ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གཞུང་ཆེན་ཆེད་སྦྱོང་ཐེངས་བདུན་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ༠༡ ༢༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༠༨ སྐར་མ་ ༣༠ ཐོག་ཚོགས་ཁང་དུ་གྲྭ་ཚང་ཚང་འཛོམས་ཐོག ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་སློབ་གནམ་པ་གཉིས་གཙོས། རྩ་འཛིན་སློབ་དཔོན་གནམ་པ་རྒྱུགས་དཔང་དུ་ཕེབས། ཐོག་མར་བཤད་རྒྱུགས་གཙོ་སྐྱོང་བ་རྩ་འཛིན་སློབ་དཔོན་དགེ་བཤེས་ལུང་རྟོགས་རྒྱ་མཚོ་ལགས་ཀྱིས་བཤད་རྒྱུགས་ཀྱི་འགྲོ་ལུགས་སྐོར་ལ་གཏམ་བཤད་གནང་།

དེ་རྗེས་མ་རྒྱུད་ཆེད་སྦྱོང་ལོ་རིམ་གསུམ་པའི་སློབ་གཉེར་བ་དགེ་བཤེས་ཚུལ་ཁྲིམས་སྦྱིན་པ་ལགས་ཀྱིས་མ་རྒྱུད་བཤད་རྒྱུགས་ཀྱི་བརྗོད་གཞི་དྲུག་ལས་རྒྱན་བླངས་ཏེ། བརྗོད་གཞི་དྲུག་པ་ ༼   གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་བརྒྱུད་རིམ་ལོ་རྒྱུས་ཀྱི་སྐོར་  ༽ ནས་ཆུ་ཚོད་ཕྱེད་ཀའི་རིང་གཏམ་བཤད་དང་། སྐར་མ་བཅོ་ལྔའི་རིང་དྲི་བ་དྲིས་ལན་གནང་།

དེ་རྗེས་གསང་སྔགས་བཀའ་འགྲེལ་ཆེད་སྦྱོང་ལོ་རིམ་གསུམ་པའི་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་གསང་སྔགས་བཀའ་འགྲེལ་བཤད་རྒྱུགས་ཀྱི་བརྗོད་གཞི་དྲུག་ལས་རྒྱན་བླངས་ཏེ། བརྗོད་གཞི་བཞིི་བ་ ༼   ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའམ་ཡེ་གཤེན་ཐེག་པའི་ཐུན་མིན་གྱི་ཟབ་ཁྱད་ཀྱི་སྐོར་  ༽ ནས་བགྲོ་གླེང་གཏམ་བཤད་དུས་ཡུན་གོང་ལྟར་དང་།

དེ་ནས་གསང་སྔགས་ཁྲོ་བོ་རྒྱུད་དྲུག་ཆེད་སྦྱོང་ལོ་རིམ་གཉིས་པའི་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས་གསང་སྔགས་ཁྲོ་བོ་རྒྱུད་དྲུག་བཤད་རྒྱུགས་ཀྱི་བརྗོད་གཞི་དྲུག་ལས་རྒྱན་བླངས་ཏེ། བརྗོད་གཞི་གཉིས་པ་ ༼  འགུ་ཡའི་དངོས་བསྟན་གྱི་དམ་ཚིག་ལ་རང་སྡེའི་མཁས་པ་འགས་བསྐྱེད་རིམ་གྱི་དམ་ཚིག་ཏུ་གསུངས་སྲོལ་ཡོད་ཀྱང་དོན་དངོས་ལ་བསྐྱེད་རྗོགས་གང་དང་འབྲེལ་ཆེ་བའི་སྐོར་ ༽ ནས་གཏམ་བཤད་བགྲོ་གླེང་དུས་ཡུན་གོང་བཞིན་གནང་།

མཐར་གཙོ་སྐྱོང་བས་ཆེད་སྦྱོང་གི་གལ་ཆེའི་དགོས་དམིགས་དང་། ཆེད་སྦྱོང་རིགས་པ་འདི་དེང་དུས་མང་ཆེ་བ་ཞིག་གིས་ཕྱི་གླིང་ནས་ཚུར་དར་བ་ཞིག་ཏུ་འདོད་ཀྱང་། དོན་དངོས་ཐོག་དེ་ལྟར་མིན་པར་སྟོན་པ་སངས་རྒྱས་ཀྱི་དུས་ནས་དར་ཡོད་པ་ཞིག་ཡིན་པ་ལུང་གི་རྒྱབ་རྟེན་དང་བཅས་ཏེ་གཏམ་བཤད་གནང་། མཐའ་དོན་དགེ་བའི་བྱ་བ་རླབས་པོ་ཆེ་འདིས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་གཙོས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུགས་རྩོད་ཐམས་ཅད་མིང་མེད་དུ་ཞི་སྟེ་ཁམས་གསུམ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྨོན་ལམ་གྱིས་འཇུག་བསྡུས་པའི་གནས་བསྡུས་སུ།

རིག་པའི་མེ་ལྕེ་ནས་ ༢༠༢༣ ༠༡ ༢༠ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 632 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།