གཤེན་བསྟན་དར་རྒྱས་གླིང་གི་གསལ་བརྡ།
རྒྱ་ཆེའི་ཡུ་རོབ་གླིང་ཁུལ་གྱི་དད་ལྡན་པ་སྤྱི་དང་འབྲེལ་ཡོད་གཡུང་དྲུང་སྤུན་གྲོགས་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་གསོལ།
དེ་ཡང་རང་ཅག་འགྲོ་བ་སྤྱི་ཡི་༧སྲིད་ཞིའི་གཙུག་རྒྱན་བླ་ན་མ་མཆིས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ཕྱི་ལོ་ ༢༠༢༥ ལོར་ཕ་རན་སིའི་བོན་གྱི་འདུས་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་རྒྱུར་སྐུ་བཅར་སྙན་འབུལ་ཞུས་པ་བཞིན་ཞལ་བཞེས་དང་གཤམ་གསལ་དུས་ཚོད་གཏན་ཁེལ་བྱུང་ཡོད། ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་ནི་ཕྱི་ལོ་ ༢༠༠༥ ལོར་ལོ་རྒྱུས་རང་བཞིན་ཅན་གྱི་དགོན་སྡེའི་མཚན་དོན་ཆགས་པ་ནས་བཟུང་ད་བར་ཡུ་རོབ་གླིང་ཁུལ་གཙོས་བོན་གྱི་ཆོས་ལུགས་རིག་གནས་ལ་དོན་གཉེར་གནང་མཁན་ཕྱོགས་གང་ས་ནས་ཕེབས་པའི་སློབ་མ་རྣམས་ཀྱིས་སློབ་གཉེར་དང་། ཞིབ་འཇུག་ཉམས་ལེན་དང་རྒྱུས་ལོན་གནང་སའི་ལྟེ་གནས་གལ་ཆེན་ཞིག་ཡིན། དེ་ནི་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རྣམ་པས་དབུ་འདྲེན་འོག་བླ་མ་མཁན་པོ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་བ་ལས་འདི་གའི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་མི་ལོ་ཧྲིལ་པོ་ཉི་ཤུའི་རིང་རྒྱུན་སྐྱོང་གི་གྲུབ་འབྲས་དང་དགེ་མཚན་གྱི་རྣམ་པ་འབུར་ཐོན་བྱུང་དང་འབྱུང་བཞིན་པས་ན། དེ་དོན་མི་ལོ་ཧྲིལ་པོ་ཉི་ཤུའི་རིང་གི་བསྟན་འགྲོའི་མཛད་པ་གལ་ཆེ་རྣམས་དྲན་གསོ་ཞུ་བའི་སྐལ་བཟང་གི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༠༥ ཚེས་ ༠༨ ནས་ཚེས་ ༡༡ བར་གཉེར་རྒྱུ་དང་། མཛད་སྒོའི་དབུ་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་སོ་བཞི་པ་ཆེན་པོ་མཆོག་ཆེད་ཕེབས་གནང་ནས་ཞང་ཞུང་མེ་རིའི་བཀའ་དབང་དང་། རྒྱུད་བུ་ཆུང་བཅུ་གཉིས་ཀྱི་བཀའ་ཁྲིད་བཀའ་དྲིན་བསྐྱང་རྒྱུ་ལགས་ན། སྐལ་བཟང་དུས་ཚིགས་འདིར་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་འབྲེལ་ཡོད་དད་ལྡན་རྣམ་པར་ཕེབས་བསུའི་བརྡ་ཁྱབ་དང་ལྷན་བསོད་ནམས་ཀྱི་བགོ་སྐལ་མཉམ་དུ་ལོངས་སུ་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་དང་། ཞིབ་ཕྲའི་མཛད་རིམ་ཁག་རྗེས་ནས་རིམ་འབུལ་ཞུ་ཆོག་པ་བཅས།
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་ནས་ཕུལ།