ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།

དེ་རིང་སྟེ་ཕྱི་ལོ་༢༠༢༣ལོའི་ཟླ་བ་༣པའི་ཚེས་༡ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་གསུམ་པར་སྔ་དྲོ་ཆུ་ཚོད་༩པའི་ཐོག་སྤོས་རྒྱས་སྣ་དྲངས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་རིམ་པར་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས་རྗེས། བཀའ་རམས་པ་བྲུ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་ལགས་དང་། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་རྒྱལ་མཚན་ལགས། བཀའ་རམས་པ་བབས་གཟི་དྲང་སྲོང་བློ་གྲོས་བསྟན་པ་རྣམ་དག་ལགས་རྣམ་པ་གསུམ་ནས་སྔོན་འགྲོའི་བཤད་པ་གྱེར་ཞིང་། གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཉིན་གུང་ཆུ་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་གསུམ་གྱིས་གཏོང་སྒོ་ཆེན་མོ་དང་། ཕྱི་དྲོའི་ཕྱག་ཚོད་༣པའི་ཐོག་བཀའ་རམས་པ་རྣམ་པ་གསུམ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་། བཞེས་བྲོ་འདེགས་འབུལ་ཞུས་པ་བཅས་སོ།།

བཀའ་རམས་པ་བྲུ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་ལགས་ནི་བོད་ལྗོངས་ནག་ཆུའི་མངའ་ཁོང་སྦྲ་ཆེན་རྫོང་ཡ་ང་ཤང་ཁྲོམ་ཚང་འགག་གོང་ཞེས་པའི་ས་གནས་སུ་ཕ་བསོད་གྲགས་དང་མ་བཀྲ་ཤིས་གཡང་འཛོམས་གཉིས་ལས་ཕྱི་ལོ་ ༡༩༨༨ ལོར་སྐྱེས། རིམ་པས་འཚར་ལོངས་བྱུང་སྟེ་དགེ་རྒན་གཡུང་དྲུང་དབང་གྲགས་མདུན་ནས་བོད་ཡིག་ཀློག་འདོན་སྦྱངས། རང་ལོ་བཅུ་བདུན་བར་རང་ཡུལ་ལུང་པར་གཤིན་པོའི་དགེ་བསྔོ་དང་གསོན་པོའི་ཞབས་རིམ་སོགས་ཀྱི་ཆེད་འདོན་ཆོག་གསུངས་མཛད། ཕྱི་ལོ་ ༢༠༠༥ ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁོང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་མཁན་སློབ་དང་དགེ་རྒན་རྣམ་པའི་མདུན་ནས་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དབང་ལུང་ཁྲིད་གསུམ་དང་། ཐུན་མོང་རིག་གནས་བཅས་བསན་བསམ་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༩ བོད་ས་བྱི་ལོའི་ཧོར་ཟླ་༡༢ པའི་ཚེས་༣༠ ཉིན་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས། སློབ་གཉེར་གནང་བའི་རྒྱུད་རིམ་ཁྲོད་ནས་ཕྱི་ལོ་ ༢༠༠༦ ལོར་ཀུན་མཁྱེན་ཉི་མའི་སྡུད་གྲྭ། ༢༠༠༧ ལོར་དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས། ༢༠༠༨ ལོར་རྗེ་ཡི་ཚད་མའི་རང་འགྲེལ། ༢༠༠༩ ལོར་ཐེག་འགྲེལ་མེ་ལོང་དགུ་སྐོར་མདོ་གཞུང་ཆ་ཚང་། ༢༠༡༠ ལོར་རྗེ་ཡི་ས་ལམ་རང་འགྲེལ་ཆ་ཚང་། ༢༠༡༡ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་མཚོན་བྱེད་ཞེ་ལྔའི་རྣམ་བཞག ༢༠༡༣ ལོར་མེ་སྟོན་དབུ་མའི་རང་འགྲེལ། ༢༠༡༧ ལོར་ཐེག་འགྲེལ་མེ་ལོང་དགུ་སྐོར་འབྲས་ཐེག་ཆ་ཚང་། ༢༠༡༨ ལོར་ཐེག་འགྲེལ་རྫོགས་ཆེན་གཞུང་ཆ་ཚང་།  ༢༠༢༡ ལོར་ཞང་ཞུང་སྙན་རྒྱུད་གཟེར་བུ་ཉེར་གཅིག ༢༠༢༢ ལོར་རྒྱུད་བུ་ཆུང་བཅུ་གཉིས་དང་སྒྲོན་མ་དྲུག་བཅས་དམིགས་བསལ་ངག་རྒྱུགས་ཕུལ། ཕྱི་ལོ་༢༠༠༧ ནས་ ༢༠༡༣ བར་མི་ལོ་ཧྲིལ་པོ་དྲུག་རིང་དང་། སླར་ཡང་༢༠༡༦ ནས་༢༠༢༢ བར་མི་ལོ་ཧྲིལ་པོ་དྲུག་སྟེ་ཁྱོན་སྡོམ་མི་ལོ་༡༢ རིང་བཤད་སྒྲུབ་འདུས་སྡེའི་ཚོགས་དང་འཆད་ར་ཐུན་དང་བསགས་སྦྱོང་དཔེ་ཁྲིད་བཅས་སྒེར་དོན་དུ་གཅིག་ཀྱང་མ་ཆད་པར་གནང་། ཕྱི་ལོ་ ༢༠༡༥ ལོར་རྒྱུགས་སྤྲོད་ཆེན་མོའི་སྐབས་རྩོད་རྒྱུགས་ཨང་རིམ་དང་པོ་ཐོབ། བཤད་གྲྭའི་སློབ་ཡུན་རྫོགས་ཟིན་ནས་སླར་ཡང་སྒྲུབ་གྲྭ་ནང་ཞུགས་ཏེ་ལོ་གསུམ་རིང་རྫོགས་ཆེན་རྒྱུད་སྡེ་སོགས་སྒོམ་སྒྲུབ་ཉམས་ལེན་གནང་ནས་ཕྱི་ལོ་ ༢༠༢༢ ལོར་ཧོར་ཟླ་༡༢ པའི་ཚེས་༡༥ སྟོང་པ་སངས་རྒྱས་ཀྱི་འཁྲུངས་མཆོད་ཉིན་སྒྲུབ་གྲྭ་ཐོན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས། སློབ་གཉེར་གྱི་ཞོར་དུ་གདན་ས་འདིར་ཞབས་བརྟན་དབུ་མཛད་ལོ་མང་རིང་གནང་བ་མ་ཟད། གྲྭ་ཚང་གི་དབུ་སྐྱོར་ལོ་གཉིས་རིང་གནང་བ་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལགས་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་དྲུག་པའི་སྒྲུབ་གྲྭའི་དགེ་སྐོས་ཀྱི་འགན་བཞེས། ཕྱི་ལོ་ ༢༠༢༢ ལོར་བོན་རིག་པའི་བགྲོ་གླེང་དུ་མཉམ་ཞུགས་དང་དཔྱད་རྩོམ་སྒྲོག་སྦྱངས་གནང་། ཕྱི་ལོ་༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«བསྟན་སྐྱོང་རྒྱལ་པོ»ཞེས་གནང་། འདི་ལོར་དངོས་སུ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།། 

བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་རྒྱལ་མཚན་ལགས་ནི་ཕྱི་ལོ་༡༩༨༩ལོའི་ཟླ་བ་༡༡ཚེས་༢༠་ཉིན་ཕ་བྲུ་འཇིགས་དགའ་དང་མ་བུ་རྒྱུ་ཚེ་རིང་མཚོ་འཁྱིལ་གཉིས་ལས་དངུལ་རྫ་ཟལ་མོའི་སྒང་སྟོད་ཁྲོམ་ཚང་འགག་གོང་རྐང་ཆེན་མདའ་རུ་སྐྱེས། ཕ་འཇིགས་དགའ་དང་ཨ་ཁུ་གྲོགས་ལྷ་གཉིས་ཀྱི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འདོན་ཀློག་སྦྱངས།རྩ་བའི་བླ་མ་སྤྲུལ་སྐུ་ཤེས་རབ་བློ་གྲོས་དང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། མཁན་པོ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་རྣམ་པའི་མདུན་ནས་སྔོན་འགྲོ་ཞུས་པ་དང་སྒྲུབ་ཐོན་པ་བློ་གྲོས་རྒྱ་མཚོ་མཆོག་གི་མདུན་ནས་དངོས་གཞི་ཞུས།   