ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བོད་ལྕགས་གླང་ལོའི་དུས་མཆོད་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་འཚོགས་པའི་གནས་བསྡུས།

 

 

 

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་འཚོགས་པའི་སྐོར་དང་དེའི་དགོས་པ་བཅས་གླེང་བ་ནི། ཉེ་ལམ་སྡེ་བཞི་ཡི་དུས་མཆོད་འདི་ནི་ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཉིན་བཞི་རིང་ལ་ལོ་ལྟར་འཚོགས་ཀྱི་ཡོད་པ་རེད། འདི་ནི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དགོན་པ་འདི་ཕྱག་བཏབ་ནས་དགོངས་གཞི་དགོས་པ་རྒྱ་ཆེན་པོར་གཟིགས་ཏེ་འཚོགས་རྒྱུའི་སྲོལ་བཙུགས་པ་ཞིག་ཡིན། ཅི་སྟེ་ན་ང་ཚོ་འཇིག་རྟེན་མི་ཞིག་ཡིན་ཕྱིན་ཆད་འཇིག་རྟེན་འདིར་ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པ་ལས་གཞན་གནས་ས་མེད་པ་རེད། དེ་ཡིན་དུས་རང་བྱུང་གི་ཁོར་ཡུག་ཆེན་མོ་འདི་ནི་ང་ཚོ་མི་གཅིག་པུས་གང་འདོད་འདོད་དུ་ལོངས་སྤྱོད་རྒྱུ་མ་ཡིན་པར། སྐྱེ་འགྲོ་ཐུན་མོང་གིས་ལོངས་སུ་སྤྱོད་རྒྱུའི་མ་བགོས་སྤྱི་བཞག་གི་ནོར་བུ་ཞིག་ཡིན་པ་ལས་ང་ཚོ་གཅིག་པུའི་སྒེར་ནོར་ཞིག་མིན། འོན་ཀྱང་ང་ཚོ་རང་ཉིད་མ་གཏོགས་གཞན་གང་ལ་ཡང་སེམས་ཁུར་མི་བྱེད་ནས་ཡ་མེད་གཏོང་མཁན་ཞིག་ཡིན་པར་སོང་། འབྱུང་བ་བཞི་འདི་མི་གཅིག་པུས་སྒེར་བདག་དགོས་པའི་འདུ་ཤེས་ཚ་དྲགས་པ་མ་ཟད། ལྷ་མེད་འདྲེ་མེད་ཀྱི་ལྟ་བ་ཁུར་ནས་གང་བྱུང་མང་བྱུང་དུ་ས་རྐོ་རྡོ་སློག་ཆུ་འདྲེན་ཤིང་གཅོད་གཏེར་ཁ་བསྔོག་འདོན་སོགས་ཚད་ལས་བརྒལ་བའི་ཁོར་ཡུག་གཏོར་བཤིག་དང༌། སྣོད་བཅུད་འབག་བཙོག ཁེ་ལས་འཛུག་སྐྲུན་སོགས་བྱེད་ཆེ་ན་འཇིག་རྟེན་ཁམས་ལ་དབང་སྒྱུར་ལྷ་ཀླུ་གཞི་བདག་སོགས་ཐུགས་འཁྲུག་ཏེ་འཛམ་གླིང་འདིའི་ཐོག་ལོ་རེ་ནས་ལོ་རེ་བཞིན། ཆར་ཆུ་ཇེ་ཉུང༌། ནད་ཡམས་ཇེ་མང་། འཁྲུག་རྩོད་ཇེ་རྒོད། འབྱུང་བཞིའི་གཡོ་འཁྲུག་ཇེ་ངན་འགྲོ་བཞིན་པ་འདི་བྱུང་བ་ཡིན་ཏེ། ཉེ་ལམ་སྡེ་བཞིའི་སྟོད་ཆོག་ལས། གདུག་རྩུབ་གནོད་འགལ་ཆེ་བ་ནི། །ཡོན་ཏན་ཐམས་ཅད་ཀུན་འབྱུང་ཡང་། །གདུག་རྩུབ་མི་ཁྱབ། །ཕར་ལ་གདུག་པ་མ་བྱས་ན། །ཚུར་ལ་གནོད་པ་མི་བྱེད་ངེས། །དུག་དང་ཐབས་གཞོབ་མཁོན་དང་བྷར། །དམེ་མནོལ་བང་སྨེ་འཕྲུ་བཏུལ་ནས། །དེ་དག་ལ་སོགས་གདུག་པ་བྱས་པ་ནི། །ས་ཡང་ཁ་ཞབས་ལོག་པ་དང༌། །རྒྱ་མཚོ་གཏིང་བརླག་རི་རབ་ཁ་ཞབས་ལོག །རི་བདུན་ནམ་མཁའ་འཕང་དང་གླིང་བཞིར་འགྱུར། །གླིང་ཕྲན་ཁ་སྦུབ་སྲིད་པ་ཁ་ཞབས་ལོག །ནད་མུག་མཚོན་གསུམ་མེ་བདུན་ཆུ་གཅིག་འབྱུང་། །ཞེས་གསུངས་པ་ལྟར་གྱི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། རྒྱུ་མཚན་དེའི་ཕྱིར་ན་དགོན་པ་དང་གྲོང་ནག་སུ་ཞིག་ཡིན་རུང་ས་ཆུ་རྡོ་ཤིང་སོགས་འབྱུང་བ་ལྔ་ལོངས་སུ་སྤྱོད་མི་དགོས་མཁན་སུ་ཞིག་མེད་སྟབས། འཇིག་རྟེན་ཁམས་ལ་དབང་སྒྱུར་བའི་མངའ་དབང་ཅན་ཆུ་ལ་གནས་པའི་ཀླུ། ཤིང་ལ་གནས་པའི་གཉན། རྡོ་ལ་གནས་པའི་གཏོད་སོགས་བྱུང་བའི་བདག་པོ་འདི་ཚོ་ལ་ཕོག་ཐུག་མི་ཤོར་བའི་ཐབས་ལ་འབད་པ་དང་། ཕོག་ཐུག་ཤོར་ཟིན་པ་རྣམས་ལ་བཤགས་སྦྱོང་དང་བཟོད་གསོལ་གྱི་ཆེད་དུ་ངེས་པར་དུ་མཆོད་བསྟོད་བྱེད་དགོས་ཏེ། གཟི་བརྗིད་ཡེ་གཤེན་ཐེག་པའི་མདོ་ལས། ཐེག་པ་རིམ་དགུ་བོན་སྒོ་གང་སྤྱོད་ཀྱང༌། །འཇིག་རྟེན་བདག་པོ་མངའ་དབང་ཅན་རྣམས ། །དཀར་མཆོད་གཙང་མའི་གཏོར་མ་མ་བཏང་ན། །བདེར་གཤེགས་ཕོ་བྲང་གཞལ་ཡས་མ་སླང་ན། །མངའ་དབང་བདག་པོ་ས་བདག་ཀླུ་གཉན་རྣམས། །བསྟན་པ་ཇི་ལྟར་བསྲུང་ཡང་ཀོ་ལོང་དམ། །ཤེས་རྒྱུད་ཇི་ལྟར་འཇམ་ཡང་ལྷ་མིན་རིགས། །དེ་ཕྱིར་ས་བདག་ཀླུ་གཉན་དཀར་གྱིས་མཆོད། །རྩི་ཤིང་ཞུག་དང་གསེར་སྐྱེམས་ཡས་སྟགས་རྫས། །རྒྱལ་བའི་བདེན་བདར་སྨྲང་གིས་བཀྲོལ་ལ་འབུལ། །འཇིག་རྟེན་མངའ་དབང་ཅན་རྣམས་དགྱེས་པར་བྱ། །ཞེས་དང༌། ཡང་དེ་ཉིད་ལས། ཞིང་ཁམས་བདེ་དང་ལོ་ཏོག་ལེགས་པ་དང་། །རྒྱལ་ཁམས་དར་དང་མངའ་རིས་འཕེལ་བ་དང་། །ཕྱེད་ཙམ་སྔོན་མའི་ལས་ཀྱིས་བསྐོས་ལགས་ཀྱང་། །ཕྱེད་ཙམ་ས་བདག་མངའ་དབང་རྣམས་ལས་བྱུང་། །འདི་ལ་ཐབས་དང་བསྟུན་པར་མ་ཤེས་ན། །མི་དགེ་ཉེས་པའི་རྩ་བ་འདི་ལས་བྱུང་། །དེ་ཕྱིར་ས་བདག་ཀླུ་གཉེན་བཅོས་པར་བྱ། །ཞེས་གསུངས་པ་ལྟར་ཡིན།ང་ཚོས་རྨོ་རྐོ་སོ་ནམ་ཚོང་ཁེ་འཛུག་སྐྲུན་བག་མ་བཏང་ལེན། དེ་བཞིན་ལོ་ངན་ཟླ་ངན་སྐར་ངན་ཞག་ངན་སོགས་ལ་མ་ཤེས་མ་རིག་དབང་གིས་ས་བདག་ཀླུ་གཉན་ལ་ཕོག་ཐུག་ཤོར་བ་དེ་དག་ཡོ་བ་བསྲངས་ཤིང་མཁོན་པ་སྡུམ་པའི་ཐབས་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ཀླུ་གཉན་ས་བདག་གཏོད་བཞི་བཅོས་ཐབས་ཉེ་ལམ་སྡེ་བཞི་འདི་བསྟན་པ་ཡིན་ཏེ། ཉེ་ལམ་སྡེ་བཞིའི་སྟོད་ཆོག་ལས། དེ་ལྟར་མཐུ་སྟོབས་ཆེ་བས་གནོད་འགལ་གདུག་རྩུབ་ཞི་ཕྱིར་ཆེ། །ཐབས་དང་ཤེས་རབ་ལྡན་པ་ཡི། །གདུག་པ་བར་ཆད་འདུལ་ཐབས་བསྟན། །འཁོར་རྣམས་མ་ཡེངས་གུས་པས་ཉོན་། །ཐབས་ལ་མཁས་པའི་སྐྱེས་བུ་སྐལ་ལྡན་གྱིས། །སྐྱེ་མེད་གདོད་དག་ཀླུ་མོ་ཤེས་རབ་ངང་ཉིད་ཅན། །སྤྱོད་པ་མས་ཡར་འཛེགས་པའི་ཐབས་དང་ལྡན། །ཅིར་གདུག་ཆོ་འཕྲུལ་ཐབས་ཆེ་རྩོད་པ་ན། །ཇི་འཚོང་དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་བཤམས། །ཏིང་འཛིན་དགོངས་ལྡན་མཛེས་སྒྱུར་ལུས་ངག་ཡིད། །བརྩོན་འགྲུས་ཤུགས་དྲག་སྐྱེ་མེད་གདོད་བཞག་ན། །བར་ཆད་རང་ཞི་ནམ་མཁའ་སྤྲིན་པ་ལྟར། །གདུག་པའི་ཆོ་འཕྲུལ་བཟློག་པར་ངེས། །ལོངས་སྤྱོད་ལྡན་ཞིང་བཀྲ་ཤིས་ཕུན་སུམ་འཚོགས། །བདག་གཞན་དོན་གྲུབ་དབྱིངས་ཀློང་བྱང་ཆུབ་ངེས། །འཁོར་རྣམས་མ་ཡེངས་དད་པས་ཡིད་ལ་ཟུངས། ཞེས་གསུངས་སོ། །ཉེ་ལམ་སྡེ་བཞིའི་བཤགས་པའི་ཡིག་ཆུང་ལས། གཞན་ཡང་འདོད་ཆགས་འཁྲུལ་པ་ལས་སྤྱོད་པ། །ཆུ་ལ་རྐ་དྲང་ཆུ་བདག་འཐུལ་བ་དང་། །གཉན་རི་ཀླུ་རི་ཞིང་དུ་རྨོས་པ་དང་། ཤིང་གཉན་བཅད་དང་ཆུ་གཉན་བཅུས་པ་དང༌། རྡོ་གཉན་བཟློགས་དང་བྲག་གཉན་བརྐོས་པ་དང༌། རྩི་གཉན་བྲག་དང་རི་གཉན་བཤིགས་པ་དང་། །ས་གཉན་འབོས་དྲང་ལུང་གཉན་སུལ་གཏུབ་དང་།མཚོ་གཉན་ཆུ་བསྐོར་དུག་གཡོས་བླུག་པ་དང༌། ཆུ་གཉན་འབོག་དང་མཁར་གཉན་རྨིང་བྲུས་པ། །འབོས་གཉན་རྐང་བཅགས་བྱ་གཉན་བསད་པ་དང་། དེ་ལྟ་བུ་ས་བདག་ཀླུ་གཉན་སྣད་པ་དང་། ཞེས་པ་ནས། རུས་པ་བཅག་དང་རྩ་དཀར་བྲག །དབང་པོ་རྣམས་སྣད་དུ་བཅུག་པ་དང་། །དེ་ལ་སོགས་ཏེ་འགལ་བ་ཅི་བགྱིས་པ། །བདེར་གཤེགས་ལྷ་དང་གཙང་མའི་ཀླུ་གཉན་དང་། གཏོད་དང་ས་བདག་མགྲོན་རྣམས་སྤྱན་སྔར་མཐོལ་ལོ་བཤགས། ཞེས་གསུངས་པ་ལྟར་རོ། །

