ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཀྱིལ་འཁོར་གྱི་རྣམ་བཤད།

སློབ་དཔོན་བསྟན་འཛིན་རྣམ་དག

དཀྱིལ་འཁོར་ནི། དཀྱིལ་ནི་ཞིང་ཁམས་རྫོགས་པས་དཀྱིལ། འཁོར་ནི་གཙོ་འཁོར་ལྡན་པས་འཁོར། དཀྱིལ་འཁོར་བཞེངས་པའི་དགོས་པ་ནི། གདུལ་བྱའི་ཞིང་སྦྱང་པ་དང་། བཅུད་སྦྱང་བ་གཉིས་ཀྱི་ཆེད་དུ་ཡིན་ལ། ཞིང་སྦྱང་བ་ཕྱི་སྣོད་སྟོང་གསུམ་འཇིག་རྟེན་སྦྱང་བ་དང་། ཚངས་རྒྱུང་གི་འཇིག་རྟེན་སྦྱང་བ་དང་། ནང་བཅུད་ཀྱི་སེམས་ཅན་སྦྱང་བའོ། །དང་པོ་སྦྱང་གཞིའི་བཀོད་པ་དྲན་ཕྱིར་མདོ་དང་རྒྱུད་སོགས་ཀྱི་དགོངས་པ་བཀོད་པ་ནི། མདོ་གཡུང་དྲུང་ཀློང་རྒྱས་ལས། རྡུལ་མཚོན་སྟེང་དུ་རེས་ཤིག་བཀོད་པས་སྟོང་དང་པོ་ཚང་བ་ཙམ་མོ། ཞེས་དང་། འཁོར་གྱི་ལྷ་སྟོང་བརྩེགས་པ་ལྕོག་བཞིས་བཅད་པ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་དང་སྦྱར་ནས་བཞེངས་པའོ། །ཞེས་དང་། ལྕགས་རི་ནག་པོའི་སྟེང་དུ་མཆོད་རྟེན་སྟོང་རྩ་བརྒྱད་བཞེངས་པ་ནི། སྟོང་གསུམ་པ་མཐར་ཐུག་གི་འཇིག་རྟེན་དང་སྦྱར་ནས་བཞེངས་པའོ། །དེ་ཡང་ངེས་པར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལོ། །ཞེས་དང་། དཀྱིལ་འཁོར་ཆེན་པོ་དེ་ལ་འཁོར་བའི་བོན་དང་མྱ་ངན་ལས་འདས་པའི་བོན་གཉིས་ཀ་རྫོགས་ཏེ། འཁོར་བའི་བོན་སྣོད་བཅུད་སེམས་ཅན་ལས་ལས་གྱུར་བ་ཇི་ལྟར་རྫོགས་ཞེ་ན། འོག་རྡོ་རྗེ་གདན་པ་ཞེས་བྱ་བ། མ་ཐ་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་ལ། གྲང་བའི་དམྱལ་བ་བརྒྱད་གནས་སོ། ། མེ་རླུང་དམར་པོ་པད་མ་འདབ་བརྒྱད་མར་ཕྱེད་ན་ཚ་བའི་དམྱལ་བ་བརྒྱད་གནས་སོ། །མེ་རླུང་བར་ན་ཉིས་ཚེ་ཉིས་འཁོར་རོ། ། མེ་ཡི་ཡར་ཕྱེད་ན་ཡི་དྭགས་ནང་གི་སྒྲིབ་པ་ཅན་དང་། མེ་ལྕེའི་འཁོར་ལོ་ཁ་ནས་འབར་བ་གནས་སོ། །ཆུ་རི་སྔོན་པོ་འཁོར་ལོ་ལྔ་སྐོར་གྱི་མར་ཕྱེད་ན། ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན་བོག་རིའི་མགོ་དང་། པྲིང་རྒྱུད་སྐེ་རྣམས་གནས་སོ། །བར་ན་སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ཚ་གྲང་གཉིས་ཀའི་ནད་ཀྱིས་གདུང་བ་གནས་སོ། །ཆུའི་ཡར་ཕྱེད་ན་བྱོལ་སོང་གི་རྒྱལ་ཁམས་རིགས་བཞི་ཆང་དར་གྱི་སྦང་མ་བཞིན་དུ་གནས་སོ། ། ས་རི་སེར་པོ་རིན་ཆེན་འབར་བ་ལ། བསོད་ནམས་ཅན་སྣ་མང་གནས་སོ། །ཡ་ཐ་བར་སྣང་གི་རི་མོ་ཁ་འལ་འོལ་དང་། གསལ་ཕྱ་ཕྱོ་ལ་ལྷ་མ་ཡིན་གྱི་སྡེ་བར་གཡེན་གཏོད་པོ་དགུ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་ནམ་མཁའ་ལྡིང་ལས་སོགས་པ་དང་སྦྱར་རོ། ། བར་སྣང་ཞེས་བྱ་བ་རི་རབ་དང་ས་གཞིའི་བར་ལ་གདག ཞེས་སོ། གཞན་ཡང་ཤེལ་གྱི་ལྕོག་བཞི་དང་། རི་རབ་སོགས་ལ་ལྷ་མིན་ས་གཡེན། བར་སྣང་ལ་མཚེ་མ་གནོད་སྦྱིན། གཡུང་དྲུང་ཁྱིམ་བདུན་གྱི་མི་དང་། འཁོར་ལོ་བསྒྱུར་བའི་རྒྱལ་པོ། རི་བདུན་རོལ་མཚོའི་ཀླུ་དང་། ལྕོག་ལ་རྒྱལ་ཆེན། མགུལ་ཆུ་ལ་ཚལ་ཆེན་བཞི། བུམ་པ་ཤེལ་གུར་དཀར་པོ་སུམ་ཅུ་རྩ་དང་སྦྱར་རོ། ། ཞེས་དང་། བྲེ་ནི་འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་བཞི་དང་སྦྱར་རོ། ། རིན་པོ་ཆེའི་འཁོར་ལོ་བཅུ་གསུམ་ནི། བསམ་གཏན་རིགས་བཞི་གཙང་མ་རིགས་ལྔ་གཟུགས་མེད་བཞི་དང་སྦྱར་རོ། ། དེ་མན་ཆད་ནི་འཁོར་བའི་བོན་ཏེ་སྣོད་བཅུད་དང་འབྲེལ་བའོ། ། ཆར་ཁེབས་བར་ལྷ་འོད་གསལ་མྱ་ངན་ལས་འདས་པ་རྣམས་དང་སྦྱར་རོ། ། དེ་ཡན་ཆད་མྱ་ངན་ལས་འདས་པའི་འདས་པ་ཆེན་པོ་སྟོན་པའི་ཐུགས་རྗེ་དུས་གསུམ་གྱི་བདེ་བར་གཤེགས་པ་དང་སྦྱར་རོ། ། ཞེས་སོགས་སོ། ། 

སྦྱོང་བྱེད་དག་པ་དྲན་པའི་ཚུལ་གྱི་རྟེན་ལ་རྡུལ་ཚོན་དཀྱིལ་འཁོར་དང་། བུམ་པ་དང་། བདག་རྒྱུད་ཕུང་བོ་སོགས་དམིགས་པའི་རྟེན་དུ་བྱས་ནས་དག་པ་སྒོམ་པའི་ཚུལ་ནི། རྣམ་པར་རྒྱལ་བའི་མངོན་རྟོགས་ལྟར། འབྱུང་བ་ལྔ་ཡི་ཁྲི་འཕང་གི་སྟེང་ན། ལྷ་ཡི་གཞལ་ཡས་རྒྱ་ཆེ་ལ་དཔངས་མཐོ་བ། དབྱིབས་ཀུན་ཏུ་གྲུ་བཞི་འདུག་པ། ཕ་རོལ་ཕྱིན་བཅུའི་གཞན་ཡས་ཁང་། སྦྱིན་པའི་ས་གཞི་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་འགྲམ་གཞི། འབྱུང་བ་ལྔ་ཡི་རྩིག་རྨེང་ལ། ཚུལ་ཁྲིམས་ཀྱི་སྦགས་བརྩིགས། བཟོད་པའི་དཔང་གཏོད་པ། བརྩོན་འགྲུབ་ཀྱི་ཕྲ་གདུང་ལ། བསམ་གཏན་གྱི་ཐོག་ཕུབ་པ། སྟོབས་ཀྱི་ཡ་གད་ལ། སྙིང་རྗེའི་ཟ་ར་ཚགས་དང་། སྨོན་ལམ་གྱི་དར་བུ་ཁད་དུ་བརྒྱན་པ། ཐབས་ཤེས་ཀྱི་ཁྱུང་གུར་དང་ལྡན་པ། བྱང་ལམ་བཅུ་གཉིས་ཀྱི་སྒོ་རྒྱན་དང་ལྡན་པ་སྟེ། དྲན་པ་ཉེར་བཞག་གི་སྒོ་གནས་ལ། ཡང་དག་སྤོང་བའི་སྒོ་རྨེད། རྫུ་འཕྲུལ་རྐང་བའི་སྒོ་འགབ། དབང་བོ་རྣམས་ཀྱི་རེ་བཞི་ལ། ཏིང་འཛིན་བརྒྱད་ཅུའི་སྒོ་གདན་བྲེས་པ། གཤེན་ལམ་བཞིའི་སྒོ་མོ་ལ། མི་འཇིགས་པའི་སྟོབས་ཀྱི་གཡག་ཤིང་བཙུགས་པ། ཐར་བའི་ལམ་བརྒྱད་ཀྱི་སྒོ་རྒྱན་སྤྲས་པ་ལ། ཕྱིར་མི་ལྡོག་པའི་ཐ་རམ་བསྡམས་པ། ལན་ཅིག་ཕྱིར་འོང་གི་ལྡེ་མིག་ལ། རྒྱུན་དུ་ཞུགས་པའི་སྒོ་གདན་གནས་པ། ཚད་མེད་བཞིའི་སྒོ་སྲུང་བྱས་པར་བསྐྱེད་དོ། གཡུང་དྲུང་ས་བཅུའི་ཐོག་ཕུབ་དང་ལྡན་ཏེ། གཡུང་དྲུང་གི་བོན་ཕྱེ་བ་མེད་པ་ལ་མ་འདྲེས་པ་དགུའི་ཀ་གདན་ལ། ཡང་དག་པའི་རིག་པའི་ཀ་བ་བཙུགས་པ། གཡུང་དྲུང་གི་ཡན་ལག་དགུའི་ཀ་གཞུ་ལ། གཤེན་རབས་ཀྱི་བདེན་པ་བཞིའི་གདུང་མ་བྲེས་པ། སོ་སོ་ཡང་དག་པའི་རིག་པའི་ཕྱམ་དྲལ་ལ། མི་བསྙེལ་བའི་གཟུངས་ཀྱི་དྲལ་མ་བཀོད་པ། མཐར་གྱིས་སྙོམས་པར་འཇུག་པ་དགུའི་ཐོག་འགེབ་ལ། མཚན་མ་མེད་པར་སྙོམས་པར་འཇུག་པ་བཞིའི་ཡང་ནོན་གསལ་བ། བོན་གཡུང་དྲུང་དབྱིངས་ཀྱི་འོད་མཐོང་ལ། རྒྱུན་གནས་ཐུགས་རྗེ་བཞིའི་དྲྭ་བས་སྤྲས་པར་བསྐྱེད་དོ། ། 

རྟོག་པ་ཆེན་པོའི་ལྟ་བའི་ཡང་ཐོག་ལ། སྲུང་མེད་དམ་ཚིག་གི་བང་རིམ་དང་། ལྷུན་གྲུབ་འཕྲིན་ལས་ཀྱི་བུམ་པ་ལ། རྣམ་དག་སྤྱོད་པའི་མགུལ་ཆུས་བརྒྱན་པ། ལེགས་པར་འབྱུང་བའི་བུམ་སྐེ་ལ། སྙོམས་པར་གནས་པའི་བྲེས་བརྒྱན་པ། འགྱུར་བ་མེད་པའི་འཁོར་ལོ་ལ། རང་བཞིན་མེད་པའི་ཆར་ཁེབས་བཀབ་པ། མཉམ་ཉིད་འཁྲུལ་བ་མེད་པའི་བྱ་རུ་ལ། བླ་མེད་རྫོགས་པའི་ཏོག་ཆེན་བཙུགས་པ། རྣམ་པ་ཐམས་ཅད་མཁྱེན་པའི་དར་དཔྱངས་ཀུན་ཏུ་འཕྲོ་བར་བསྐྱེད། ཅེས་པ། དེ་ལྟར་ལུང་དོན་བཞིན་སྣོད་བཅུད་སྦྱང་བྱ་དང་། སྦྱོང་བྱེད་དཀྱིལ་འཁོར་གྱི་དག་པ་དྲན་པའི་ཚུལ་སོགས་ལུང་དོན་ལས་བྱུང་བར་བཤད་པའོ། ། 

སྤྱིར་བཏང་དཀྱིལ་འཁོར་གྱི་རྣམ་བཞག་ལ། རང་བཞིན་དཀྱིལ་འཁོར་དབྱིངས་ན་ལྷུན་གྱིས་གྲུབ་པ་དང་། ཏིང་འཛིན་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་སྒོམ་པ་དང་། རྡུལ་མཚོན་དཀྱིལ་འཁོར་ས་ལ་ལག་གིས་བྲིས་པ་དང་། ཞེས་དཀྱིལ་འཁོར་གསུམ་དུ་བཤད་པ་ནི། རྒྱུད་སྡེ་བཞི་གང་ལ་འཇུག་ཀྱང་དཀྱིལ་འཁོར་གྱི་རྣམ་བཤད་ཤེས་དགོས་པ་གལ་ཆེའོ། ། དེ་ཡང་དཀྱིལ་འཁོར་སྔ་མ་གཉིས་ཤེས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཤེས་དགོས། དེ་ཤེས་ན་ཏིང་འཛིན་གྱི་དཀྱིལ་འཁོར་སྒོམ་ཤེས། དེ་སྒོམ་ཤེས་པ་བྱུང་ཡང་དཀྱིལ་འཁོར་གྱི་ངོ་བོ་སྟོང་བའི་རང་མདངས་ཡིན་པ་དེ་དེ་ལྟར་དུ་ཤེས་པ་རང་བཞིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་ཚུལ་ལོ། ། 

གཞན་ཡང་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་ལ་དཔྱད་དེ་རྒྱུད་སྡེ་གོང་འོག་གི་འདོད་ཚུལ་འཆད་རྒྱུ་ཡོད་ཀྱང་ད་ལྟ་འདིར་དེ་ཙམ་དུ་འདུས་པར་བྱས། སྤྱིར་ན་གསང་སྔགས་ཀྱི་ལུགས་ལ་ཐ་མལ་གྱི་སྣང་ཞེན་སྦྱང་རྒྱུ་གལ་ཆེ་ཤོས་ཡིན་ལ། ཐ་མལ་གྱི་སྣང་བ་དང་ཞེན་པ་གཉིས་ལ་ཕྲ་རགས་གཉིས་རེ་ཡོད་ཅིང་། དེ་དག་སྦྱོང་བྱེད་ལ་ཡང་ཕྲ་རགས་ཀྱི་ཚུལ་དང་། སྦྱོང་ཚུལ་ལ་ཐབས་མཁས་མིན། ཉམས་ལེན་གྱི་གནད་ཟབ་མིན་སོགས་ཀྱི་སྒོ་ནས་སྔགས་ཀྱི་ཚུལ་གཞི་དང་ལམ་དང་འབྲས་བུའི་སྒོ་མང་པོ་ཞིག་དཔེ་དང་བརྡ་ཡི་སྒོ་ནས་སྟོན་པའི་ཆེད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། རས་བྲིས་སོགས་གང་རུང་གི་ཐབས་ལ་བརྟེན་ནས་བསྟན་པ་དང་། ལྷ་ཡི་སྐུ་ལ་ཡང་དེ་བཞིན་དུ་དཔེ་དང་བརྡ་དང་བཅས་པའི་སྒོ་ནས་སྔགས་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་འཆད་རྒྱུ་ཡོད་ལ། འཆད་ཀྱང་དགོས་ཏེ། དེ་ལྟར་མི་འཆད་པར་རང་བཞིན་གྱིས་གྲུབ་པའི་ལྷ་སྐུ་ཡི་རྣམ་པ་ཡིད་ངོར་ཇི་ལྟར་གསལ་བར་བསྒོམས་ཀྱང་མཐའ་གཉིས་འགོག་མི་ནུས་ལ། དེ་མ་ནུས་ན་སྒྲིབ་གཉིས་སྦྱང་མི་ནུས་པས་བྱང་ཆུབ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། ། 

ཚུལ་དེས་ན་ལྷ་ཡི་སྐུའི་ངོ་བོ་དང་། རྒྱན་དང་ཕྱག་མཚན་གདན་ཁྲི། ཆས་གོས། སྐུ་མདོག ཡབ་ཡུམ་སོགས་ཀྱི་རྣམ་བཤད་ཇི་ལྟར་བྱུང་བ་རྣམས་ཀྱིས་མཚོན་བྱའི་དོན་རྒྱུད་སྡེའི་དགོངས་པ་དང་སྦྲག་དེ་འཆད་ཤེས་པ་དང་། སྒོམ་ཤེས་པ། སྒྲུབ་ཤེས་པ། འཆད་པ་དང་སྒོམ་པ་དང་སྒྲུབ་པ་པོ་དེ་ལ་མཚན་དུ་སྔགས་འཆང་ཞེས་གསལ་ལོ། ། ཚུལ་དང་ཐབས་འདི་ལྟར་ཕྱག་ལེན་བྱེད་པའི་ཆེད་དུ་དཀྱིལ་འཁོར་གྱི་དཔེ་རིས་བཀོད་པ་ཡིན། དེ་ལྟར་ན་དཀྱིལ་འཁོར་ཉུང་ཤས་ཤིག་ལ་བརྟེན་ནས་དེ་ལྟར་བརྡ་མཚོན་བྱེད་དུ་རུང་གི་མང་པོ་འདི་ལྟར་མི་དགོས་སོ། ། སྙམ་ན་འདི་རྣམས་སྟོན་པ་སངས་རྒྱས་ཀྱིས་བཀའ་འཁོར་རིམ་པ་གསུམ་བསྐོར་བའི་དགོས་པ་གདུལ་བྱའི་བློ་ལ་ལྟོས་ནས་གསུངས་པ་མ་གཏོགས་སངས་རྒྱས་རང་དབང་གིས་གསུང་བའི་གནས་མེད་པས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་བྱུང་། འདིར་ཡང་དཀྱིལ་འཁོར་གྱི་རྣམ་གྲངས་ཀྱང་དེ་བཞིན་དུ་གདུལ་བྱའི་ངོ་ལ་བསྟུན་ནས་དེ་ལྟར་བྱུང་བ་ཤེས་པར་བྱ་དགོས་སོ། །

(སྤྱིའི་གཟིགས་གྲངས། 453 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཁ་འབབ་ཀྱི་…
error: རྩོམ་འདི་བདག་དབང་ཅན་ཡིན།