དུས་ཀྱི་སྟོན་པ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན།
རྩོམ་པ་པོ། རིག་པའི་ཁུ་བྱུག
ལོ་དང་ཟླ་བ་མྱུར་དུ་མྱུར་དུ་འགྲོ།། ལས་དང་བྱ་བ་ཐམས་ཅད་ཚར་དུས་མེད།།
ཡུན་ཐུང་མི་ཚེ་མྱུར་དུ་མྱུར་དུ་རྫོགས།། ལོ་གཅིག་གར་སོང་འདི་སོང་མི་གདའ་འོ།།
མཁྱེན་བརྩེ་ནུས་གསུམ་ལྡན་པའི་བླ་མ་དེ།། བོན་གྱི་བསྟན་འགྲོ་བསྐྱབས་པའི་བླ་མ་དེ།།
འགྲོ་ལ་ཐུགས་བརྩེ་ཟབ་པའི་བླ་མ་དེ།། གཤེགས་ནས་ལོ་འཁོར་ཚར་སོང་ཨ་མ་མ།།
འཁྲུལ་རྟོག་ཉོན་མོངས་བྲལ་བའི་བླ་མ་དེ།། ཡེ་ཤེས་རང་གཟུགས་མངོན་པའི་བླ་མ་དེ།།
ཞི་འཇམས་བྱམས་བརྩེ་སྟེར་བའི་བླ་མ་དེ།། སངས་རྒྱས་མིན་ན་ས་ཐོག་སངས་རྒྱས་སུ།།
ཞི་དུལ་སྐུ་ལ་མདོ་སྔགས་ཚངས་པའི་གསུང་།། བྱམས་བརྩེའི་ཐུགས་ལ་མཁྱེན་གཉིས་འོད་ཟེར་འཕྲོ།།
བསླབ་གསུམ་ཡོན་ཏན་འཕྲིན་ལས་སྐྱོང་བཞིན་དུ།། ད་དུང་བཞུགས་པ་ལྟ་བུའི་ཚོར་སྣང་འདུག། །
བགྲེས་པའི་སྐུ་ལ་གཟི་བརྗིད་བྱིན་བརླབས་འབར།། སྒྲ་དག་སྒྲོས་གཙང་གསུང་གིས་དྭངས་བ་འདྲེན།།
དྭངས་གསལ་ཐུགས་ལ་མཁྱེན་གཉིས་རིག་པས་ཕྱུག། སྨྲ་དབང་མི་ཡི་སེང་གེ་ལྷག་ཏུ་དྲན།།
སྨན་གྱི་རི་ནས་གྲུབ་པའི་དཀའ་བ་སྤྱད།། སྨན་རིའི་བླ་མ་རྟེན་གསུམ་བསྲུང་སྐྱོབ་མཛད།།
སྨན་རི་ཚང་ལ་བླ་ཆེན་ཐོབ་ཐང་བླང་།། སྨན་རིའི་ཡོངས་འཛིན་བླ་མ་ངོ་མཚར་ཆེ།།
དུས་དང་བསྐལ་པ་མར་མར་མར་མར་འགྲིབ།། ལས་ངན་བསམ་སྦྱོར་ཡར་ཡར་ཡར་ཡར་དར།།
ད་ལྟའི་དུས་འདིར་འདྲེན་པའི་སྟོན་པ་ཁྱེད།། མ་བཞུགས་ཞིང་དུ་གཤེགས་སོང་ལྷག་པར་སྐྱོ།།
བོན་གྱི་མདོ་སྔགས་སེམས་སྡེའི་རིག་པའི་གནད།། གཤེན་ཞལ་གཙང་མའི་དབྱངས་ཀྱིས་འདྲེན་པ་བཞིན།།
འུ་ཅག་འགྲོ་ལ་བརྩེ་བས་འདོམས་མཛད་པའི།། བཀའ་དྲིན་དེ་ནི་ནམ་ཡང་བརྗེད་པ་མེད།།
རྒྱལ་བ་ཀུན་ཏུ་བཟང་པོ་མན་ཆོད་ནས།། དཔལ་ལྡན་བླ་མ་མཆོག་ལ་ཐུག་གི་བར།།
དབང་ལུང་ཁྲིད་ཀྱི་ཉག་ཐག་མ་ལུས་པར།། སྤེལ་བའི་བཀའ་དྲིན་དེ་ནི་བསམ་མཐའ་ཡས།།
རང་གཞན་གྲུབ་མཐའ་རྒྱ་མཚོ་འཁྱིལ་ཀློང་ནས།། ཐུན་མིན་བོན་གྱི་ལྟ་གྲུབ་འདི་ཡིན་ཞེས།།