དེ་བཞིན་དུ་ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་གཞུང་འདི་ནི་ཐོག་མར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་དགོངས་གཞི་དགོས་པ་རྒྱ་ཆེན་པོ་ལ་གཟིགས་ཏེ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་རིག་པའི་གནས་ཆེན་ལྔ་ཡི་བྱུང་ཁུངས་ཀྱི་ཕུགས་ངོ་མ་ཀུན་འབུམ་གྱི་བརྒྱུད་ལས། ཀུན་འབུམ་གོ་འབྱེད་ས་ཡི་ལྷ་དང་། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ་དང༌། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ་དང་། ཀུན་འཇོམས་རྒྱལ་པོ་ཆུ་ཡི་ལྷ་དང་བཅས་སྒྲུབ་པའི་གཞུང་འདི་ཉིད་བསྒྲིགས་མཛད་དེ་༢༠༡༤ལོའི་ཟླ་བ་༡༡ནང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་ལ་ལྗགས་ལུང་བཀའ་དྲིན་བསྩལ། ༢༠༡༥ལོའི་ཟླ་༠༡ནང་ཀུན་འབུམ་གྱི་དཀྱིལ་འཁོར་ཞལ་ཐོག་མར་ཕྱེས་ཏེ་སྨྲ་དབང་ཡོངས་འཛིན་བླ་མ་མཆོག་གིས་ཉིང་གྲངས་གསུམ་གྱི་རིང་ལ་ཀུན་འབུམ་གྱི་དབང་བཞི་བཅས་བཀའ་དྲིན་བསྩལ། སྒྲུབ་གཞུང་འདི་ནི་རིག་པའི་ལྷ་མཆོག་སྒྲུབ་ཐབས་དང་འབྱུང་བཞིའི་གཡོ་འཁྲུག་བཅོས་ཐབས་ལ་ཤིན་ཏུ་རྩལ་ཆེ་བའི་ཕ་མྱེས་ཀྱི་རིག་གཞུང་རྙིང་པ་ཞིག་ཡིན་ཏེ། ཀུན་འབུམ་ཕྱག་བཞེས་ལས། དེའི་ཕྱིར་ཀུན་མཁྱེན་རྒྱལ་བས་རྟེན་གཡོ་ཡི། །ཁམས་ལ་བརྟེན་པའི་བཅུད་ཀྱི་འགྲོ་བ་ལ། །ལེགས་སྤེལ་ཉེས་སེལ་བདེ་ལ་འགོད་པའི་ཐབས། །རིག་པའི་གནས་ཆེན་འདོད་འབྱུང་དབྱིགས་དབང་གསུངས། །དལ་འགྲོའི་ཚོགས་རྣམས་གངས་ལས་འབྱུང་བ་བཞིན། །གནས་ལྔ་རིག་པའི་སྐུ་ལྔའི་བཀོད་པའི་ཚུལ། །ཇི་ལྟར་གསལ་བར་གདམས་པ་གཏོ་ཡི་སྦྲམ། །ཞལ་ཕྱེས་བཀོད་པ་འདི་ཉིད་གལ་ཆེ་སྙམ། །ཞེས་དང་། དབང་ཆོག་ལས། འདི་དག་མཁོ་བའི་བསྐུལ་མ་མེད་མོད་ཀྱང་། །རྒྱལ་བའི་བསྟན་ལ་འགང་