ལོ་ངོ་བཅུ་གྲངས་རིང་ལ་ཕྱུགས་རྫི་དང་འབྲོག་ལས་གང་འཚམས་གནང་ནས་འབྲོག་པར་བསྡད། ཕྱི་ལོ་༢༠༠༥ ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་དགོན་འདིའི་མཁན་སློབ་རྣམ་པའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་གཙོས་པའི་མཁན་སློབ་དང་དགེ་རྒན་རྣམ་པའི་མདུན་ནས་མི་ལོ་བཅུ་གསུམ་ཙམ་ལ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་གསན་བསམ་གནང་ཞིང་གཞན་ཡང་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གསུམ་གང་མང་ཐོབ་ཡོད། ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་མཆོག་གི་མདུན་ནས་མཁའ་འགྲོ་གསང་གཅོད་ཀྱི་དབང་ལུང་ཡང་ཐོབ། ཕྱི་ལོ་ ༢༠༠༩ བོད་ས་བྱི་ལོའི་ཧོར་ཟླ་༡༢ པའི་ཚེས་༣༠ ཉིན་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཞལ་འཛོམས་པའི་དྲུང་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས།  བཤད་གྲྭའི་དུས་ཡུན་རྫོགས་རྗེས་སླར་ཕྱི་ལོ་༢༠༡༩ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་ལོ་གསུམ་རིང་རྫོགས་ཆེན་རྒྱུད་སྡེ་བཞིའི་མ་བུ་ཆ་ལག་བཅས་ཀྱི་ཁྲིད་ལུང་དང་། སྔོན་འགྲོ་བསགས་སྦྱོང་། འཕོ་བ། རྩ་རླུང་ཞགས་བརྒྱ། རིག་དྲུག་རང་སྦྱོང་བཅས་ཀྱི་ཉམས་ལེན་རིམ་པ་རྣམས་གནང་ནས་ཕྱི་ལོ་༢༠༢༢ལོར་སྟོན་པའི་དུས་ཆེན་ཉིན་སྒྲུབ་གྲྭ་ཐོན་ཏེ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་བཏག དགོན་འདིའི་བཤད་སྒྲུབ་གཉིས་ལ་མི་ལོ་ཧྲིལ་པོ་བཅུ་དྲུག་ཙམ་བཞུགས་པའི་རིང་འཚོགས་འཆད་དང་། དཔེ་བརྗོད་དཔེ་ཁྲིད་སོགས་སྐབས་བབ་སློབ་ཚན་གང་ལ་ཡང་སྒེར་དོན་དུ་གཅིག་ཀྱང་མ་ཆད་པས་ཕྱི་ལོ་༢༠༡༩ལོར་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་གོ་སྟོན་གྱི་མཛད་སྒོའི་ཐོག་དམིགས་བསལ་དུ་ལོ་དུ་མའི་རིང་སློབ་ཚན་གང་ཡང་སྒེར་དོན་དུ་མ་ཆད་པའི་གཟེངས་བསྟོད་བྱ་དགའ་གནང་བ་དང་། སླར་ཡང་ཕྱི་ལོ་༢༠༢༣ལོར་མི་ལོ་ཧྲིལ་པོ་བཅུ་དྲུག་རིང་ལ་འཚོགས་དང་འཆད་ར་དཔེ་ཁྲིད་དམ་བཅའ་དཔེར་བརྗོད་སོགས་བཤད་གྲྭའི་སློབ་ཚན་དང་། ཐུན་དང་བསགས་སྦྱོང་སོགས་སྒྲུབ་གྲྭའི་སྒྲིག་སྲོལ་གང་ལ་ཡང་སྒེར་དོན་དུ་གཅིག་ཀྱང་མ་ཆད་པར་བཤད་སྒྲུབ་གཉིས་ནས་སློབ་པ་མཐར་སོན་པའི་ངོ་མཚར་ལོ་རྒྱུས་བཀོད་པ་དང་ལྷན་གཟེངས་བསྟོད་ཕྱག་འཁྱེར་བསྩལ། སློབ་ཞོར་དུ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་དཀོན་གཉེར་དང་དུང་ཆེན་འབུད་མཁན་སོགས་ཀྱི་ཕྱག་ལས་ཀྱང་གནང་། ཕྱི་ལོ་༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«ཡེ་ཤེས་རང་གསལ་»ཞེས་གནང་། འདི་ལོར་དངོས་སུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

