ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གདུང་སེམས་མཉམ་བསྐྱེད་ཞུ་འཕྲིན།

གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

ཇི་སྐད་དུ། རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་པར་འཛིན་རྣམས་སུན་ཕྱུང་དགེ་སྐུལ་ཕྱིར། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ལྟར་དུ་གསང་གསུམ་བོན་གྱི་མཛོད་འཛིན་སྙིགས་དུས་བསྟན་པའི་གསལ་བྱེད། བོན་འབངས་འགྲོ་བ་ཡོངས་ཀྱི་ལྷ་སྐལ་ཆེན་མོ། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་དོན་གྱི་སླད་དུ་མཚན་གྱིས་སྨྲོས་ན་༧ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་འཁོར་ལོ་གསུམ་གྱི་མཛད་བཟང་དགུང་ལོ་བརྒྱ་ཡི་བར་དུ་བསྐོར་ཏེ། སྤྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༧དང་སྐར་མ་༤༥ཐོག་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་ཞིང་དགེ་བའི་སྡོང་གདབ་པའི་ཕྱིར་དུ་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་བླ་མ་མཆོག་གི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་དུ་བཞུགས་པའི་གནས་ཚུལ་ཡིད་སྐྱོ་བ་འདི་ཉིད་ཐོས་ཕྲལ། དབུགས་ལྡན་འགྲོ་བ་སྤྱི་དང་སྒོས་སུ་རང་རེ་བོན་འབངས་ཡོངས་ལ་མི་བཟོད་དྲག་ཏུ་ལྡང་བའི་སྡུག་བསྔལ་བཟོད་མེད་ཅིག་དང་། རྒྱལ་བསྟན་གསེར་གྱི་ཀ་ཆེན་ས་ལ་འགྱེལ་བའི་གནས་ཚུལ་ཡིད་སྐྱོ་བ་ཞིག་གི་གནས་སུ་བཙུད་པ་ཅི་ལ་མིན།

འོན་ཀྱང་བློ་ཕམ་དང་སྐྱོ་གདུང་གི་གནས་ཚུལ་ཐོས་ཕྲལ་བླ་མ་སྐྱེས་ཆེན་རྣམས་ཀྱི་འཁྲུངས་འདས་ཀྱི་དུས་མཆོད་ནི། རང་རེ་གདུལ་བྱ་ཡོངས་ཀྱི་དགེ་སྒྲུབ་སྡིག་སྤོང་གི་དུས་མཆོད་ཁྱད་པར་ཅན་དུ་ལུང་ལས་བསྔགས་པ་བཞིན། འདི་ཀ་གཡུང་དྲུང་བོན་མཉམ་འབྲེལ་ལྷ་ཚོགས་ཀྱི་ཚོགས་གཙོ་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་གིས་བཀའ་སློབ་ལམ་སྟོན་འོགགཡུང་དྲུང་བོན་མཉམ་འབྲེལ་ལྷ་ཚོགས་ཀྱི་ཚོགས་ཀྱིས་གདུང་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་བླ་མ་རིན་པོ་ཆེའི་གདུང་མཆོད་དུ་འདིར་བཞུགས་ཀྱི་བླ་སྤྲུལ་མཁན་པོ། དགེ་བཤེས་གྲྭ་བཙུན་རྣམས་ཀྱིས་བླ་མའི་་མཆོད་པ་དང་མཉམ་མེད་བླ་སྒྲུབ། སྨོན་ལམ་རྣམ་གསུམ་སོགས་གསུངས་དང་གསུང་བཞིན་ཡོད་པར་མ་ཟད། གཞུང་ངོས་ནས་བོན་འབངས་དད་ལྡན་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ་དང་། སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་དགོངས་པ་གཞན་དུ་གཟིགས་པའི་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་པ་བཅས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས།

སྤྱི་ལོ་2025/6/13ཉིན།

(སྤྱིའི་གཟིགས་གྲངས། 306 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐུགས་གསོའི…
error: རྩོམ་འདི་བདག་དབང་ཅན་ཡིན།