སྔགས་སེམས་རྒྱུད་སྡེ་ཀུན་གྱི་བཅུད་ཕྱུངས་ནས།། བུ་སློབ་ཀུན་ལ་གདམས་འདི་ལྷག་ཏུ་དྲན།།
ཧིན་རྡུའི་ཡུལ་དུ་བོན་གྱི་སྡེ་དགོན་བཙུགས།། བལ་པོའི་ཡུལ་དུ་བོན་གྱི་དབུ་འཕངས་བཏེགས།།
འཆད་རྩོད་རྩོམ་པའི་ང་རོས་རྒྱལ་ཁམས་བཀངས།། བོན་གྱི་བླ་མ་ཁྱེད་ནི་འཛམ་གླིང་རྒྱན།།
རང་དོན་ཐོས་བསམ་སྒོམ་པས་རང་རྒྱུད་ཕྱུག།། གཞན་དོན་འཆད་རྩོད་རྩོམ་པས་གཞན་རྒྱུད་བཀྲོལ།།
གཉིས་དོན་མཁས་བཙུན་བཟང་གསུམ་རབ་འཛོམས་པའི།། བླ་མའི་བླ་མ་ཁྱེད་ནི་ལྷག་ཏུ་དྲན།།
གསང་གསུམ་བྱིན་བརླབས་འོད་ཟེར་སྤྲོས་པ་ལས།། རིག་པ་སྨྲ་བའི་སློབ་མ་བརྒྱ་སྟོང་བསྐྲུན།།
གངས་ཀྱི་ཉིན་སྲིབ་ཀུན་ནས་བྱིན་བརླབས་འབར།། མཛད་འཕྲིན་གསེར་ལས་ལྗིད་འདི་དགའ་བ་ལ།།
བོན་བསྟན་མི་ནུབ་དར་རྒྱས་བརྟན་པའི་ཕྱིར།། རྒྱ་བལ་ཡུལ་དུ་བཤད་སྒྲུབ་འདུས་སྡེ་བཙུགས།།
རིག་གནས་འདོན་ཆོག་གྱེར་དབྱངས་ཐིག་རྡུལ་བཅས།། སྔར་སྲོལ་ཉམས་པ་མེད་པའི་རྒྱལ་མཚན་བཙུགས།།
འདས་པའི་དུས་ཀྱི་སྐྱིད་སྡུག་ཉམས་མྱོང་གླེང་།། མ་འོངས་དུས་སུ་འདི་དང་འདི་འབྱུང་ཞེས།།
ད་ལྟའི་དུས་འདིེར་འདི་དང་འདི་གྱིས་ཞེས།། དུས་གསུམ་ལམ་སྟོན་བླ་མ་བཀའ་དྲིན་ཆེ།།
བསླབ་གསུམ་བསྟན་འགྲོའི་དོན་ཆེན་མཛད་བཞིན་དུ།། བོན་གྱི་བསྟན་པའི་ཁུར་ཆེན་འདེགས་བཞིན་དུ།།
མདོ་སྔགས་རིག་གནས་བོན་འཁོར་བསྐོར་བཞིན་དུ།། དགུང་ལོ་བརྒྱ་རུ་བཞུགས་དེ་དགའ་བ་ལྰ།།
ཕྱི་རུ་སོ་ཐར་སྡོམ་པའི་སྡོམ་རྒྱུན་སྤེལ།། ནང་དུ་རིམ་གཉིས་སྔགས་ཀྱི་ལམ་སྲོལ་ཕྱེས།།
རྫོགས་ཆེན་རྒྱུད་སྡེ་བཞི་ཡི་འཆད་ཉན་བཙུགས།། བོན་གྱི་སྟོན་པ་ཆེན་པོ་ཁྱེད་ཉིད་དྲན།།
ཚངས་སྤྱོད་བསུང་ཞིམ་སྤོས་དྲི་ཐུ་ལུ་ལུ།། རིམ་གཉིས་བྱིན་བརླབསབདུད་རྩི་མེར་རེ་རེ།།
སྣང་སེམས་སྐུ་གསུམ་དགོངས་ཉམས་སལེ་བ།། ད་ལྟ་མཇལ་ཡུལ་བཞུགས་ན་དགའ་བ་ལ།།
བདག་སོགས་བུ་སློབ་འཁོར་དང་སེམས་ཅན་གྱིས།། དབང་ལུང་ཁྲིད་ཀྱི་རིམ་པ་ཉིད་ལ་ཞུ།།
འདི་ཕྱིའི་སྐྱིད་སྡུག་ལམ་སྟོན་ཁྱེད་ལ་ཞུ།། ད་ནི་སྐྱོ་བས་སེམས་ལ་འདི་ལྟར་ཤར།།
ཁྲི་གདུགས་ཉི་མས་ཤར་རིའི་ཕྲག་གོང་ནས།། བྱམས་བརྩེའི་དྲོད་མཛུམས་གླིང་འདིར་ངོམས་པའི་ཚེ།།
