ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་བདུན་པའི་བྲིས་རྒྱུགས་ཆེན་མོ།

 

 

 

 

 

དེ་ཡང་སྲིད་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་འགྲོ་བ་མི་ཡི་རིགས་ཐོག་མར་བྱུང་བ་ནས་བཟུང་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཁོ་ན་ཡིན་ལ། དེ་ཡང་སྡུག་བསྔལ་བྲལ་ཐབས་དང་བདེ་བ་བླ་ན་མེད་པའི་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཁོ་ན་ལས་གཞན་མ་མཆིས། དེས་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་དགོས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་གཞུང་སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་པོ་ཆེ་ཉིད་ལ་རག་ལས་པས། དེ་ལྟ་ན་སློབ་གཉེར་བའི་སྤུས་ཚད་ཇེ་ལེགས་དང། སློབ་གཉེར་བའི་ཤེས་ཡོན་ཡར་རྒྱས་གཏོང་དགོས། དེ་ཡི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ནི་རྒྱུགས་སྤྲོད་དེ་ཆགས་ཡོད་སྟབས་འདི་ག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཀྱང་། འཆད་སྦྱོང་ལ་བདུན་ཕྲག་གི་བགྲོ་གླེང་དང། བཤད་རྒྱུགས། རྩོད་སྦྱོང་གི་ཆེད་དུ་འཆད་ར་དང་བདུན་ཕྲག་དམ་བཅའ། རྩོམ་རིག་སྐོར་ལ་རྨང་གཞི་སུམ་རྟགས་དག་གསུམ་དང་སྙན་ངག་རྒྱན་གསུམ། གཞན་ཡང་རྩིས་དཀར་ནག སྐུ་གསུང་ཐུགས་རྟེན་གྱི་ཐིག་རྩ། གསོ་བ་རིག་པ་བཅས་རིག་གནས་སྐོར་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་ཡིག་རྒྱུགས་སྤྲོད་ལེན་བྱེད་པ་དང། ཁྱད་པར་དུ་མདོ་སྔགས་རྫོགས་གསུམ་གྱི་དཀའ་གནད་སྐོར་ལ་ལོ་རེར་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བཤད་གྲྭའི་སློབ་གཉེར་བ་ཡོངས་རྫོགས་མཉམ་དུ་གཏོང་དགོས་པས། ཡིག་རྒྱུགས་ཀྱི་ཆེད་དུ་སློབ་གཉེར་བ་རྣམས་ཟླ་བ་གཅིག་གི་རིང་སྐབས་བབ་བསླབ་བྱའི་རྩ་འགྲེལ་རྣམས་ལ་ཆེད་དམིགས་ཀྱིས་སྦྱོང་བརྡར་ནན་ཏན་གྱིས་གྲྭ་སྒྲིག་བྱེད་ནས་རྒྱུགས་སྤྲོད་གཏོང་སྲོལ་ཡོད། འདི་ལོར་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ཟླ་ ༨ པའི་ཚེས་ ༢༥ བོད་ལྕགས་གླང་ལོའི་ཧོར་ཟླ་ ༧ པའི་ཚེས་ ༡༨ ཉིན་གྱི་ཞོགས་ཀ་ཆུ་ཚོད་ ༥ ཐོག་ཞོགས་ཇ་བཞེས་གྲུབ་པ་དང། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་རིན་པོ་ཆེ། བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་གཙོས་པའི། གྲྭ་ཚང་བླ་མ་དང། རྩ་འཛིན་སློབ་དཔོན། གཞུང་ཁྲིད་དགེ་རྒན་རྣམ་པ་དང་དགེ་བཤེས་རྣམ་པ་བཅས་ཀྱིས་སྟངས་འཛིན་འོག