བཀའ་རམས་པ་བ་གཟི་དྲང་སྲོང་བློ་གྲོས་བསྟན་པ་རྣམ་དག་ལགས་ནི་མདོ་སྟོད་རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་རྫོང་ཡ་ང་ཤང་ཁྲོམ་ཚང་འགག་གོང་ཕོང་གོང་དུ་ཡབ་བ་གཟི་བསོད་ནམས་དབང་གྲགས་དང་ཡུམ་འབྲིང་བཟའ་བསོད་ནམས་སྐྱིད་གཉིས་ལས་སྤྱི་ལོ ༡༩༨༩ ༠༢ ༠༩ ཉིན་འཁྲུངས། ཆུང་དུས་འབྲོག་ཕྲུག་དཀྱུས་མའི་འཚོ་བ་རོལ་ཞིང་ཞོར་དུ་ཡི་གེ་འབྲི་ཀློག་འདོན་གསུམ་སོགས་སྦྱངས། སྤྱི་ལོ ༢༠༠༥ ལོར་བལ་ཡུལ་དུ་འབྱོར་ཏེ་གནས་ཆེན་འཕགས་པ་ཤིང་ཀུན་བྱང་ངོས་གླང་རི་ལུང་བསྟན་གྱི་འདབས་སུ་ཆགས་པའི་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སློབ་དཔོན་ཆེན་མོ་གསང་གསུམ་མཛོད་འཛིན་རྒྱུད་གསུམ་བསྟན་པའི་མངའ་བདག་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ། གདན་ས་འདི་ཡི་སྐྱབས་རྗེ་མཁན་སློབ་རྣམས་མདུན་ནས་རབ་བྱུང་ཞུས། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་གི་རིག་གནས་བཅས་ལ་ཐོས་བསམ་གནང་། ཕྱི་ལོ་༢༠༠༩ལོར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་པ་གཉིས་ཞལ་འཛོམས་དྲུང་ནས་དྲང་སྲོང་གི་ཁྲིམས་ཆེན་ཞུས། བཤད་གྲྭའི་ལོ་དུས་ཟིན་རྗེས་སླར་༢༠༡༩ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་རྫོགས་ཆེན་རྒྱུད་སྡེ་བཞིའི་མ་བུ་ཆ་ལག་བཅས་ཀྱི་ཁྲིད་ལུང་ཞུས་ཤིང་ཐུན་བཞི་ཉམས་ལེན་ཚུལ་བཞིན་གནང་སྟེ་ཕྱི་ལོ་༢༠༢༢ལོར་བོད་རབ་གནས་ལྕགས་གླང་ལོའི་ཧོར་ཟླ་བཅུ་གཉིས་པའི་རྒྱལ་ཟླའི་ཚེས་བཅོ་ལྔ་ཉིན་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དུ་མཁན་ཆེན་བསྟན་པ་གཡུང་དྲུང་མཆོག་གི་མདུན་ནས། གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་བཏག ཁྱད་པར་སྐྱབས་རྗེ་སྨན་རིའི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་དུ་མ་ཐོབ། རྒྱལ་གཤེན་བསྟན་པའི་མངའ་བདག་སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་མདུན་མ་རྒྱུད་ཕྱི་ནང་གསང་གསུམ་གྱི་དབང་ལུང་གཙོས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་དང་བསྒྲགས་པ་སྐོར་གསུམ་སོགས་ཀྱི་བཀའ་ཁྲིད་བཀའ་ལུང་རྒྱ་ཆེར་ནོད། ཕྱི་ལོ་༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«ཡེ་ཤེས་དབང་རྒྱལ་»ཞེས་གནང་། འདི་ལོར་དངོས་སུ་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ༡ ༡ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 666 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་སྟེ…
error: རྩོམ་འདི་བདག་དབང་ཅན་ཡིན།