བླ་མ་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས།། འགྲོ་བའི་སྡུག་བསྔལ་མུན་པ་བསལ་བར་དྲན།།
ཡངས་པའི་མཁའ་ལས་བདུད་རྩིའི་ཆར་རྒྱུན་གྱིས།། དོག་མོ་ས་གཞི་རྩི་ཤིང་བརླན་པའི་ཚེ།།
ཕ་གཅིག་བླ་མའི་གསུང་གདམས་ཆར་རྒྱུན་གྱིས།། རང་གཞན་འགྲོ་བློ་གྱོང་པོ་བཏུལ་བར་དྲན།།
དཔྱིད་དུས་རྩི་ཤིང་མེ་ཏོག་བཞད་པ་དང་།། ཞིང་ཁའི་ལྗང་སྨྱུག་འབུས་པར་མཐོང་བའི་ཚེ།།
དཔལ་ལྡན་བླ་མ་ཞི་བའི་འཕྲིན་ལས་ཀྱིས།། འགྲོ་བློར་ཐར་པའི་སྨྱུ་གུ་འབུས་པར་དྲན།།
དབྱར་དུས་ཚ་ཚད་དྲག་པོས་རབ་གཙེས་ཤིང་།། ལུས་སེམས་ཡོངས་རྫོགས་དཀའ་ངལ་འཕྲད་དུས་སུ།།
དཔལ་ལྡན་བླ་མ་དྲག་པོའི་སྐུར་བཞེངས་ཏེ།། མ་རུང་ལོག་རྟོག་བདུད་སྡིག་བསྲེགས་པར་དྲན།།
སྟོན་དུས་ནམ་ཟླ་ཚ་གྲང་ཁོད་སྙོམས་ཤིང་།། རྩི་ཤིང་ལོ་ཏོག་འབྲས་བུ་སྨིན་དུས་སུ།།
དཔལ་ལྡན་བླ་མའི་འཕྲིན་ལས་རབ་རྒྱས་ཏེ།། འགྲོ་རྣམས་ཐར་པའི་འབྲས་བུ་ཐོབ་པར་དྲན།།
དགུན་དུས་གྲང་ལྷག་ངར་མས་སྣོད་བཅུད་ཀུན།། འཁྱགས་པས་བསྡམ་པའི་གནས་ཚུལ་མཐོང་བའི་ཚེ།།
དཔལ་ལྡན་བླ་མའི་དབང་དམ་འཕྲིན་ལས་ཀྱིས།། ཐམས་ཅད་དབང་བསྒྱུར་ཐུགས་རྗེས་འཁྱུད་པར་དྲན།།
མཁའ་རླུང་དྭངས་གཙང་ལུས་ལ་ཕོག་པའི་ཚེ།། སྡུག་བསྔལ་གནས་ནས་བླ་མས་དབུགས་དབྱུང་དྲན།།
ཡིད་འོང་སྐྱེད་ཚལ་གླིང་དུ་འབྱོར་བའི་ཚེ།། བླ་མའི་ཐུགས་རྗེས་བདེ་གནས་བཀོད་པར་དྲན།།
སྐྱིད་ན་བླ་མའི་ཐུགས་རྗེ་བྱིན་རླབས་དང་།། སྡུག་ན་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱིས།།
ལས་སྒྲིབ་སྦྱང་པའི་ཐབས་ལམ་ཆོ་འཕྲུལ་དུ།། ཡིན་པ་ཀུན་ཏུ་དྲན་པར་བྱིན་གྱིས་རློབས།།
གཞུང་ལུགས་ཀུན་ལ་འཇུག་པའི་བློ་སྒོ་ཡངས།། བསླབ་གསུམ་དབང་ལུང་ཁྲིད་ཀྱི་བྱིན་བརླབས་འབར།།
གསང་སེམས་གདམས་དོན་རྒྱུད་ལ་གང་ཡོད་པ།། དེ་དག་དྲིན་ཅན་བླ་མ་མངོན་སུམ་མཐོང་།།
སྐུ་གསུང་ཐུགས་ཀྱི་བསྟན་པ་རྗེས་བཞག་དང་།། ལྷག་པར་གསུང་འབུམ་པོད་ཆེན་ཉེར་ལྔ་ལས།།
བསྟན་དང་འགྲོ་བ་ཀུན་ལ་ཐུགས་བརྩེ་དང་།། ཤེས་རབ་ཟབ་མོ་དངོས་སུ་མཇལ་རྒྱུ་ཡོད།།
