ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པའི་སྐོར།

         བོད་ཟླ་༨། ཚེས་༡། ནས་༨། བར་དུ་གཡུང་དྲུང་བོན་གྱི་གདན་ས་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པའི་དུས་ཚིགས་ཡིན།  དེ་ཡང་གཤེན་གྱི་དཀའ་ཐུབ་ཉམས་ལེན་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་ཤེད་སྨད་ཅིང་། སེམས་རྒྱུད་བོན་དང་འདྲེས་ནས་ལུས་སེམས་ཞི་དལ་ལྡན་པ་དང་། གཞན་དང་བ་འདྲེན་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས་ན། རྣམ་དག་འདུལ་བ་འཛིན་པའི་སྡེ་ཡིས་བླང་བྱའི་མཆོག་དང་ཐུགས་ཀྱི་གཏད་སོ་ཉག་གཅིག་ཏུ་གྱུར།

         བྱུང་རིམ་གྱི་ཆ་ནས་བཤད་ན། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་ཆེ་དེ་ཉིད་གཤེན་ལོ་༣༡། བཞེས་པའི་དུས་སུ། ཁྱིམ་སྤངས་རབ་བྱུང་གི་མཛད་པ་མཛད་ནས་དཀའ་བ་རྣམ་གསུམ་སྤྱད་དེ། དང་པོ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་ཅིག་ཏུ། ཆུ་དང་འོ་མ་ཕྱེས་པའི་ཐིགས་རེ་དང་། འབྲས་སཱ་ལུའི་ཉག་མ་རེ་གསོལ་ནས་བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད་པ་དང་།

        གཉིས་པ་རྒྱལ་ཆེན་རིགས་བཞིའི་གནས་སུ། སྤྲེའུའི་རྒྱལ་པོ་ཧ་ནུ་མ་དྷ་དང་ལྷན་དུ་ཤིང་ཐོག་གི་འབྲུ་མ་རེ་དང་། ཤིང་ལོའི་སྟེང་དུ་ཁ་བ་བབས་པའི་ཆུ་ཐིགས་རེ་གསོལ་ནས་སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད།

      གསུམ་པ་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་མེ་ཏོག་གི་གླིང་ལ་མཁའ་ལྡིང་གི་རྒྱལ་པོ་ཤང་ཤང་དང་ཐབས་ཅིག་ཏུ། ཆུ་སིང་གའི་ཐིགས་པ་རེ་དང་། རྩྭ་ཨུ་མེར་གྱི་མཆོག་མ་རེ་གསོལ་ནས་མི་ཡི་དཀའ་ཐུབ་ལོ་གཅིག་མཛད།

        དེ་ནས་རི་བོ་གསེར་ལྡན་གྱི་རྩ་བ་ཆུ་བོ་གྱིམ་ཤང་གི་འགྲམ་དུ་བྱོན་ནས་འཁོར་སྡེ་བཞི་ཡ་བརྒྱད་ལ། རྣམ་དག་འདུལ་བ་ཁྲིམས་ཀྱི་བོན་སྡེ་ལས། ༡༽བསླབ་གསུམ་ཡོངས་དག་གི་སྡེ་དང་། ༢༽རྣམ་དག་དཀའ་ཐུབ་ཀྱི་སྡེ། ༣༽དུས་ཁྲིམས་གཙང་མའི་སྡེ། ༤༽སྲུང་ཁྲིམས་ངོ་བསྟོད་ཀྱི་སྡེ། ༥༽སྦྱང་ཐོབ་མཐར་ཕྱིན་གྱི་སྡེ། ༦༽རྒོལ་བ་ཚར་གཅོད་ཀྱི་སྡེ། ༧༽མུ་བཞི་མཐའ་བསལ་གྱི་སྡེ། ༨༽གལ་པོ་རྩོད་སྤོང་གི་སྡེ། ༩༽དག་པ་རྣམ་གྲོལ་གྱི་སྡེ། ༡༠༽སྤོབས་པ་མཐར་ཕྱིན་གྱི་སྡེ་བཅས་འདུལ་བྱེད་སྡེ་བཅུ་རུ་གཏན་ལ་ཕབ་སྟེ་གསུངས།  དེ་ནས་འདུལ་བ་ཁྲིམས་ཀྱི་གླིང་གསས་ཁང་བ་རབ་གསེར་གླིང་དུ་བྱོན་ནས་འདུས་པའི་འཁོར་རྣམས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཕྱིར་འདུལ་བ་རྒྱུད་དྲུག་ཏུ་གཏན་ལ་ཕབ། ཕོ་གླིང་དང་མོ་གླིང་གནས་རིགས་སོ་སོར་འཛིན་པའི་ཆེད་དུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དང་། ཁོ་མ་ནེ་ཆུང་གཉིས་ཀྱི་བར། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་འདུས་པའི་འཁོར་རྣམས་ལ། འདུལ་བ་ཁྲིམས་ཀྱི་སྡོམ་པ་ཕོག་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་དོན་བསྟན་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྣམ་དག་འདུལ་བའི་བསླབ་བྱ་ཉམས་སུ་ལེན་པའི་སྡེ་མང་དུ་བྱུང་ཡོད་པ་མ་ཟད། འཁོར་སྡེ་བཞི་ཡ་བརྒྱད་ལས་བྲག་དགོན་དཀའ་ཐུབ་ཀྱི་སྡེ་ཞེས་པ་དམིགས་བསལ་དཀའ་ཐུབ་ཉམས་ལེན་ལ་བརྩོན་མཁན་གྱི་སྡེ་ཡང་བྱུང་། དུས་དེ་ནས་བཟུང་ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཐུག་གི་བར་དུ་དཀའ་ཐུབ་མཛད་པའི་སྐྱེས་མཆོག་ཟམ་མ་ཆད་པར་བྱུང་མྱོང་ཡོད།