ཆེན་ངེས་རྟོགས་ཏེ། །བསྲི་ཞུ་ཚུལ་དང་དད་དང་སྤྲོ་བཞིན་དུ། །བྲིས་པའི་དགེ་ཚོགས་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་དང་། ཀུན་འབུམ་རྟོགས་བརྗོད་ལས། གཞུང་འདིར་གཡེན་སྡེ་ལོ་ཟླ་འབྱུང་བ་ལ། །བརྟེན་པའི་སེམས་ཅན་བསམ་འདས་ཚོགས་རྣམས་ལ། །ཕན་བདེའི་འཕྲིན་ལས་རྒྱ་ཆེར་གསུངས་པ་དག །མ་མཐོང་མེད་པར་སྨྲ་ལ་འདི་མི་མཁོ། །རྣམ་ཀུན་སྒྲིབ་མེད་གཟིགས་པའི་སྤྱན་མངའ་བ། །གང་གིས་བསྟན་པའི་ལམ་ཁྲིད་འདི་ལས་གཞན། །མི་སྲིད་པས་ན་ལོག་སྨྲ་ཁྱོད་ཀྱི་དབྱངས། །ཇི་ལྟར་བདོ་ཡང་སྒྲ་འཛིན་བཀག་བཞིན་གནས། །གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་བསགས་པའི་མཛོད། །གང་ལ་སྤྱོད་པའི་མཁྱེན་དཔྱོད་ལྡེ་མིག་སྟོར། །ལོ་དུས་བསྐལ་པར་བཅད་རྒྱར་བཞུགས་པ་ནི། །ཕྱིས་བྱུང་མཁས་སྙན་ཅན་ཚོའི་ངོ་རེ་གནོང་། །ཞེས་གསུངས་ལ། འདི་དོན་རྒྱས་པར་ཤེས་དགོས་ན་ཡོངས་འཛིན་ཉིད་ཀྱིས་མཛད་པའི་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོགས་བརྗོད་ལ་གཟིགས་མཛོད། དེ་ནས་ཉེ་ལམ་སྡེ་བཞིའི་མདོས་ཆོག་དང་ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་ཐབས་འདི་ཉིད་ལག་ལེན་བྱེད་པ་ལ་ཐོག་མར་རྗེས་ཆ་ཕུན་སུམ་འཚོགས་པ་བསག་དགོས་པ་ཡིན་ཏེ། མདོས་ཆོག་བསམ་འཕེལ་ནོར་བུ་ལས། རིན་ཆེན་གསང་བའི་འཕྲུལ་མདོས་འདི། །ཡོད་པ་རང་གི་ཕུག་ནས་བཏོན། །མེད་པ་མི་ལ་རིན་གྱིས་ཉོས། །མདོས་གཞི་ཁྲ་བོའི་སྟེང་ཤད་དུ། །ནས་འབྲས་འབྲུ་སྣ་ཕུང་པོར་སྤུངས། །འདོད་ཡོན་ཚང་པའི་མདོས་ཆེན་བཅས། །ཞེས་གསུངས་པ་ལྟར། དུས་མཆོད་མ་ཐུག་པའི་གོང་ནས་ཉེ་ལམ་སྔེ་བཞི་དང་ཀུན་འབུམ་གཉིས་ཀྱི་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཏབ། དེ་ནས་ཤིང་རིས་བལ་ཚོན་ཤིང་རྩི་དང་སྨན་རྫས་རྣམས་ཕུན་སུམ་འཚོགས་པར་བསགས། ༢༠༢༡།༠༥།༢༣དང་བོད་ལྕགས་གླང་ལོའི་ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་མདོ་གཡུང་དྲུང་ཀློང་རྒྱས་དང་ཉེ་ལམ་སྡེ་བཞི་གཉིས་ཀུན་འབུམ་