ཁྱེད་ཉིད་བཞུགས་པའི་ཤུལ་དང་མཛད་པའི་རྗེས།། སྐུ་གསུང་ཐུགས་དང་གསུང་ངག་ཞལ་གདམས་རྣམས།།
མིག་གིས་མཇལ་དང་རྣ་བས་ཐོས་པའི་ཚེ།། ཁྱེད་ཉིད་བདག་གི་མཇལ་ཡུལ་བཞུགས་པ་མཐོང་།།
ཁྱེད་ཉིད་ཞིང་གཞན་ཕེབས་ཀའི་སྔོན་ཙམ་ནས།། ལས་དོན་མ་འགྲུབ་སྣེ་གཅིག་མེད་དོ་གསུངས།།
ལས་འཛིན་མཁན་སློབ་ཚང་མ་བསྐོས་ཡོད་གསུངས།། རྒད་པོ་ནམ་སོང་བློ་བདེ་ཡིན་ནོ་གསུངས།།
ཁྱེད་ཉིད་འཇིག་རྟེན་ཞིང་འདིར་བཞུགས་པའི་ཚེ།། བོན་གྱི་བསྟན་འགྲོ་སྐྱོབ་པའི་མགོན་པོ་མཛད།།
ཁྱེད་ཉིད་དག་པའི་ཞིང་དུ་བཞུགས་པའི་ཚེ།། ཐུན་མོངས་འགྲོ་བའི་སྣང་ངོར་ངོ་མཚར་བསྟན།།
སྣང་སེམས་རང་དབང་ཐོབ་པའི་རྟགས་མཚན་དུ།། གནམ་གྱི་ཆར་ཆུ་འབབ་རྒྱུ་ཐག་ཆོད་ཀྱང་།།
སྐུ་གདུང་ཞུགས་ལ་བཞེས་མ་ཐག་ཏུ་ནི།། དྭངས་གསལ་ནམ་མཁར་སྤྲིན་འཇའ་ཟེར་ཐིག་འབར།།
ཞིང་གཞན་གཤེགས་ནས་ད་ལྟའི་དུས་འདིའི་བར།། དཔལ་ལྡན་བླ་མ་བཞུགས་པའི་བྱིན་བརླབས་དང་།།
གཟི་བརྗིད་དགོན་གྱི་ཕྱི་ནང་ཡུལ་གྲུ་དང་།། རང་གི་སེམས་ལས་ད་དུང་ལམ་ལམ་གསལ།།
མ་རུང་བསམ་སྦྱོར་ངན་པ་གང་རྒྱུ་བ།། དཔལ་ལྡན་བླ་མ་རྗེ་ལ་མཐོལ་ལོ་བཤགས།།
ཁྱེད་ཀྱི་གསང་གསུམ་བོན་གྱི་བྱིན་བརླབས་ཀྱིས།། བདག་སོགས་སྒོ་གསུམ་དགེ་ལ་འགྱུར་བར་མཛོད།།
ཕྱི་རུ་སྣང་བ་ཡུལ་གྱི་སྣོད་བཅུད་དང་།། ནང་དུ་རང་གི་ཕུང་ཁམས་སྐྱེ་མཆེད་དང་།།
གསང་བ་རྟོག་ཚོགས་བཟང་ངན་མ་ལུས་པ།། ཐམས་ཅད་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ།།
བདག་སོགས་བུ་སློབ་འཁོར་འབངས་ཐམས་ཅད་ཀྱིས།། གཡུང་དྲུང་བསྟན་དང་འགྲོ་ལ་གང་ཕན་གྱི།།
བྱ་བ་སོ་སོས་ཅོག་ཚོད་གང་ཡིན་པ།། ངེས་པར་བསྒྲུབ་པ་བླ་མའི་ཞབས་ཕྱི་ཡིན།།
ཁྱེད་ལ་དད་མོས་གུས་པས་གསོལ་འདེབས་ན།། ཞིང་ཁམས་གང་ན་བཞུགས་ཀྱང་ཐུགས་རྗེས་གཟིགས།།
གཟུང་འཛིན་འཁྲུལ་རྟོག་ཞིག་པར་བྱིན་གྱིས་རློབས།། སྐུ་གསུམ་རང་ལས་རྙེད་པར་བྱིན་གྱིས་རློབས།།
ཞེས་གདུང་བའི་གསོལ་འདེབས་དང་ལྷན། ཉིད་ཀྱི་སློབ་འབངས་ཉོན་མོངས་གདོན་གྱིས་རློམས་པའི་ཐ་མལ་བ་རིག་པའི་ཁུ་བྱུག་གིས་བྲིས།།
