ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསས་མཁར་ཁྱུང་རུམ་གཡུ་རྩེའི་གཞལ་ཡས་ཁང་ལ་རབ་གནས་མཛད་པ།

ཤེས་བྱ་ཀུན་གྱི་འབྱུང་གནས་དབྱིངས་ཡུམ་ས་ཏྲིག་ཨེར་སངས་ཀྱི་ཀློང་ནས་བྱུང་བའི་བདེར་གཤེགས་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་བསམ་མཐའ་ཡས་པས་གདུལ་བྱ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཐར་པའི་ལམ་དུ་བཀྲི་བའི་ཐབས་མ་འགག་པར་སྟོན་པ་ལས། རྒྱུད་སྡེ་ཕྱི་ནང་གི་དཀྱིལ་འཁོར་གྱི་བཀོད་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་། དེ་དག་ཐམས་ཅད་སྤྱིར་ན་མཚན་བཅས་དང་། མཚན་མེད་ཀྱི་དཀྱིལ་འཁོར་གཉིས་སུ་འདུས། མཚན་བཅས་ཀྱི་དཀྱིལ་འཁོར་ཞེས་པ་ནི་དངོས་པོས་དངོས་མེད་ཀྱི་དོན་མཚོན་པའི་ཕྱིར་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་འབྲི་བ་དང་། བློས་བསླངས་པ། རས་གཞི་སོགས་འབྲི་གཞི་སྣ་ཚོགས་ཀྱི་ཐོག་ཏུ་བཞེངས་པའི་ཚུལ་ཡོད་པ་དང་། མཚན་མེད་ཀྱི་དཀྱིལ་འཁོར་ཞེས་པ་ནི། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཀྱི་ཞིང་དག་པ་རབ་འབྱམས་འབའ་ཞིག་ཏུ་བསྒོམ་པའི་རྣམ་པ་ཅན་ཡིན། gsr IMG_6198དེ་ཡང་། མདོ་གཟེར་མིག་ལས།  “ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་སྟེ། ཐམས་ཅད་མ་ལུས་དཀྱིལ་འཁོར་གསུམ་དུ་བསྒོམས། རང་བཞིན་དཀྱིལ་འཁོར་དབྱིངས་ནས་ལྷུན་གྱིས་གྲུབ་པས། ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ཐམས་ཅད་ཀུན། དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་བརློབས། ཏིང་ངེ་འཛིན་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་བསྒོམ་པར། གཤེན་རབ་ཀྱིས་འདུལ་བའི་མི་མཇེད་པའི་སྟོང་གསུམ་གྱི་འཇིག་རྟེན་སེམས་ཅན་གྱི་ལས་ཀྱིས་མཉམ་དུ་ཆགས་ཀྱིན་མཉམ་དུ་འཇིག་པ་འདི་ཉིད་ཀྱང༌། དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་བརླབས། རྡུལ་ཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་བྲིས་པ་ནི། གང་ཟག་བློ་དམན་པ་རྣམས་ལ། དངོས་པོས་དངོས་མེད་བཙལ་བ་དང༌། མཚན་མས་དོན་ལ་མཚོན་པའི་ཕྱིར། རྡུལ་ཚོན་གྱིས་ས་གཞི་ལ་ལག་གིས་དཀྱིལ་འཁོར་དུ་བྲིས་པ་བསྟན་པ་ནི། བརྟེན་པའི་གཞི་གནས་དང་མཆོད་སྦྱིན་གྱི་ཡོ་བྱད་རྣམས། དོན་དང་ལྡན་པར་བཀྲ་ཤིས་འཕེལ་གྱིན། མཆོད་པས་མཉེས་ཤིང་སྦྱིན་པས་ཚིམ་པར། བྱིན་གྱིས་བརླབ་པའི་དོན་བསྟན་པའོ།”ཞེས་པས་དཀྱིལ་འཁོར་གྱི་ངོ་བོ་དང་རྣམ་གྲངས། དགོས་དོན་བཅས་བསྟན་པ་ཡིན།
IMG_6199IMG_6200ད་ལན་སྐབས་དོན་གྱི་བཤད་བྱ་བདེར་གཤེགས་ཞི་ཁྲོ་གཉིས་ལས་ཞི་བ་ཀུན་བཟང་རྒྱལ་བ་འདུས་པའི་དཀྱིལ་འཁོར་བློས་བསླང་འདི་ཉིད་༸སྐྱབས་རྗེ་ཡོངས་འཛིན་བླ་མས་ཞལ་བཀོད་དང་། འགྲོ་གྲོན་ཆ་ཚང་གནང་ནས་སློབ་གཉེར་བ་གཙུག་ཕུད་དབང་རྒྱལ་གྱིས་ལས་གཉེར་གཙོ་འགན་བཞེས་ཐོག དགེ་བཤེས་བསྟན་འཛིན་བློ་གྲོས་དང་། དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་གཉིས་ཀྱིས་རམ་འདེགས་གནང་ནས་འབྲུག་པའི་ཤིང་བཟོ་པད་མ་རྡོ་རྗེ་སྐུ་འཁོར་རྣམས་ལ་ཐབས་བཀོད་གོ་བསྡུར་དང་། སྐུལ་འདེད་རིམ་པར་མཛད་དེ་ལོ་ངོ་གཉིས་མ་ཟིན་ཙམ་གྱི་རིང་ཤིང་བཟོ་རྣམས་ཀྱིས་བཞོག་པ་དང་། བརྡར་བ། རྐོས་གཏོང་བ་དང་། ཚོན་བྱུག་པ་བཅས་སྣང་བ་ཉིན་སྲིབ་གཉིས་ཀྱི་དཀར་ནག་གི་གྲིབ་སོ་ལྟ་བུའི་བརྒྱུད་རིམ་འོག་ད་རེས་གཞི་ནས་ཞི་བའི་གཞལ་ཡས་ཁང་ཆ་ཚང་བ་ཞིག་གསར་བཞེངས་གནང་གྲུབ་པ་རེད།
དེ་རིང་ནི་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གིས་རབ་གནས་ཀྱི་མཐུན་རྐྱེན་ཡོངས་སུ་ཚང་བ་གོ་སྒྲིག་གནང་ཞིང་འདི་གའི་མཁན་དཔོན་སློབ་དང་། བླ་མ་དགེ་བཤེས་སོགས་མཆོག་ལྔའི་གསས་ཁང་དུ་གདན་དྲངས་ནས་ཞི་བ་ཨ་གསལ་གྱི་ལས་རིམ་གྱི་སྒོ་ནས་ཚོགས་དང་མཆོད་འབུལ་གནང་བ་མ་ཟད་ཞི་བའི་གཞལ་ཡས་ཁང་རྟེན་དང་བརྟེན་པ་ཐམས་ཅད་ལ་མངའ་དབུལ་རབ་གནས་དང་། བཀྲ་ཤིས་བྱིན་ཆེ་བར་མཛད་པའི་གནས་བསྡུས་སུ།

སྲིད་པའི་མིག་ནས་ཕྱི་ལོའི་༢༠༡༧ཟླ་༠༣ཚེས་༡༦ཉིན།

(སྤྱིའི་གཟིགས་གྲངས། 115 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཀུན་མཁྱེན་…
error: རྩོམ་འདི་བདག་དབང་ཅན་ཡིན།