གོ་འབྱེད་ཀྱི་བཅས་ཀྱི་མཆོད་བཟོ་ལེགས་པར་བྱས་ཏེ། ཚེས་པ་བཅུ་གསུམ་ཉིན་ནས་ཚོགས་ཁང་གསར་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱིས་ཁོག་ཕུབ་ཏེ་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་གཞུང་བསྲངས། ཚོགས་ཁང་རྙིང་པའི་ནང་ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་ཐབས་གཞུང་བསྲངས་ཏེ་རྒྱས་འཚོགས་གནང་བཞིན་པ་རེད། དེ་ལྟར་ཉེ་ལམ་སྡེ་བཞིའི་མདོས་ཆོག་དང་ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་ཐབས་འདི་གཉིས་དེ་རིང་ཁ་སང་གི་དུས་ཚོད་གཉན་འཕྲང་སྟེ་གནམ་ལས་ཆར་ཆུ་ཇེ་ཉུང་། ས་ལ་ལོ་བཅུད་ཇེ་སྡུག ས་གཞིའི་གཡོ་འགུལ་ཇེ་རྒོད། ཆུ་ཐན་རླུང་དམར་ཇེ་མོད། ནད་ཡམས་འཁྲུག་པ་ཇེ་མང་འགྲོ་བའི་དུས་ཚོད་གཉན་འཕྲང་འདི་ལྟ་བུའི་ནང་། རྒྱལ་བ་མཆོད་པས་མཉེས། དམ་ཅན་ཐུགས་དམ་བསྐང་། ལྷ་སྲིན་གྱི་གདུག་རྩུབ་ཞི་སྟེ། ཡངས་པའི་འཇིག་རྟེན་ཁམས་སུ་མེ་ཆུ་ས་རླུང་སོགས་རང་བྱུང་གི་འབྱུང་བའི་འཇིགས་པ་དང་། ནད་མུག་འཁྲུག་རྩོད་ལ་སོགས་མི་མཐུན་པའི་རྒུད་ཚོགས་མེད་དུ་ཞི་ཞིང་། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུག་རྟག་ཏུ་ལེགས་པ། སྐྱེ་འགྲོའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་ཆེད་བླ་མ་གྲྭ་ཚང་དང་། སྡེ་དགོན་ཡུལ་འབྲོག་བཅས་ཀྱིས་བཅའ་འདོན་བྱེད་དགོས་པའི་དུས་ཐོག་གི་ཆར་པ་དང་། གཟེར་ཐོག་གི་མེ་བཙའ་དགོས་ཐོག་གི་ལྷན་པོ་ལྟ་བུའི་ཞབས་རིམ་ཞིག་ཡིན་པས་ཀུན་གྱིས་ཐུགས་སྣང་གནང་བར་གལ་ཆེ། ཞེས་ཉེ་ལམ་སྡེ་བཞིའི་དུས་མཆོད་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱི་དགོས་པ་རྒྱུ་མཚན་བཅས་ཀྱི་ངོ་སྤྲོད་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༢༡ ༠༥ ༢༧ཉིན་སྤེལ།། །།

པར་པ་གཡུང་དྲུང་ཐོགས་མེད།

  •  
(སྤྱིའི་གཟིགས་གྲངས། 988 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        བད…
error: རྩོམ་འདི་བདག་དབང་ཅན་ཡིན།