ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཉམས་མགུར་ཚོར་བའི་གླུ་དབྱངས།

   14 TRISHO GYALWARA མི་རེ་རེའི་ཁ་ནས་ཁ་རེ་གྲགས།། ཁ་རེ་རེ་སྨྱོན་པ་མ་ཡིན་ན།། སེམས་ཚོར་སྣང་འདྲེས་པའི་སྐྱོ་གདུང་ངག །ལག་གླིང་བུ་བཞིན་དུ་ལྷང་ལྷང་གྲགས།། རྒྱ་ཡི་གཙུག་ལག་༼སྙན་ངག་ཆེན་མོའི་གླེང་གཞི་༽ལས། “ཡིད་འགྱུར་རྣམ་པ་འགྱུ་ཚེ་ངག་ཏུ་བརྗོད།། བརྗོད་པ་ཙམ་གྱིས་མ་ཚིམས་དབྱངས་སུ་འགུག །དབྱངས་སུ་བཀུགས་པས་མི་ཚིམས་གླུ་རུ་ལེན།། ད་དུང་དེས་ཀྱང་ཚིམས་པ་མེད་པས་ན།། ལག་པར་སྟང་སྟབས་རྐང་པས་ཞབས་བྲོ་བརྡུང་།།” ཟེར་བ་ལྟར་དགའ་སྐྱོ་ཁྲོ་ཆགས་ཀྱིས་མནར་བའི་འཇིག་རྟེན་སྐྱེ་བོ་ཕོ་མོ་སུ་ཡིན་ན་དགའ་ན་དགའ་བའི་གླུ་དང་གར། སྙིང་ནང་གི་སྙིང་གཏམ། གདོང་མཛེས་པའི་མཛུམ་མདངས་སོགས་ཀྱིས་ཁེངས་ནས་ཀུན་ཀའི་ཡིད་དུ་འོང་ཞིང་སྤྲོ་བ་འཕེལ་བར་བྱེད་། སྡུག་ན་ལག་པས་བྲང་རྡུང་། རྐང་པས་ས་བརྡུང་ནས་སྡུག་གཏམ་ཆར་པ་འབབ་འབབ། ཁྲོ་གཏམ་སེར་རྒོད་རྒྱག་རྒྱག་བཅས་ཀྱིས་སེམས་ཚོར་གསོན་པོ་ཕྱི་ལ་སྟོན་གྱི་ཡོད་པ་རེད། དེ་བཞིན་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་བ་གཅིག་པུ་དབེན་སར་གནས་ཤིང་། རི་ཡི་བུ་བྱེད། ཏིང་འཛིན་གྱི་འཚོ་བ་རོལ། ཉམས་རྟོགས་ཀྱི་མེ་ཆེན་འབར་ཏེ་རང་རྒྱུད་ཐ་མལ་གྱི་སྣང་ཞེན་ཕྲ་རགས་ཀུན་བཅོམ་ལ་བརྩོན་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་ཉམས་རྟོགས་འཕེལ་ཚེ་སྐབས་རེ་ངུ་བ་དང་། སྐབས་རེ་དགོད་པ། སྐབས་རེ་སྣང་བ་གདམ་ངག་དང་དཔེ་རུ་ཤར་ཏེ་མགུར་གླུ་ལེན་མཁན་གྱི་རྣལ་འབྱོར་ཕོ་མོ་གྲངས་མེད་ཀྱིས་གར་འཁྲབ་པ་གླུ་ལེན་པ་སོགས་བོན་ཆོས་གཉིས་ཀའི་ཕྱོགས་ལ་ཡོད་པ་སྨོས་ཅི་ལ་དགོས། ཡིན་ན་ཡང་ལྷག་པར་དུ་དེང་དུས་ས་གྲགས་གནམ་གྲགས་ཀྱི་ཚུལ་དུ་བན་བོན་གཉིས་ཀའི་ཁྲོད་དུ་གླེང་བཞིན་པ་ནི། མི་ལ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ་ནི་ཕལ་ཆེར་ཡོངས་གྲགས་ཆགས་བསྡད་པ་འདྲ་ཞིག་རེད། དེ་དག་ནི་རྒྱབ་གཉེར་དཔུང་མང་ཉུང་དང་། སྔར་དུས་དབང་བསྒྱུར་གྲལ་རིམ་གྱི་གོ་སྐབས་ལ་བསྟན་ནས་ཡོངས་ཁྱབ་ཏུ་སོང་བ་ཡིན་པར་སྙམས། ཁ་ཅིག་གིས་བོན་ཕྱོགས་ལ་དེ་ལྟའི་ཉམས་མགུར་དང་མགུར་གླུ་ཕལ་ཆེར་ཡོད་ས་མ་རེད། ཡོད་པའི་རྒྱུ་མཚན་ཀྱང་མེད་བསམ་མཁན་ལོག་རྟོག་ཅན་མང་པོ་ཡོད་ངེས་པས་དེ་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་རགས་བསྡུས་ཙམ་གྱི་མིང་སྨོས་ན། སྤྱི་ལོའི་སྔོན་གྱི་དུས་རབས་༢༠༨༩ཡས་མས་སུ་འཁྲུངས་པའི་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ལྷ་གཤེན་ཡོངས་སུ་དག་པ་ལ་ལྟང་འབུལ་དུ་བླང་པའི་གཤེན་གླུ་ལྟ་བའི་གླུ་དབྱངས། དུས་རབས་བརྒྱད་པའི་སྐབས་སུ་ལི་ཤུ་སྟག་རིང་གི་ཞལ་གདམ་དང་མགུར་མ། མཁའ་འགྲོ་ཅོ་ཟ་བོན་མོ་ཡིས་བླངས་པའི་རྫོགས་ཆེན་གྱི་མགུར་གླུ།༼རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་པོད་སོག་སྡེ་ཅན༢༥༦་ལས་གསལ༽ འདམ་སྟོན་ཚུལ་ཁྲིམས་འོད་ཟེར་གྱིས་གསུང་པའི་མགུར་གླུ། བོན་དྲང་བསྟན་པ་འོད་ཟེར་གྱིས་རྟ་སྒོའི་རྫུ་འཕྲུལ་ཕུག་ནས་བླང་པའི་མགུར་གླུ། ཞུ་བཀྲ་ཤིས་བྱམས་མའི་མགུར་མ། སྤྲུལ་སྐུ་བློ་ལྡན་སྙིང་པོ་ཡི་ཉམས་གླུ། དུས་ཕྱིས་སུ་ག་ཤེལ་ཁྲི་ཆེན་གྱི་ཞལ་གདམ་དང་མགུར་གླུ། ག་རྒྱ་ཁྱུང་སྤྲུལ་རིན་པོའི་ཆེའི་ཉམས་མགུར་དང་ཞལ་གདམས། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་མགུར་གླུ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་ཉམས་མགུར་དང་ཞལ་གདམས་པོད་གཅིག། དབྲ་སྲས་ཟླ་བ་གྲགས་པའི་ཞལ་གདམ་དང་ཉམས་མགུར་། སྒང་རུ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་གདམ་དང་མགུར་མ། རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་མགུར་གླུ་དང་ཞལ་གདམ། འདི་དག་ནི་ཁོ་བོའི་ཡིད་ངོར་ཤར་ཚོད་ཙམ་འདི་ཚོ་ནི་ད་རེས་གོ་བརྡ་མ་འཕྲོད་མཁན་ལ་ངོ་སྤྲོད་དང་ལོག་རྟོག་ཐེ་ཚོམ་སེལ་ཆེད་དུ་སྨོས་པ་ཡིན།