      ལྷག་པར་དུ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེས་དཀའ་ཐུབ་ཉམས་ལེན་ཇི་ལྟར་སྤྱོད་དགོས་པའི་ཚུལ་བཀའ་ལུང་ལས་གསལ་བ་དང་གོང་མའི་ཕྱག་ལེན་ཟིན་བྲིས་སུ་བཏབས་པ་༼དཀའ་ཐུབ་ལ་གནས་ཚུལ་གྱི་ལག་ལེན་མདོ་དོན་གསལ་བྱེད།༽གཞིར་བཟུངས་ནས། འདི་ག་གཤེན་གྱི་དཀའ་ཐུབ་ཆེན་མོ་ལོ་ལྟར་འཚོགས་དང་འཚོགས་བཞིན་ཡོད་པར་བརྟེན། འདི་ལོ་ཡང་བོད་ཟླ་༧།༢༢ནས་བཟུང་དཀའ་ཐུབ་ཆེན་མོའི་སྔོན་འགྲོ་སྟ་བོན་གྱི་རིམ་པ་རྡུལ་ཚོན་དཀྱིལ་འཁོར་བཏབས་པ་དང་། བོད་ཟླ་༧། ཚེས་༣༠། ཉིན་བཅའ་བཟོའི་ལས་རིམ་ལ་ཞུགས་ཏེ་གཙུག་ལག་ཁང་གི་ཕྱི་ནང་ལ་གཙང་སྦྲ་དང་། དཀྱིལ་འཁོར་མཆོད་རྫས་བཤམ་བཀོད་ཀྱི་རིམ་པ་གྲུབ་པར་བྱས།

         བོད་ཟླ་བརྒྱད་པའི་ཚེས་༡ཉིན་དངོས་གཞིའི་དཀའ་ཐུབ་ཆེན་མོ་དབུ་བཙུགས་ཏེ་དཔོན་སློབ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཀྱི་ཐོག ཞོགས་པའི་ཕྱག་ཚོད་༤་ ནས་འདུལ་བའི་གསོ་སྦྱོང་འཚོགས།

དེ་ནས་མི་མང་རྣམས་ལ་བསྙེན་བསྙུང་གི་སྡོམ་པ་གནང་། ཞོགས་ཇ་བཞེས་རྗེས་བཤད་སྒྲུབ་མཁན་སློབ་ཟུང་གིས་འདུལ་བའི་འཆད་ཁྲིད་མཛད་པ་དང་། ཕྱག་ཚོད་༩ཐོག་གཤེན་གྱི་དགེ་སྤྱོད་ཀྱི་ཆོ་གའི་གཞུང་བསྲངས་ཏེ་ཆུ་གཏོར་བཅས་གསུངས་ནས་གྲོལ། ཕྱག་ཚོད་༡༢་ཐོག་ཉིན་གུང་གསོལ་ཚིགས་བཞེས་ཏེ་བསྐོར་བའི་སྨོན་ལམ་དང་འཁོར་བ་དོང་སྤྲུགས་ཀྱི་སྙིང་པོ་བརྗོད་བཞིན་གཙུག་ལག་ཁང་ལ་སྐོར་བ་ལན་གསུམ་ཕེབས། དེ་ནས་ཕྱག་ཚོད་གསུམ་པའི་ཐོག་གཡུང་དྲུང་སེམས་དཔའི་ལྟུང་བཤགས་གསུངས་ནས་གསོལ་ཇ་བཞེས། ཡུམ་མདོ་བཀླགས་ཏེ་ཚོགས་གྲོལ།  ཕྱག་ཚོད་༥ནས༦བར་འཆད་ར་འཚོགས་རྗེས།

image-16

དཀའ་ཐུབ་

དཔོན་སློབ་ཚངས་པ་རིན་པོ་ཆེས་འདུས་སྡེ་དང་མང་ཚོགས་ལ་ཁྲུས་གསོལ་གནང་གྲུབ་པ་དང་། འདུལ་ཆོག་ལྟར་ཉུ་ལེ་བཀར་བའི་ཆོ་ག་དང་། ཐེག་ཆེན་གྱི་བསྔོ་བ་བཅས་གསུངས། དེ་ནས་ཡར་འཚོགས་ཏེ་སྨོན་ལམ་རྣམ་གསུམ་དང་སངས་རྒྱས་མཚན་དཔེའི་མདོ་ལས་བྱུང་བའི་སྨོན་ལམ་བཅས་གསུངས་ནས་ཚོགས་གྲོལ། ཕྱག་ཚོད་༧། ནས་༩། བར་དུ་ཟབ་མོ་ལྟ་བའི་ཉམས་ལེན་དང་། དཔེ་ལྟ། བློ་འཛིན་སོགས་རང་རང་གང་མོས་ཀྱི་དགེ་སྦྱོར་ལ་འབད་བརྩོན་གནང་བ་བཅས་དཀའ་ཐུབ་ཀྱི་རིང་ཉིན་རེའི་དགེ་སྦྱོར་གྱི་བྱ་བཞག་ཡིན་ནོ།།

 ཞེས་པ་འདི་ཉིད་བསླབ་གསུམ་བསྟན་པ་དར་པའི་སྨོན་འདུན་དང་བཅས་ཏེ་གུས་པ་ཏི་སེའི་བུས་༢༠༡༥། ༩། ༡༦། ཉིན་གདན་ས་ཁྲི་བརྟན་ནོར་བུའི་                                                                                                                        རྩེ་ནས་སྤེལ།

15230cookie-check༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པའི་སྐོར།
(སྤྱིའི་གཟིགས་གྲངས། 6 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…