ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་མཛད་སྒོ་འཚོགས་པའི་གནས་བསྡུས།

ཕྱི་ལོ་ ༢༠༠༩ ལོར་ <<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>> གི་མཁན་རིན་པོ་ཆེ་ཨ་དཀར་པ་འཆི་མེད་བློ་བཟང་མཆོག་ནས་དགོངས་གཞི་དགོས་པ་ཆེན་པོར་གཟིགས་ཏེ་དབུ་འཛུགས་གནང་བའི་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>གི་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་མཛད་སྒོའི་བོན་ཚོགས་དེ་ཉིད་ཕྱི་ལོ་ ༢༠༡༩ ༡༢ ༧ ནས་ཚེས ༡༢ བར་ཤར་ཕྱོགས་རྒྱལ་ཁབ་ཐ་ལེན་ཊ་(Thailand)ཡི་རྒྱལ་ས་བྷེལ་ཁོག་(Bangkok)ལ་འཚོགས་ཡོད།  ཐ་ལེན་ཊར་ལྟ་བུ་མཚོན་ན་བོན་ཚོགས་མཛད་སྒོ་རྒྱ་ཆེན་འདི་ལྟ་བུ་བསྐྱངས་པ་ཐེངས་དང་པོ་དེ་ཡིན། ད་ལན་གྱི་མཛད་སྒོ་དང་བསྟུན་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>གི་མཁན་རིན་པོ་ཆེ་ཨ་དཀར་པ་འཆི་མེད་བློ་བཟང་མཆོག་གིས་དབུས་པའི་ཚོགས་མི་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཞྭ་དཀར་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་སྐུ་འཁོར་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་མ་དགེ་བཤེས་དགེ་འདུན་པ་བཅས་བཅུ་ཕྲག་ལྔ་ལ་ཉེ་བ་ཆེད་ཕེབས་གནང་ནས། ཐོག་མར་ཉིན་གསུམ་གྱི་རིང་མཛད་སྒོའི་སྔོན་འགྲོའི་གོ་སྒྲིག་ལེགས་པར་གནང་སྟེ། ཕྱི་ལོ་ ༢༠༡༩ ༡༢ ༧ གྱི་ཕྱི་དྲོ་ནས་མཛད་སྒོའི་ཚོམ་ཆེན་དུ་བླ་སློབ་དགེ་འདུན་ཀུན་འཛོམས་ནས་སྔོན་འགྲོའི་ལས་ཆོག་དང་འབྲེལ་མཁན་རིན་པོ་ཆེ་ཨ་དཀར་པ་མཆོག་གིས་མཛད་རིམ་དབུ་འཛུགས་དང་འབྲེལ་བའི་གསུང་བཤད་གནང་། ཚེས་ ༨ ནས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་བཞུགས་པ་དང་། ནང་ནུབ་དུས་སུ་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་ལུས་སྦྱིན་གསུངས། དེའི་རིང་མཁན་རིན་པོ་ཆེ་ཨ་དཀར་པ་མཆོག་ནས་འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཕེབས་པའི་དད་ལྡན་སློབ་མ་བརྒྱ་ཕྲག་དྲུག་ལ་ཉེ་བ་ལ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྐོར་གསུང་ཁྲིད་གནང་བ་དང་། 

ཕྱི་ལོ་ ༢༠༡༩ ༡༢ ༡༡ ཉིན་རིན་པོ་ཆེ་རྣམ་པ་མཛད་སྒོའི་ཚོམ་ཆེན་དུ་ཕེབས་བསུ་ཞུས་ཏེ་སྔ་དྲོར་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སློབ་མ་གསར་ཞུགས་བརྒྱ་དང་ལྔ་བཅུ་ཙམ་ལ་སྐྱབས་འགྲོའི་སྡོམ་པ་གནང་བ་དང་། ཕྱི་དྲོ་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་གནང་མཛད།  ཚེས་ ༡༢ ཉིན་གྱི་ཕྱག་ཚོད་ ༧ ཐོག་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག་བསང་གསོལ་མཆོད་སྤྲིན་རྒྱས་པར་ཕུལ་ནས་བཀའ་སྐྱོང་ཡེ་ཤེས་དབལ་མོའི་གར་འཆམ་མཛད་དེ་ལྷ་ཞལ་དངོས་མཇལ་ལྟ་བུའི་དག་སྣང་འབྱུང་བར་བྱས། ཕྱག་ཚོད་ ༩།༣༠ ཐོག་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བྱུང་རིམ་ལོ་རྒྱུས་དང་སྦྲགས་ནས་འཇའ་ལུས་འཕོ་ཆེན་ཉེར་བཞི་པ་ཚེ་སྤུངས་ཟླ་བ་རྒྱལ་མཚན་གྱི་མན་ངག་ལྟར་གདམས་པ་ལྔ་ཡི་སྒོ་ནས་གནས་ལུགས་ངོ་སྤྲོད་མཛད་དེ་སློབ་མ་རྣམས་སེམས་ངོ་སྐྱོང་དུ་འཇུག་བཞིན་མྱོང་བ་རྒྱུད་ལ་སྐྱེ་ཐབས་མཛད་དེ་མན་ངག་བསྟན། དེ་རྗེས་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>> གི་སློབ་མ་རྣམས་ཀྱིས་རྩ་བའི་བླ་མ་ལ་ཉམས་ལེན་རྟོགས་འབུལ་ཆེད་དུ་རིན་པོ་ཆེ་རྣམ་པ་ལྷན་དུ་ཟབ་མོ་ལྟ་བའི་ཐུན་མཚམས་སུ་བཞུགས་རྗེས་རླུང་སྦྱོང་འཁྲུལ་འཁོར་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་འབུལ་ཞུས། ཕྱི་དྲོའི་ཕྱག་ཚོད་ ༣ ཐོག་མདོ་འཛིན་པས་མཛད་རིམ་ངོ་སྤྲོད་དང་འབྲེལ་ <<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>> དུ་ལོ་བཅུའི་བར་ཚོགས་ཞུགས་གནང་མྱོང་ཡོད་པའི་སློབ་མ་འགས་མྱོང་ཚོར་གྱི་གཏམ་བཤད་བྱས་རྗེས། གདན་སའི་མཁན་རིན་པོ་ཆེ་རྣམ་གཉིས་ནས་མཁན་པོ་ཨ་དཀར་པ་མཆོག་གིས་དབུ་ཁྲིད་པའི་བོན་ཚོགས་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>གི་ཚོགས་མི་རྣམ་པས་མི་ལོ་བཅུ་ཡི་རིང་ལ་འབད་བརྩོན་གནང་བའི་གྲུབ་འབྲས་མཐོན་པོར་སྨིན་ཏེ། ལུས་སྦྱོང་དང་སེམས་སྦྱོང་གི་ཉམས་ལེན་གོང་སྤེལ་བཏང་བ་ལས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་འབྲེལ་ཡོད་སློབ་མ་རྣམས་ཀྱི་གཟུགས་པོའི་འཕྲོད་བསྟེན་དང་སེམས་ཀྱི་བདེ་ཐང་བཅས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་ནས་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་བཟང་པོ་གཏོང་ཐུབ་པར་ཡིད་རང་བསྔགས་བརྗོད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་རིམ་པར་གནང་རྗེས།  <<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>> གི་བོན་ཚོགས་ལ་རྒྱལ་བ་སྨན་རིའི་བླ་བྲང་ནས་སྨན་རིའི་མཁན་རབས་རིམ་བྱོན་གྱི་ཞལ་ཐང་དང་། ཞིང་གཤེགས་དམ་པ་ཁྲི་འཛིན་ ༣༣ པའི་སྐུ་གདུང་རིང་བསྲེལ་བཅས་བྱིན་རྟེན་ཕྱག་རྟགས་གནང་བ་དང་།  དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་གནང་བའི་ཤིས་སྨོན་བཅས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ནབ་བཟའ་གོས་དྲུག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་གནང་བའི་ཏ་པི་ཧྲི་ཙའི་ཞལ་ཐང་གི་བྱིན་རྟེན་ཕྱག་རྟགས་བཅས། ཁུ་བོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནས་སྐྱེ་མེད་ཡི་གེ་ཨ་དཀར་པོའི་ཕྱག་རྟགས་གནང་བ་དང་། ནང་བསྟན་སྨན་གླིང་གི་ཚོགས་གཙོ་གཅེན་པོ་ཨ་ལགས་དམ་ཆོས་ཉི་མ་རིན་པོ་ཆེ་མཆོག་ནས་དྲན་རྟེན་མཉམ་པར་ཕྱག་རྟགས་ལེགས་སྐྱེས་གནང་བ་བཅས་རྣམས་སྤྱན་སྒྲོན་ཞུས། དེ་མཚམས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>གི་ཆེད་དུ་གསུངས་པའི་བཀའ་སློབ་སྙན་སྒྲོན་ཞུས། ཕྱི་དྲོའི་ཕྱག་ཚོད་ ༧ ཐོག་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་མཁན་རིན་པོ་ཆེ་མཆོག་ནས་སྨྲ་སེང་རྩ་བསྙེན་གསུང་བཞིན་སློབ་མ་རྣམས་ལ་བྱིན་རྟེན་དུ་ཤེས་རབ་སྨྲ་བའི་སེང་གེའི་སྟོང་སྐུ་མཐོང་བ་རང་གྲོལ་རིམ་པས་གནང་གྲུབ་རྗེས་མཇུག་བསྡུའི་གསུང་བཤད་གནང་དོན། ད་ལན་གདན་སའི་མཁན་རིན་པོ་ཆེ་རྣམ་གཉིས་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་བླ་སློབ་རྣམས་ཁོ་ནའི་ཆེད་དུ་འདིར་སྐུ་ངལ་འཛེམ་མེད་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་བ་ཡིན་པས། སློབ་མ་རྣམས་ཀྱི་ངོས་ནས་བཀའ་དྲིན་སེམས་ལ་ཉར་དགོས་ཚུལ་དང་། སློབ་མ་ཁྱེད་རྣམས་དང་པོ་བོན་ལ་འབྲེལ་བ་བཞག གཉིས་པ་ཉམས་ལེན་གནང་། མཐར་མི་ཚེ་དོན་དང་ལྡན་པ་སྐྱེལ་ནས་བསམ་པ་བོན་བཞིན་འགྲུབ་པའི་རེ་བ་སྨོན་ལམ་ཡིད་ཆེས་གནང་གི་ཡོད་པ་དང་། <<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>> གི་ཚོགས་པ་འདི་དགོན་པ་ལྟ་བུ་གསེར་འཕྲུ་རྒྱ་ཕིབ་ཅན་ཞིག་མིན་ཡང་། དགོན་པ་མེད་པའི་དགོན་པ་ཞིག་ཡིན་པས། ཁྱེད་སློབ་མ་རྣམས་གང་ལ་བཞུགས་ཡོད་ན་དགོན་པ་དེ་ཡིན། སྐུ་གསུང་ཐུགས་རྟེན་ཡང་དེ་ཡིན། དེ་དོན་ཐུགས་ལ་ཉར་བའི་སྒོ་ནས་སྤྱིར་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། སྒོས་སུ་གང་ཟག་རང་རང་གིས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་སྙིང་པོ་འཛིན་ནས་འདི་ཕྱི་གཉིས་ཀ་དོན་དང་ལྡན་པ་གནང་རྒྱུ་བཅས་ཀྱི་མཇུག་བསྡུའི་གཏམ་བཤད་མཛད་རྗེས་ཀུན་ཀྱང་དགའ་སྤྲོའི་རྣམ་འགྱུར་དང་བཅས། ཕྱི་ལོ་ ༢༠༡༩ ༡༢ ༡༢ ཉིན་གྱི་དགོང་མོའི་ཕྱག་ཚོད་ ༩ ཐོག་མཛད་སྒོ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༡༢ ༡༧ ཉིན་སྤེལ།

པར་རིས་མཐུན་སྦྱོར་གནང་མཁན་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་།

99974cookie-checkཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་མཛད་སྒོ་འཚོགས་པའི་གནས་བསྡུས།
(སྤྱིའི་གཟིགས་གྲངས། 4,325 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཤད་སྒྲུབ་…
error: རྩོམ་འདི་བདག་དབང་ཅན་ཡིན།