ད་རེས་འདི་ན་ལ་དཔེ་ཆ་ལག་ཡོད་འདམ་སྟོན་ཚུལ་ཁྲིམས་འོད་ཟེར་གྱི་མགུར་གླུའི་ཁྲོད་ནས་མཚན་གཞི་ཙམ་གཉིས་དང་། བོན་དྲང་བསྟན་པ་འོད་ཟེར་གྱིས་གསུངས་པའི་མགུར་གླུ་གཉིས་འགོད་རྒྱུ་ཡིན།

༡༽ འདམ་སྟོན་ཚུལ་ཁྲིམས་འོད་ཟེར་གྱི་མགུར་གླུ།

༄༅། །སྐྱབས་འདྲེན་པའི་གཙོ་བོ་ལྷ་གཅིག་ལ།། དོན་སྟོང་ཉིད་ནམ་མཁའི་རྣལ་འབྱོར་བ།། ལམ་བདག་མེད་སྟོན་པའི་སྐུ་དྲིན་ཅན།། གདུང་སངས་རྒྱས་ཀྱི་བརྒྱུད་པ་བྲུ་ཤ་རྗེ།། མཚན་ཡོངས་སུ་གྲགས་པའི་དྲིན་ཅན་གསུམ།། གནས་སྤྱི་བོ་བདེ་ཆེན་དཀྱིལ་འཁོར་དུ།། དུས་འདུ་འབྲལ་མེད་པར་བཞུགས་སུ་གསོལ།། སེམས་དམར་ཐག་ཆོད་པར་བྱིན་གྱིས་རློབས།། ཉམས་རྟོགས་པ་མཐོ་བའི་གྲོགས་པོ་རྣམས།། ང་ཐ་སྙད་ཀྱི་སྡེབ་སྦྱོར་མི་མཁས་ཤིང་།། དོན་ཐེག་ཆེན་གྱི་རྟོགས་པ་ང་མི་མཐོ།། དབྱངས་པི་ཝང་གི་འགྱུར་སྐད་མི་མཁས་ཏེ།། ཁམས་གཏིང་ནས་དང་བའི་གླུ་ཞིག་ལེན།། སྙན་ལེགས་པོར་གསོན་ལ་ཐུགས་མ་ཁྲེལ།། ཕོ་མདོ་མེད་སྤྲང་པོ་འདམ་སྟོན་ང།། བློ་ཐག་ཆོད་ཀྱི་རྣལ་འབྱོར་ཞིག་བྱ་བསམ་ནས།། ཡུལ་རྒྱ་ཤོད་རྐོང་པོའི་མཐིལ་དུ་ཕྱིན།། རི་བོན་རི་ཆེན་པོའི་ཤར་ཕྱོགས་སུ།། མི་ཁོ་བོ་བསམ་གཏན་སྒོམ་དུ་ཕྱིན།། དུས་ཟླ་བ་བདུན་དུ་ཏིང་འཛིན་བསྒོམ།། རེས་འགའ་ལ་ཞི་གནས་ཞོ་ལྟར་ཆགས།། རེས་འགའ་ལ་རྣམ་རྟོག་ཆུ་ལྟར་འབྲུག། ལར་སེམས་ཀྱི་ཡིན་ལུགས་མ་ཤེས་པས།། ལུས་སེམས་དང་གཉིས་ཀ་བརྩོན་དང་འདྲ།། སྒོམ་དེ་ལ་ཡིད་ནག་གཏིང་ནས་ཆད།། སྐྱབས་གཞན་གྱི་རེ་ས་ངས་མ་རྙེད།། རྗེ་འགྲན་ཟླ་བྲལ་བའི་བླ་མ་གསུམ།། གནས་སྤྱི་བོའི་གཙུག་ཏུ་བརྩེགས་མར་བསྒོམ།། ལུས་བ་སྤུ་གཡོ་ཞིང་ཕྱག་རྒྱ་བཅས།། སེམས་གཏིང་ནས་གདུང་བའི་མོས་གུས་བསྐྱེད།། དབུགས་བྱང་ཁོག་བཀངས་ནས་སྨྲེ་ངག་བཏོན།། གདོང་མཆི་མས་བཀངས་ནས་བླ་མ་བོས།། དུས་ཐུན་དུ་བཅད་ནས་གསོལ་བ་བཏབ།། ཁམས་ཆུ་མོ་གླང་ལོ་རྒྱལ་ཉ་ཡི།། ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་དུས།། གཏད་མེད་དུ་རིག་པ་ཡེངས་ནས་ཐལ།། དྲན་པས་ཟིན་ནས་བལྟས་པའི་ཚེ།། འབྱུང་བཞི་ཟད་པའི་ནམ་མཁའ་བཞིན།། གཞི་རྩ་མེད་པར་ཧར་གྱིས་སོང་།། དེ་ཀུན་གཞིའི་ངོ་བོ་ཡིན་པར་འདུག། རང་འབྱུང་ཡེ་ཤེས་སུ་ཐག་བཅད་བཞག། སྤྲིན་མེད་ནམ་མཁའ་ལ་ཉི་ཤར་བཞིན།། སྟོང་གསལ་དབྱེར་མེད་ཕྲུག་གིས་འདྲེས།། དེ་མ་བུ་དབྱེར་མེད་ཡིན་པར་འདུག །བོན་སྐུའི་ངོ་བོར་ཐག་བཅད་བཞག། ཆུ་རྐ་བསྒྱུར་བའི་རང་འཐག་བཞིན།། རྣམ་རྟོག་གི་འགྲིམས་འགྲུལ་རྦད་ཀྱིས་བཅད་༼ཆད༽།། དེ་བློས་བྱས་ཀྱི་དྲི་མ་ཟད་པར་འདུག །དྭངས་སྙིགས་ཕྱེད་པར་ཐག་བཅད་བཞག། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན། ཤར་མ་ཐག་ཏུ་རང་ངོ་ཤེས།། དེ་སྔོན་སྦྱང་གི་ལས་འཕྲོ་ཡིན་པར་འདུག། བསྒོམ་རྒྱུ་མེད་པར་ཐག་བཅད་བཞག། དེ་ཉིན་ཉི་མ་ཚུན་ཆད་དང་།། དེ་རིང་ཉི་མ་ཕན་ཆད་དུ།། སེམས་ཅི་བདེར་ཀློད་པ་མ་གཏོགས་པ།། སྒོམ་ཐུན་མཚམས་སུ་འཛིན་རྒྱུ་ང་ལ་མེད།། བློ་མི་བདེ་བའི་མདུད་པ་རང་སར་གྲོལ།། དོན་བདེ་ཆེན་ལམ་སྣ་ཟིན་པ་འདྲ།། གླུ་མཆོད་པ་འབུལ་ལོ་བླ་མ་རྗེ།། ཚིག་ཡལ་བར་མ་གཏང་དམ་ཅན་རྣམས།། དུས་ཀུན་ཏུ་བདེ་བའི་སྨོན་ལམ་ཞུ།།” ཞེས་འདིའི་ཡན་ཁོང་རང་ཉིད་ཀྱི་སྡུག་དཀའ་ལས་སམ་དགེ་སྦྱོར་ལ་བརྩོན་འགྲུས་བྱས་པའི་འབྲས་བུ་གནས་ལུགས་རང་ཞལ་མཇལ་ནས་སྤྲོས་པ་ཆོད་སྐབས་ཀྱི་དགའ་སྤྲོའི་ཉམས་གླུ་ཡིན་པར་གསལ་བ་དང་། གཤམ་འདི་ནི་གཞན་རི་ཁྲོད་འགྲིམས་འདོད་ཅན་གྱི་སྐལ་ལྡན་གྱི་སྐྱེས་བུ་སུ་ཡོད་ན་དེ་ལ་གདམ་ངག་གི་མགུར་དུ་བཞེངས་པ་རེད་འདུག །

    ལྟོས་དང་།  “ལམ་བྱང་ཆུབ་སྟོན་པའི་བླ་མ་དང་།། རྐྱེན་བར་ཆད་སེལ་བའི་ཡི་དམ་ལྷ།། མཆོག་དངོས་གྲུབ་སྟེར་བའི་མཁའ་འགྲོའི་ཚོགས།། སྐྱབས་དམ་པ་གསུམ་ལ་གསོལ་བ་འདེབས།། ཁྱེད་དལ་འབྱོར་ཐོབ་པའི་སྐལ་ལྡན་རྣམས།། ལས་ཟིན་མེད་རྒྱབ་ཏུ་བསྐྱུར་ནུས་ཤིང་།། ལམ་བྱང་ཆུབ་ཞེ་ནས་བསྒྲུབ་འདོད་ན།། དུས་གཏན་གྱི་འདུན་མ་འདི་ལྟར་ཡིན།། བསླབ་གསུམ་ལྡན་པའི་སྐྱེས་བུ་དེ།། ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན།། འབྲལ་མེད་སྤྱི་བོར་བསྒོམ་ན་ལེགས།། དགེ་སྦྱོར་གྱི་རྩ་བ་རི་ཁྲོད་ཡིན།། གཡའ་རི་གངས་བྲག་གི་དགོན་པ་དེར།། གཡའ་སྤང་མཚམས་ཀྱི་གོང་མོ་བཞིན།། རྒྱུན་དུ་རི་ལ་བསྡད་ན་ལེགས།། ཆགས་སྡང་གི་རྩ་བ་དགྲ་གཉེན་ཡིན།། ལན་ཆགས་བདའ་འདེད་ཀྱི་འཁོར་ངན་འདི།། དུག་ཆེན་ལང་བའི་ཁྱི་སྨྱོན་བཞིན།། མཐོང་ནས་ཐར་ཚད་བྲོས་ན་ལེགས།། སྡུག་བསྔལ་གྱི་རྩ་བ་གསོག་འཇོག་ཡིན།། དགོས་མེད་འདུ་འཛི་ཡི་ཟང་ཟིང་འདི།། དུག་དང་འདྲེས་པའི་ཁ་ཟས་བཞིན།། ལག་ལེན་གཏན་ནས་སྤང་ན་ལེགས།། གཡེང་བའི་རྩ་བ་རྣམ་རྟོག་ཡིན།། སྔ་བསམ་ཕྱི་མནོའི་བྱ་བློ་འདི།། ངན་སྐྱུག་བླུག་པའི་ཁྲོན་པ་བཞིན།། སྒོ་ལ་ཐ་རམ་རྒྱག་ན་ལེགས།། ཉམས་ལེན་གྱི་རྩ་བ་དྲན་པ་ཡིན།། གཉུག་མ་འོད་གསལ་གྱི་རང་མདངས་འདི།། སྒེག་མོའི་ལག་གི་མེ་ལོང་བཞིན།། ཡང་ཡང་གླེང་ཞིང་ལྟ་ན་ལེགས།། བར་ཆད་ཀྱི་རྩ་བ་རེ་དྭོགས་ཡིན།། ཉམས་ང་མེད་པའི་རྟུལ་ཤུགས་འདི།། དཔའ་བོའི་ལག་གི་རལ་གྲི་བཞིན།། བྱུང་ཚོར་གྱི་རྩ་བ་བཅད་ན་ལེགས།། སངས་རྒྱས་ཀྱི་རྩ་བ་རང་སེམས་ཡིན།། དྲི་མེད་འོད་གསལ་གཅེར་བུ་འདི།། དེད་དཔོན་ལག་གི་ནོར་བུ་བཞིན།། ཉ་ར་གཅེས་སྤྲས་བྱེད་ན་ལེགས།། ལེགས་པ་བརྒྱད་ཀྱི་མགུར་མ་འདི།། འདམ་སྟོན་གྱི་སེམས་ལ་ཤར་ནས་བླངས།། སྐལ་ལྡན་རྣམས་ཀྱིས་གསལ་འདེབས་མཛོད།། ཕྱོགས་དུས་བདེ་བའི་སྨོན་ལམ་ཞུ།།”

  འདི་དང་འདི་བཞིན་ཉམས་ལེན་བསྐྱངས་སྟངས། སྐྱིད་སྡུག་གང་བྱུང་ཉམས་ལེན་གྱི་གྲོགས་སུ་འཁྱེར་སྟངས།དགེ་སྒྲུབ་སྡིག་སྤོང་བྱེད་ཚུལ་ལྟ་བུའི་ཉམས་མགུར་གནད་ལ་ཕིགས་པ། སེམས་ལ་ཕན་པ་མང་དུ་འདུག་པ་དག་ལས་ཕྱོགས་བསྡུས་བྱེད་པར་འདོད་ཀྱང་དྲྭ་བར་ས་མིག་ཆུང་བ་དང་ཀློག་མཁན་ཉོབ་དྭོགས་དང་། ལྷག་པར་དུ་ཉམས་ཅན་གྱི་མགུར་མ་བྱིན་ཅན་འདི་གང་བྱུང་དུམ་བུ་གཏོང་མ་ཕོད་པར་བཞག་པ་ཡིན་པས་ཡིད་འཇགས་ཞུ།།འཕྲོས་རྗེས་མར་གསལ།།

མཐུན་སྦྱོར་དང་ཚོར་སྣང་རྩལ་འདོན་གནང་མཁན་རིག་པའི་ཁུ་བྱུག

(སྤྱིའི་གཟིགས་གྲངས། 224 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ༄༅། །བོད…
error: རྩོམ་འདི་བདག་དབང་ཅན་ཡིན།