ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཌོར་ཐང་དུ་སྟག་ལའི་མཆོད་རྟེན་བཞེངས་པ་ལེགས་གྲུབ་བྱུང་བ།

གཡུང་དྲུང་བཀོད་ལེགས་མི་འགྱུར་བོན་གྱི་གཞི། །

མ་རིག་མུན་སེལ་སྣང་གསལ་སྒྲོན་མེའི་ཚུལ། །

ཉོན་མོངས་བདུད་འདུལ་ཐུགས་རྗེའི་སྟོབས་དང་ལྡན། །

བག་ཆགས་སྒྲིབ་པ་སེལ་ལ་ཕྱག་འཚལ་ལོ། །

གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། གཤེན་རབ་སྐུ་ཚད་མཆོད་པའི་རྟེན། དགེ་བར་དག་པའི་གཤེན་རབ་ཀྱིས། སེམས་ཅན་དོན་དུ་བཞེངས་པ་ན། ཞེས་དང་། རྒྱུ་ནི་འབྱུང་བ་ལྔ་ལས་བྱས། ལས་དཔོན་སྲིད་པའི་རྒྱལ་པོས་བྱས། གཉེར་ལེན་ལྷ་སྲིན་ཡོངས་ཀྱིས་བྱ། བཟོ་མཁས་རིག་པའི་རྒྱལ་པོས་བྱ། ཞེས་པ་ལས་སོགས་རྒྱ་ཆེ་གཏིང་ཟབ་ཀྱི་གོ་དོན་ཡོངས་སུ་བཀྲལ་ཏེ། བདེ་བར་གཤེགས་པའི་སྐུ་གདུང་མཆོད་རྟེན་གྱི་རྒྱུ་དང་། ཚད་དབྱིབས་སོགས་ལུགས་མཐུན་ཇི་ལྟར་བཞེངས་དགོས་པའི་དཀའ་གནད་ཞིབ་གསལ་གནང་ཡོད་པ་ལྟར་བོན་གྱི་གཞུང་ལུགས་ཀྱི་རྗེས་སུ་འབྲང་བའི་སྐྱེས་ཆེན་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་རྟེན་གསུམ་གྱི་གཟུགས་བརྙན་གང་ཞིག་ཡིན་ཡང་། བཀའ་ལུང་གི་དགོངས་དོན་དང་མཐུན་པར་འབད་བརྩོན་གནང་བཞིན་ཡོད་པ་ནི་རྗེ་གཅིག་རྒྱལ་བ་གཉིས་པའི་བཀའ་འབུམ་དང་། མཛད་པ་རྗེས་བཞག་རྣམས་ལས་གསལ་བར་རྟོགས་ནུས་པ་ཞིག་རེད། དེ་ཡང་བདེ་བར་གཤེགས་པའི་སྐུ་གདུང་དང་། སྐུ་གཟུགས་ཀྱི་ཕྱི་ཡི་ཆ་ཚད། ནང་གི་གཟུངས་གཞུག གསུང་རབ་ཀྱི་བརྡ་དག རྗེས་བྱ་རབ་གནས་བཅས་ཀྱིས་ཟིན་མིན་གལ་ཆེན་གནང་བ་ལས་གཏོས་ཆེ་མིན་དང་། གྲངས་ཀ་མང་ཉུང་། རྙིང་པ་ཡིན་མིན་བཅས་ལ་གཙོར་བོར་བཟུང་བ་ཞིག་མིན། དེ་དག་གི་རྣམ་བཤད་བཀའ་དང་བཀའ་བརྟེན་གྱི་ཚོགས་གྲངས་མང་བཞུགས་ཡོད་པ་ལས་མཆོད་རྟེན་རབ་གནས་སྐོར་གསུམ་དང་། མདོ་སྡེ་དྲི་མེད་གཟི་བརྗིད་གཉིས་ལས་གསལ་བ་ལྟར་མཆོད་རྟེན་གྱི་གཟུགས་དབྱིབས་དང་། རྣམ་གྲངས། དགོས་ཕན་བཅས་ཕྱི་ནང་གསང་གསུམ་གྱི་འཇུག་སྒོ་དང་སྦྱར་ཏེ་གོ་དོན་རྒྱ་ཆེ་གཏིང་ཟབ་བཀྲལ་ཡོད་པ་རྣམས་ནི་གཞི་འཛིན་ས་ཞིག་རེད།