ཆུ་ཚོད་༦པའི་ཐོག་རྒྱུགས་ཞུགས་པ་རྣམས་ཐོ་འགོད་གནང་སྟེ། རྒྱུགས་སྤྲོད་དོ་དམ་མི་སྣས་རྒྱུགས་ཞུགས་རྣམས་ནས་ཤོག་འཛར་སོགས་རྒྱགས་སྤྲོད་ཀྱི་སྒྲིག་གཞི་དང་འགལ་བའི་རིགས་ཁུར་ཡོད་མེད་ལུས་བཤེར་བྱས་ཏེ་རྒྱུགས་སྤྲོད་ར་བའི་ནང་དུ་ཨང་རིམ་བཞིན་སོ་སོའི་བཞུགས་གྲལ་དུ་འཁོད་དེ་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་བཀྲམས། དེ་རྗེས་ཆུ་ཚོད་ ༧།༢༠ ཐོག་སྒྲུབ་གྲྭའི་དགེ་སྐོས་མཆོག་ནས་རྒྱལ་རྔས་བརྡ་བཏང་སྟེ་རྒྱུགས་སྤྲོད་བྱེད་འགོ་ཚུགས།  རྒྱུགས་སྤྲོད་ལ་དངོས་སུ་ཞུགས་མཁན་གྱི་སློབ་གཉེར་བ་ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རིམ་བཅུ་གསུམ་གྱི་སློབ་འཆར་རེའུ་མིག་ལྟར་ཚད་མ་ལོ་རིམ་དང་པོ་སྡུད་གྲྭའི་འཛིན་གྲྭ་ནས་རྫོགས་ཆེན་ལོ་རིམ་གཉིས་པའི་འཛིན་གྲྭ་བར་གྱི་སློབ་གཉེར་བ་རྣམས་དང་། ལོ་རིམ་བཅུ་གསུམ་གྱི་སློབ་མཐར་ཕྱིན་པའི་ཆེད་སྦྱོང་འཛིན་གྲྭ་བཅས་ཡོད། ཆེས་སྦྱོང་འཛིན་གྲྭ་ནི་གཟི་བརྗིད་ལས། གང་བསླབ་གཅིག་ལ་ཕུལ་དུ་ཕྱིན་པར་གྱིས། །མི་འགྲུབ་བློ་སྣ་མང་ན་གང་ཡང་འཆོལ། །ཀུན་ལ་བསླབ་ན་གཅིག་ཀྱང་མཐར་ཕྱིན་མེད། །གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར། །ཞེས་གསུངས་པ་ལྟར་ཕྱི་ལོ་༢༠༡༥ལོ་ནས་འདི་གའི་བཤད་གྲྭའི་སློབ་ཚན་གྱི་ཁོངས་སུ་གཞུང་གཅིག་ལ་དམིགས་བསལ་གྱི་ཆེད་སྦྱོང་བྱ་སའི་འཛིན་གྲྭ་བཙུག་པ་ཞིག་སྟེ། དེ་ཡང་ཆེད་སྦྱོང་འཛིན་གྲྭར་ཞུགས་མཁན་ལ་བཤད་གྲྭའི་སྒྲིག་སྲོལ་ལྟར་གྱི་མདོ་སྔགས་རིག་གནས་དང་བཅས་པའི་སློབ་ཚན་རྫོགས་ཟིན་པ་ཞིག་དགོས་ལ་ད་ལྟའི་ཆར་སློབ་ཡུན་ལོ་གསུམ་གྱི་རིང་ཡིན་ལ་ལོ་རེར་བྲིས་རྒྱུགས་དང་བཤད་རྒྱུགས་གཉིས་གཏོང་གི་ཡོད། ལོ་གསུམ་གྱི་སློབ་སྦྱོང་མཐར་ཕྱིན་རྗེས་གཞུང་ལུགས་ཆེད་སྦྱོང་བྱས་པའི་ཕྱག་འཁྱེར་འབུལ་བ་རེད། ད་ལན་ཆེད་སྦྱོང་འཛིན་གྲྭ་ཡིག་རྒྱུགས་ལ་ཞུགས་མཁན་གསང་སྔགས་ཆེད་སྦྱོང་ལོ་རིམ་གཉིས་པའི་འཛིན་གྲྭ་དང་། གསང་སྔགས་ཆེད་སྦྱོང་ལོ་རིམ་དང་པོའི་འཛིན་གྲྭ་བཅས་ཡོད། གོང་དང་དུས་མཚུངས་སུ་གཞི་རིམ་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་རྣམ་པའི་སྟངས་འཛིན་འོག གཞི་རིམ་སློབ་མ་རྣམས་ཡིག་གཟུགས་འགྲན་བསྡུར་དང་། རྒྱུན་ཤེས་འགྲན་བསྡུར། ཀློག་རྩལ་འགྲན་བསྡུར་བཅས་ཀྱི་རྒྱུགས་སྤྲོད་བཏང་སྟེ་མཉམ་པར་བསྐྱོན་ཏེ་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ་ལི་བློ་གསལ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༥ ཉིན།

པར་པ་གཡུང་དྲུང་བསམ་གཏན།

(སྤྱིའི་གཟིགས་གྲངས། 1,294 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།