་སྒོར་ཞུགས་ནས་བཟུང་ཕྱི་ལོ་༢༠༢༡ བར་མི་ལོ་ཧྲིལ་པོ་བཅུ་བདུན་གྱི་རིང་ལ་སློབ་ཚན་བཅའ་བཀོད་ལྟར་གཡུང་དྲུང་བོན་གྱི་གཞུང་ལུགས་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་དང་འཆད་རྩོད་ཚུལ་བཞིན་མཛད། ༢༠༢༠་ལོར་བཀའ་རམས་པའི་མཚན་བཏག་གནང་། གདན་སའི་བླ་བྲང་དུ་མཁན་སློབ་དགེ་རྒན་རྣམས་ལ་རིག་གནས་ཤོག་ཁྲ་སྤྱན་འབུལ་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་<<ཡེ་དབང་རིག་པའི་དཔའ་བོ>>ཞེས་གསོལ། ༢༠༢༡ ༢༡  ཉིན་དགེ་བཤེས་མཛད་སྒོའི་སྔོན་འགྲོའི་བཤད་པ་དང་གཏོང་སྒོ་ཆེན་མོ་ཡིན་ཞིང་། ༢༠༢༡ ༢ ༢༧ ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བསྩལ་བཞེས་གནང་བའི་སྐལ་བཟང་འཆར་ལ་ཉེ་བ་བཅས་བྲུ་འཇིགས་མེད་ནས་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༢༡ ཉིན།

པར་པ་རླུང་ཞགས།

(སྤྱིའི་གཟིགས་གྲངས། 1,533 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་༢༠༢…
error: རྩོམ་འདི་བདག་དབང་ཅན་ཡིན།