དེ་ཡང་ཌོར་ཐང་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་ཉེ་འདབས་སུ་བཞེངས་པའི་ཡི་དམ་སྟག་ལ་མེ་འབར་གྱི་མཆོད་རྟེན་འདི་ནི། སྤྱིར་ན་འཛམ་གླིང་ཞི་བདེ་དང་སྒོས་སུ་ཌོར་ཐང་ལུང་པའི་མུ་ཕྱུགས་རྣམས་ཀྱི་རྐྱེན་ངན་བར་ཆོད་ཀྱི་མཐའ་ཟློག་ཆེད་དམ། ཡང་སྒོས་སུ་ཡུལ་འདིའི་ཤི་གསོན་གཉིས་ཀའི་དགེ་རྩའི་ཆེད་ཕྱག་སྐོར་སྒྲིབ་སྦྱོང་དང་མཆོད་པའི་རྟེན་དུ་དགོངས་ནས་བཞེངས་པ་ཞིག་ཆགས་ཡོད། དེ་ཡང་དད་ལྡན་མི་མང་རྣམས་ཀྱི་རེ་འདུན་གཞིར་བཟུང་མ་ཡུམ་ཉི་མ་ཆོས་སྒྲོན་ལགས་དང་། གཞིས་མི་འཕྲིན་ལས་བསོད་ནམས་གཉིས་ཀྱིས་མཆོད་རྟེན་བཞེངས་གནས་ས་ཆ་འཐུས་སྒོ་ཚང་བར་མཁོ་འདོན་གནང་བ་ལྟར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་འཆར་འགོད་དང་། བཀའ་སློབ་ལམ་སྟོན། འགྲོ་སོང་བཅས་མཐུན་སྦྱོར་ཆ་ཚང་བཀའ་དྲིན་ཆེ་སྐྱོང་གནང་བ་ལྟར་བལ་ཡུལ་གསོ་རིག་འབུམ་བཞི་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་བཞེངས་སྐྲུན་གྱི་གོ་རིམ་ཆ་ཚང་ལ་འགན་ཁུར་ལྷུར་བཞེས་གནང་ཐོག་གོང་གསལ་གཞིས་མི་འཕྲིན་ལས་བསོད་ནམས་དང་། སྨན་པ་བསོད་ནམས་བསྟན་འཛིན། བསོད་ནམས་གྲགས་པ་བཅས་བསོད་ནམས་གསུམ་གྱིས་ལྷག་བསམ་ཁུར་དུ་བཞེས། དཀའ་བ་དང་དུ་བླངས། ངལ་བ་ཆེད་དུ་བསད་ནས་ཨར་ལས་ཀྱི་འགན་ལེན་ཁུར་དུ་བཞེས། དེར་མཚུངས་ལྷ་གདོང་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་དང་། དགེ་བཤེས་དཔལ་གྱི་དབང་ཕྱུག་རྣམ་གཉིས་ཀྱིས་སྔོན་འགྲོའི་རིམ་གྲོ་དང་། གཟུངས་གཞུག་གི་ཕྱག་ལེན། མཆོད་རྟེན་གྱི་ཆ་ཚད་བཅས་ལ་ཕྱག་ལས་དང་། ལྟ་རྟོག་གང་གཟབ་གནང་། ཚོན་རིས་པ་གཡུང་དྲུང་ཚེ་བརྟན་གཙོས་འབུམ་བཞི་སློབ་གྲྭའི་དགེ་སློབ་ཐུན་མོང་ནས་རི་སྐྱོད་སློབ་སྦྱོང་གི་བར་གསེང་ནས་མ་བསྐུལ་དང་ལེན་གྱིས་གཞོགས་འདེགས་གནང་བའི་ཉེར་ལེན་ལས་བདེ་བར་གཤེགས་པའི་ཐུགས་རྟེན་སྟག་ལ་མེ་འབར་གྱི་གཟུངས་སྔགས་གཙོར་དྲིལ་གནང་བའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་འདི་ཉིད་བཞེངས་བཀོད་ལེགས་གྲུབ་བྱུང་བ་ཞིག་རེད། དུས་མཚུངས་ཁ་སང་སྟེ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༠༢ ཉིན་བདག་ཅག་རྣམས་ཀྱི་སྐྱབས་གནས་དམ་པ་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེའི་སྐུའི་བླ་གཟའི་འབྱུང་འཕྲོད་ཕུན་སུམ་ཚོགས་པའི་ཉིན་མོར་གསོ་རིག་འབུམ་བཞིའི་དགེ་སློབ་ཐུན་མོང་ནས་རབ་གནས་བྱིན་རླབས་དང་། བསང་གསོལ་ལྷ་རྒྱལ། བཀྲ་ཤིས་སྨོན་ལམ་བཅས་དགེ་བའི་ལེགས་ཚོགས་ཀྱིས་མཐར་བརྒྱན་པའི་རྣམ་པ་འདི་ཉིད་ཉེ་འཁོར་རྣམས་ཀྱི་སྤྱན་སྔར་མཚམས་སྦྱོར་གྱི་དོད་དུ་དགེ་བཤེས་བསྟན་འཛིན་སྦྱིན་པས་བཀོད་པའོ། །

(སྤྱིའི་གཟིགས་གྲངས། 128 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།